རུ་ཐོག་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ་བཅས་ཀྱི་སྐོར།

རུ་ཐོག་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ་བཅས་ཀྱི་སྐོར།

ལེ་ཚན་དྲུག་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
ཨོ་རྒྱན་ལྷ་ཁང་།     རྙིང་མ།
མཚེར་ལུང་ལྷ་ཁང་། དུས་རབས་ ༡༦། འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་རོང་པ། བཀའ་བརྒྱུད།
ལྷུན་གྲུབ་ཆོས་སྡེ་གླིང་དགོན། དུས་རབས་ ༡༧།   དགེ་ལུགས།
དབོན་བྱང་དགོན།     དགེ་ལུགས།
ཨོ་བྱང་ལྷ་ཁང་།     དགེ་ལུགས།
གཙག་བུ་མ་ཎི་ལྷ་ཁང་།     རིས་མེད།
དབང་ལུང་དགོན། ཕྱི་ལོ་ ༡༨༠༠། བླ་མ་ཆོས་འབྱོར།  
སངས་རྒྱས་སྟོང་སྐུའི་ལྷ་ཁང་།   ཇོ་མོ་ཞིག་གིས་སྒྲུབ་རྟགས་ལས་བྱུང་སྐད།  
གཙུག་བུའི་མ་ཎི་ལྷ་ཁང།   མེས་ཚེ་དབང་རྒྱལ་མཚན།  

 

གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། རུ་ཐོག -༡༤༨༦ ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་མཛད་པོ།
རུ་ཐོག་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ། རུ་ཐོག དུས་རབས་ ༡༧། ༸གོང་ས་ལྔ་པའི་སྐབས་རུ་ཐོག་གི་རྒྱལ་པོ་ཡིན།
སྐུ་ཞབས་སྐལ་བཟང་འཕེལ་རྒྱས། རུ་ཐོག དུས་རབས་ ༡༩། སྤྱིར་བོད་ཀྱི་རིག་གནས་ཡང་སྒོས་རུ་ཐོག་གི་དམངས་སྲོལ་ལ་མཁས་པ་ཞིག

 

