འཕྱོངས་རྒྱས་འཕྱིང་བར་སྟག་རྩེ་རྫོང༌ངོ་སྤྲོད།

འཕྱོངས་རྒྱས་འཕྱིང་བར་སྟག་རྩེ་རྫོང༌ངོ་སྤྲོད།

འཕྱོངས་རྒྱས་འཕྱིང་བར་སྟག་རྩེ་རྫོང་ནི། སྔོན་བཙན་པོའི་སྐབས་སུ་ཕྱིང་བའི་ཡུལ་དུ་གྲགས་ཤིང་ད་ལྟ་འཕྱོངས་རྒྱས་རྫོང་ཞེས་འབོད། ཕྱིང་བ་སྟག་རྩེ་ནི་ལྷོ་ཁ་རྩེད་ཐང་གི་ལྷོ་ནུབ་ཕྱོགས་སུ་གནས་པའི་འཕྱོངས་རྒྱས་རྫོང་གནས་ཡུལ་འདི་ཡིན་ལ། སྔར་གནས་འདིར་ཡར་ལུངས་ཕྱིང་ལུངས་ཞེས་བཙན་པོའི་བཞུགས་གནས་དང༌། བཙན་པོའི་སྐབས་སུ་ཚེས་སྤོང་གི་རུས་རྒྱུད་ཀྱིས་དབང་བསྒྱུར་བའི་སྟོང་ཞིག་དང༌། ས་སྐྱའི་དུས་རབས་སུ་བོད་ཁྲི་སྐོར་བཅུ་གསུམ་གྱི་ནང་ཚན་ཐང་པོ་ཆེའི་ཁྲི་སྐོར། ཕག་གྲུའི་སྐབས་རྫོང་ཆེན་བཅུ་གསུམ་གྱི་ནང་ཚན་འཕྱོངས་རྒྱས་འཕྱིང་བར་སྟག་རྩེ་རྫོང༌།
དེང་ལྷོ་ཁ་འཕྱོངས་རྒྱས་རྫོང་ཡོད་ས་འདི་ཡིན་ལ།  ཏུན་ཧོང་ཡིག་རྙིང་ནང་མིང་ཚིག་དེའི་འབྲི་ཚུལ་ཐད་ཕྱིང་བ་དང་པྱིང་བ་ཞེས་གདམ་ཁ་ལྟ་བུར་སྣང་བ་ནི་བོད་བཙན་པོའི་སྐབས་སུ་མིང་གཞི་པ་དང་ཕ་གཉིས་བརྗེ་སྲོལ་ཡོད་པས་ཡིན། འཕྱིང་བ་སྟག་རྩེ་ནི་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ནས་ཡབ་གནམ་རི་སྲོང་བཙན་བར་སྤུར་རྒྱལ་བཙན་པོའི་གདུང་རབས་སོ་གཉིས་སོང་བ་དེ་དག་གི་བཞུགས་གནས་གཙོ་བོ་ཞིག་ཡིན་པ་དང༌། ཆོས་རྒྱལ་སྲོང་བཙན་གྱི་རྗེས་ནས་བཟུང་བཙན་པོ་ཡབ་སྲས་རིམ་བྱོན་རྣམས་ཀྱི་ལོ་རེའི་མདང་གི་མཆོད་པ་ཞེས་འདས་མཆོད་བྱ་ཡུལ་ཞིག་ཏུ་གྱུར།

བོན་གྱི་ལོ་རྒྱུས་ལ་ལར་གཉའ་ཁྲི་བཙན་པོས་དེར་སྐུར་མཁར་ཞིག་བརྩིགས་ཞེས་དང༌། མཁས་པའི་དགའ་སྟོན་སོགས་ལོ་རྒྱུས་དེབ་ཐེར་ཁག་གིས་སྤུ་དེ་གུང་རྒྱལ་གྱིས་དེར་སྐུ་མཁར་ཞིག་བརྩིགས་ཞེས་འདོད་ཚུལ་ཐ་དད་དུ་བྱུང་སྣང་ནའང༌། སྐུ་མཁར་དེའི་མིང་ལ་ཕྱིང་བའམ་ཕྱིང་བ་སྟག་རྩེ་ཞེས་འབོད་པ་གཅིག་མཐུན་ཡིན་པ་མ་ཟད། འཕྱོངས་རྒྱས་སུ་ཡོད་པའི་མཁར་རྫོང་དེ་ལ་ཡུལ་མི་རྣམས་ཀྱི་ད་ལྟ་ཡང་ཕྱིང་བ་སྟག་རྩེ་རུ་འབོད་བཞིན་པ་དང༌། ཡོངས་གྲགས་ཀྱི་འཕྱོངས་རྒྱས་ཞེས་པ་ནི་ཏུན་ཧོང་ཡིག་རྙིང་དང་བཀའ་གཙིགས་ཀྱི་རྡོ་རིང་རྣམས་ལ་ཕྱིང་བའི་ཡུལ་ཞེས་གསལ་པོར་བཀོད་འདུག་ཕྱིར། འཕྱོངས་རྒྱས་ཞེས་པའི་ཐ་སྙད་འདི་དུས་རབས་ཕྱི་མའི་སྐབས་ཤིག་ཏུ་བསྒྱུར་བར་རྟོགས་ཐུབ།

འཕྱོངས་རྒྱས་འཕྱིང་བ་སྟག་རྩེ་རྫོང་གི་མིང་གི་དག་སྡེབ་ལ་གཞིགས་ཚེ་སྔར་བོད་ཀྱི་བཙན་པོ་སའི་ལེགས་དྲུག་གི་དུས་སྐབས་སུ་ལྷོ་ཁའི་འཕྱོངས་རྒྱས་རྫོང་དུ་ཕོ་བྲང་རྒོད་རྩེ་དང༌། ཡང་རྩེ། ཁྲི་རྩེ། རྩེ་མོ་ཁྱུང་རྒྱལ། ཁྲི་བརྩེགས་འབུམ་གདུགས་བཅས་ལྔ་སྔ་ཕྱིར་བཞེངས་པ་དང༌། སྤུ་དེ་གུང་རྒྱལ་གྱི་སྐབས་སུ་ཕོ་བྲང་སྟག་རྩེ་བཅས་ཕྱིང་ང་རྩེ་དྲུག་བཞེངས་པ་ལས་སྟག་རྩེ་དེ་བཞིན་ཉམས་གོག་ཉམས་གསོ་དང་བཅས་རིམ་པར་བརྒྱུད་སྟེ་ཕག་གྲུའི་སྐབས་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་གཉིས་ཀྱི་ས་འགག་ཏུ་རྫོང་ཆེན་བཅུ་གསུམ་བརྩིགས་པའི་གྲས་འཕྱོངས་རྫོང་དེ་ཡང་ཕོ་བྲང་སྟག་རྩེའི་རྗེས་ཤུལ་དེ་ཉིད་དུ་བསྐྲུན་སྟབས་འཕྱོངས་རྒྱས་འཕྱིང་བ་སྟག་རྩེ་རྫོང་ཞེས་པའི་མཚན་ཡང་དེ་ལྟར་ཐོགས་པར་སྙམ་པས་དཔྱད་པར་འཚལ།

བོད་ལྗོངས་སློབ་ཆེན་གྱི