གསུམ་པ། གནའ་ཤུལ།

མཁར། བང་སོ། དུར། གནས། ས་གནས། མཆན།
དུར། གཙག་བུའི་མོན་ཁང་དང་། མོན་ཞིང་། མོན་དུར། མོན་ཐོ། མཁར། གཙག་བུ། ཤོད་སྲོལ་ལ་གནའ་དུས་ཁུལ་དེར་མོན་འཚོ་སྡོད་བྱས་མྱོང་ཡང་གྲུམ་ནད་དང་། གླིང་སེང་ཆེན་རྒྱལ་པོའི་དམག་གིས་བཅོམ་ནས་གཏོར་བརླག་སོང་བར་གྲགས།
དུར། བྲག་ལུང་ནུབ་མོན་དུར། རྩ་ཕུག་གྲོང་། རྡོ་གྱང་ཆག་པོ་བཟོ་དབྱིབས་སྣ་ཚོགས་ལྡན་པ་དེ་དག་ས་གནས་སུ་མོན་གྱི་བང་སོར་ངོས་འཛིན་གྱི་འདུག
མཁར། ཤན་པའི་མཁར་གོག རུ་ཐོག་རྫོང་། གླིང་གི་དཔའ་བརྟུལ་ཆེན་པོ་ཤན་པ་རྨེ་རུ་རྩེའི་མཁར་གོག་ཡིན།
མཁར། རུ་ཐོག་ཁྱུང་རྫོང་དཀར་མོ། རུ་ཐོག་གཙོད། མཁར་རྫོང་དེ་གླང་ཆེན་རི་བོའི་དབྱིངས་མཛོ་མོའི་རྭ་ཅོ་ས་ལ་བཙུགས་ཤིང་ཀ་ལི་གནམ་བསྟན་འདྲ་བའི་ཐོག་ལ་གནས་ཡོད་པས་དེ་ལྟར་འབོད།
མཁར། རུ་ཐོག་རྫོང་། རུ་ཐོག་རྫོང་། མཁར་དེ་བཤན་པའི་མཁར་གྱི་ནུབ་ཕྱོགས་སུ་ཡོད་པ་དང་། རུ་ཐོག་རྫོང་དཔོན་གྱི་དགུན་དུས་སྡོད་གནས་ཡིན།
མཁར། རྫོང་སྟེང་འོག རུ་ཐོག་རྫོང། རྫོང་སྟེང་ནི་རུ་ཐོག་རྫོང་དང་འོག་ནི་གླང་ཆེན་རི་བོའི་ཤར་ཕྱོགས་ཐང་སྡེར་གྱི་སྤྲོ་ཁང་དེར་བརྗོད། དེ་གཉིས་ཀ་རུ་ཐོག་རྫོང་དཔོན་གྱི་དབྱར་དགུན་སྡོད་གནས་ཡིན།
མཁར། རུ་ཐོག་གནམ་རྫོང་མཁར།   ཞང་ཞུང་རྒྱལ་པོ་ཨེ་ན་འོད་ཀྱི་བྱ་རུ་ཅན་གྱི་ཕོ་བྲང་།
མཁར། སྐབས་རང་གྱང་གོག17 ར་སྤང་གྲོང་། སྐབས་རང་གི་གྱང་གོག་དེ་རྣམས་ལ་མོན་རྡོ་སྤྱད་པས་གནའ་དུས་སུ་མོན་པས་བསྐྲུན་པར་ཤོད་སྲོལ་འདུག གནའ་དུས་མོན་རིགས་ཀྱི་ཞིང་ལས་འདེབས་འཛུགས་སོགས་བྱས་ཏེ་འཚོ་སྡོད་བྱས་པར་གྲགས་ཀྱང་ད་ལྟ་ཞིང་ལས་འདེབས་འཛུགས་ཉུང་ངུ་ལས་མེད།
མཁར། འཚེར་ལུང་མཁར་ནག ཁུལ་པ་གྲོང་། མཁར་གོག་དེའི་གྱང་རྡོ་ནག་གིས་བསྐྲུན་ཞིང་། དེ་ནི་མོན་དང་འབྲེལ་བ་ཡོད་པའི་གནའ་མཁར་ཆེ་བ་གསུམ་གྱི་ཡ་གྱལ་ཡིན་འདུག
མཁར། རྩེ་མ། ཁུལ་གྲོང་། གནའ་ཤུལ་དེ་ནི་གནའ་མོའི་མོན་རིགས་ཀྱིས་བཏབ་པའི་གནས་ཡུལ་ཞིག་ཡིན་པར་ཤོད་སྲོལ་མཆིས། མཁར་ཤུལ་ཡོངས་སྟོད་སྨད་གཉིས་སུ་དབྱེ་ཆོག
མཁར། མེ་ལོང་མོན་མཁར། རྩེ་ཕུང་གྲོང་། གནའ་ཤུལ་དེ་ནི་ནང་ཆོས་མ་དར་སྔོན་གྱི་ཞང་ཞུང་མོན་གྱི་དམག་གི་བཙན་རྫོང་ཞིག་ཡིན་པར་གྲགས། གནས་དེའི་བཟོ་དབྱིབས་ནི་མེ་ལོང་བཞིན་སྒོར་དབྱིབས་སུ་ཡོད།
མཁར། སྡེངས་ལེབ་སྔོན་པོ། རྩེ་ཕུག་གྲོང་། གནའ་ཤུལ་དེ་ནི་ནང་ཆོས་དང་མོན་རིགས་གཉིས་ཀའི་ཤན་ཤུགས་ཅན་གྱི་མཁར་གྲོང་ཞིག་ཏུ་གྲགས།
མཁར། ཆུ་མཁར་གྱམ་ཕུག རྡོ་དམར་གྲོང་། རྡོ་དམར་ཁུལ་གྱི་རྩིག་སྐྱོར་གྱིས་བསྐོར་བའི་བྲག་ཕུག་དེ་རིགས་ནི་མོན་རིགས་འཚོ་གནས་བྱ་ཡུལ་ཡིན་པ་རྒན་རབས་པ་རྣམས་ཀྱི་ཞལ་ན་མཆིས།
མཁར། ཁྲོག་ར། ལྕགས་སྒང་གྲོང་། གནའ་ཤུལ་དེ་ནི་ཆུ་ལུང་གི་སྟོད་རྡོ་པ་ནགས་རིའི་རྒྱུག་ཆུའི་འགྲམ་དུ་ཆགས་ཡོད་ལ། རྒན་རབས་པའི་ཤོད་སྲོལ་ལ་དེ་ནི་བསྐལ་མོན་ཞེས་པའི་རིགས་ཀྱི་གནས་ཡུལ་ཡིན་པར་གྲགས།
རྡོ་བརྐོས། གྲིའུ་ཆུང་ཐང་། ལྕངས་སྒང་གྲོང་། ཁུལ་དེར་ཉི་ཟླ་དང་གཡུང་དྲུང་གི་བཟོ་དབྱིབས་བརྐོས་པའི་བྲག་གོང་འགའ་ཤས་ཡོད།
རྡོ་བརྐོས། ཆུ་ལུང་། ལྕངས་སྒང་གྲོང་། ཁུལ་དེར་མིས་རི་དྭགས་རྔོན་པ་སོགས་ཀྱི་བྲག་བརྐོས་ཁ་ཤས་ཡོད།
རྡོ་བརྐོས། བྲག་ལུང་ནུབ་མ། རྩྭ་ཕུག་གྲོང་། བྲག་བརྐོས་བཞི་ཙམ་ཡོད་པར་རྨིག་པ་ཅན་གྱི་སེམས་ཅན་གཟུགས་དབྱིབས་གསལ།
རྡོ་བརྐོས། ཆུ་མཁར་གྱམ་སྒྲུབ་ཕུག རྡོ་དམར་གྲོང་། ཁུལ་དེར་ས་ཚོན་དམར་པོས་བྲིས་པའི་བྲག་གི་རི་མོ་གཡུ་དྲུང་དང་ཤིང་། ཉི་ཟླ། མཆོད་རྟེན་བྲིས་པ་སོགས་མཆིས།
རྡོ་བརྐོས། གྲིའུ་ཆུ་ཐང་། ལྕགས་སྒང་གྲོང་། ཁུལ་དེར་ཉི་ཟླ་དང་གཡུ་དྲུང་གི་བཟོ་དབྱིབས་བརྐོས་པའི་བྲག་གོང་འགའ་ཤས་མཆིས།
རྡོ་བརྐོས། ཆུ་ལུང་། ལྕངས་སྒང་གྲོང་། ཁུལ་དེར་གནའ་མིས་རི་དྭགས་རྔོན་པ་སོགས་ཀྱི་བྲག་བརྐོས་ཁ་ཤས་མཆིས།
རྡོ་བརྐོས། སྤུངས་རི། ར་སྤང་གྲོང་། དེ་ཁུལ་གྱི་བྲག་བརྐོས་རྣམས་ནི་བོད་བཙན་པོའི་དུས་འགོའི་བརྐོས་ཤིག་ཡིན་པར་སྙམ།
རྡོ་བརྐོས། གོང་ར། ར་སྤང་གྲོང་། ར་སྤང་མཚོའི་ལྷོ་ཕྱོགས་སུ་ཡོད་པའི་བྲག་རྡོ་དེར་ཁྱོན་བྲག་བརྐོས་བཟོ་དབྱིབས་བརྒྱ་ལྷག་ཡོད་ཀྱང་ཕལ་ཆེ་བ་ངོས་འཛིན་དཀའ།
རྡོ་བརྐོས། སྒོག་ར། ར་སྤང་གྲོང་། སྒོག་རའི་ལུང་གཤོངས་ཁུལ་གྱི་བྲག་གོང་བཞི་བཅུའི་བྲག་བརྐོས་ནི་ནང་ཆོས་མ་དར་སྔོན་གྱི་རྔོན་རྒྱག་དུས་སྐབས་ཀྱི་ཡིན།
རྡོ་བརྐོས། བྲག་གདོག ར་སྤང་གྲོང་། བྲག་བརྐོས་དེར་གཡུང་དྲུང་དང་སེམས་ཅན་སྣ་ཚོགས་ཀྱི་གཟུགས་དབྱིབས་གསལ།
རྡོ་བརྐོས། ཁམས་པ་རྭ་ཅོ། རྩ་ཕུག་གྲོང་། བྲག་བརྐོས་དེར་གཡག་གསུམ་དང་ཤྭ་བ་འདྲ་བའི་སེམས་ཅན་གཞན་སྣ་ཚོགས་ཀྱི་གཟུགས་དབྱིབས་ལྡན།
རྡོ་བརྐོས། ལྷ་འདྲེའི་རི་མོ།   གནའ་ཤུལ་རི་མོ་དེ་དག་ནི་རུ་ཐོག་རོག་གསུམ་ཁུལ་དང་། དབོད་བྱང་ཁུལ་སོགས་སུ་མཆིས།
གནས། ཆུ་མཁར་གྱམ་སྒྲུབ་ཕུག རྡོ་དམར་གྲོང་། ཁུལ་དེར་ས་ཚོན་དམར་པོས་བྲིས་པའི་བྲག་གི་རི་མོ་གཡུང་དྲུང་དང་ཤིང་། ཉི་ཟླ་སོགས་བྲིས་པའི་བྲག་གོང་ཆུང་ཆུང་འགའ་ཤས་ཡོད། བྲག་གོང་གཞན་འགར་ས་ཚོན་གྱི་མཆོད་རྟེན་བྲིས་པ་འགའ་ཡང་ཡོད།
གནས། ཇོ་མོ་བདུན་གྱི་གནའ་ཤུལ། དབོ་བྱང་། རྒན་རབས་ཀྱི་ཤོད་སྲོལ་སྔར་ལོ་རྒྱུས་ཐོག་ཇོ་མོ་བདུན་པོ་དེ་ཚོས་སྒྲུབ་ཁང་བཞེངས་ཤིང་སྒྲུབ་རྟགས་སྣ་ཚོགས་བསྟན་ནས་ཡུལ་དེར་ཆོས་དར་བ་བྱས་ཡོད་སྐད།
གནས། ཏིང་ཆུང་ལྷ་ཁང། དབོ་བྱང་། གནས་འདི་ཕུག་པ་ཐུན་མོང་མ་ཡིན་པ་ཞིག་ཡིན། རྗོད་སྲོལ་ལ་ཕུག་པ་དེ་སྔར་ཇོ་མོ་སྒྲུབ་རྩལ་ཅན་ཞིག་གིས་བཞེངས་ཞིང་། དེར་ཁོང་གི་དབུ་རྗེས་དང་ཞབས་རྗེས། ད་དུང་རི་དྭགས། གནམ་འཁོར་ལོ་རྩིབས་བརྒྱད་སོགས་ཀྱི་རི་མོ་འདྲ་མིན་མཆིས།

ལེ་ཚན་བདུན་པ། དམངས་སྲོལ།

དང་པོ། རུ་ཐོག་གི་གར་ཤོན།

ཤོན་ཞེས་པ་ནི་ཞང་ཞུང་གི་སྐད་དང་དོན་དུ་གླུ་གར་ལ་གོ་བ་གོང་དུ་ཞུས་པ་ལྟར་ཡིན་ལ། དེ་ཡང་གནའ་བོའི་བོད་ཀྱི་བུད་མེད་རྣམས་ཀྱིས་འཁྲབ་སྲོལ་ཆེ་བའི་གླུ་གར་གྱི་གྲས་ཤིག་ཡིན། རུ་ཐོག་རྫོང་གི་ཡུལ་མིའི་ཤོད་སྲོལ་ལྟར་ན་གར་ཤོན་དེའི་འཁྲབ་སྲོལ་ནི། གནའ་དུས་གླིང་རྗེ་གེ་སར་རྒྱལ་པོ་མངའ་རིས་ཁུལ་དུ་ཞབས་བཅགས་མྱོང་ཞིང་། དུས་སྐབས་དེ་ནས་བཟུང་གར་ཤོན་གྱི་འཁྲབ་སྲོལ་རིམ་བཞིན་དར་ཁྱབ་བྱུང་བར་བཤད། གར་ཤོན་ནི་རྒྱུན་གཏན་འཁྲབ་སྲོལ་ཆེར་མེད་ཅིང་། དེའི་འཁྲབ་སྟོན་གྱི་དུས་སྐབས་ནི་《མངའ་རིས་རོང་ཆུང་ཁུལ་གྱི་གླུ་གར་ཕྱོགས་བསྒྲིགས།》ལྟར་ན་བོད་ཟླ་ ༡ ཚེས་ ༣ དང་། བོད་ཟླ་ ༤ ཆོས་སྐོར་དུས་ཆེན་དང་། བོད་ཟླ་ ༡༡ ཚེས་ ༡༢།[1] ཞེས་དང་།《བོད་ལྗོངས་སྟོད་མངའ་རིས་རུ་ཐོག་རྫོང་གི་སྔ་ཕྱིའི་ལོ་རྒྱུས།》ལས། བོད་ཟླ་ ༡༢ ཚེས་ ༨།[2] ཅེས་དང་། 《མངའ་རིས་ཆོས་འབྱུང་།》ལས། སྟོན་དུས་དཀར་རྩི་དང་དབྱར་དུས་ཚེ་གཏོར་གྱི་སྐབས་དང་། སྤྱིར་བཏང་བོད་ཟླ་ ༡༢ ཚེས་ ༨ ཉིན་འཁྲབ།[3] ཅེས་ཀྱང་གསལ།

གཞན་དག་རུ་ཐོག་ཏུ་ཕ་མེས་ནས་གསར་གཏོད་དང་དར་ཁྱབ་ཆེ་བའི་གླུ་གར་ཞབས་བྲོའི་རྣམ་གྲངས་སུའང་། ཕོ་གཞོན་གྲངས་བཅུ་གསུམ་དང་མོ་གཞོན་བཅུ་གསུམ་གྱིས་འཁྲབ་སྟོན་བྱེད་དགོས་པའི་ཕོ་གཞས་དགུ་དང་ཕོ་གཞས་བཅུ་ཞེས་པ་དང་། གཞུང་གླུ་བཀྲིས་བཅུ་གསུམ། སྐྱོག་གླུ་བཀྲིས་བཅོ་བརྒྱད། ཆང་གླུ། ཚིག་གླུ། ཁྲམ་གླུ། གངས་མཚོའི་བསྟོད་གླུ། ཆུ་བཞིའི་གླུ། མངའ་རིས་གྲྭ་རྒན་གྱི་གླུ། ཛུག་གུ་གྲུབ་པའི་གླུ། རུ་ཐོག་ཁྱུང་རྫོང་དཀར་མོའི་གཉའ་གླུ་གཞུང་ཆེན་བཅོ་བརྒྱད། ཆང་བཀའ་པའི་གླུ། ཚོང་གླུ། ཀོང་པོ་འབྲོག་སྐྱོང་། མགྲོན་གྲོལ་བའི་གླུ། འགྲོ་གླུ་གཉིས་པ། འགྲོ་གླུ་གསུམ་པ། འབྲོག་པའི་ལ་ཡུ་སོགས་དང་། ཞབས་བྲོ་ལའང་རུ་ཐོག་སྒོར་གཞས། འཁྲུག་གཞས། སུམ་རྒྱག་སོགས་ཞབས་བྲོའི་རྣམ་པ་མི་འདྲ་བ་སྣ་ཚོགས་དར་ཁྱབ་ཤིན་ཏུ་ཆེ། །

 

གཉིས་པ། རུ་ཐོག་གི་དུས་སྟོན།

དེ་སྔ་རུ་ཐོག་རྫོང་ཁུལ་དུ་ལོ་གཅིག་ལ་ལོ་གསར་ཐེངས་གསུམ་སྲུང་བརྩི་ཞུ་སྲོལ་ཡོད་པ་ལས། བོད་ཟླ་ ༡༡ རོང་པའི་ལོ་གསར་ཞེས་ལ་དྭགས་པའི་ལོ་གསར་གཏོང་བ་དང་། བོད་ཟླ་ ༢༢ བྱང་ཐང་ལོ་གསར་དུ་འབོད་པའི་ལོ་གསར་དགའ་སྟོན་བྱེད། འོན་ཀྱང་། དེ་དག་ཡོངས་ལས་སྲུང་བརྩི་གཞི་རྒྱ་ཆེ་ཤོས་དང་དུས་ཡུན་རིང་ཤོས་ནི། བོད་ཟླ་ ༡ རྒྱལ་ལོ་ཆེན་པོའི་ལོ་གསར་ཡིན་ཅིང་། དུས་ཚོད་དེ་ནི་རུ་ཐོག་རྫོང་གི་ཞི་དྲག་དཔོན་རིགས་དང་ཞིང་འབྲོག་མི་སེར་ཙམ་དུ་མ་ཟད། ཕྱིའི་ཚོང་གཉེར་བ་དང་གནས་སྐོར་བ་སོགས་མི་སྣ་འདུ་འཛོམས་གྱི་འཁྲུག་ཆ་ཤིན་ཏུ་ཆེ་བར་གྲགས། ལོ་གསར་གྱི་རྟེན་འབྲེལ་བྱེད་སྒོ་ནི་བོད་ཁམས་སྤྱི་དང་ལྷག་པར་མངའ་རིས་སྐོར་གསུམ་གྱི་ལུགས་སྲོལ་ལས་ལོགས་སུ་མེད་ཀྱང་། དམིགས་བསལ་རུ་ཐོག་གི་ལོ་གསར་སྐབས་རྫོང་དུ་སྨོན་ལམ་དང་། དགོན་སྡེ་ཁག་ཏུ་གར་འཆམ། མི་སེར་ཁྲོད་རྟ་རྒྱུག་ཞབས་བྲོ་དང་ལྷ་མོ་སོགས་འཁྲབ་པ་བཅས་ལོ་གསར་བདུན་ཕྲག་གཅིག་ལྷག་བརྩི་སྲུང་བྱེད། དེ་མིན་རྫོང་དེར་ཆོས་ཕྱོགས་ཀྱི་དུས་སྟོན་བྱེད་སྒོར་མཚོན་ནའང་། བོད་ཟླ་ ༣ རུ་ཐོག་ལྷུན་གྲུབ་ཆོས་སྡེ་གྲྭ་ཚང་གི་ལྷ་གསོལ་ཆེན་མོར་སྐྱ་སེར་མི་མང་ཁྱོན་ཆེ་འདུ་འཛོམས་གྱིས་ལྷ་གསོལ་དར་ལྕོག་སྒྲེང་འཛུགས། བོད་ཟླ་ ༤ ས་ག་ཟླ་བར་གཞུང་སྒེར་ཆོས་གསུམ་འདུ་ཁོངས་ཡོད་ཚད་ཀྱིས་བཀའ་འགྱུར་ལྗགས་ཀློག་བྱེད་སྲོལ་དང་། ལོ་ལྟར་བོད་ཟླ་ ༧ ཚེས་ ༣ ལ་ཡུལ་ལྷ་གསོལ་མཆོད་ཀྱི་མཛད་སྒོ། བོད་ཟླ་ ༩ ཚེས་ ༢༩ དགུ་གཏོར་ཆེན་མོར་རྫོང་འོག་མི་སེར་ཙམ་དུ་མ་ཟད་ཉེ་འཁོར་ཆོས་མཇལ་བ་ཁྱོན་ཆེ་འདུ་འཛོམས་ཀྱིས་གླུ་གར་ཞབས་བྲོའི་འཁྲབ་སྟོན། བོད་ཟླ་ ༡༠ གཞུང་འབྲེལ་ལྔ་མཆོད་མཆོད་འབུལ་རྒྱ་ཆེར་བྱེད།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1].  ཀརྨ་མཁས་གྲུབ་སྲིད་སྒྲུབ། མངའ་རིས་རོང་ཆུང་ཁུལ་གྱི་གླུ་གར་ཕྱོགས་བསྒྲིགས། ཕྱི་ལོ་ ༡༩༩༨། ཤོག

[2].  སྐོར་དཔོན་བློ་བཟང་མཁྱེན་རབ། བོད་ལྗོངས་སྟོད་མངའ་རིས་རུ་ཐོག་རྫོང་གི་སྔ་ཕྱིའི་ལོ་རྒྱུས། ཤོག་ ༩༤ ནས་ ༩༥།

[3].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༤༣།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།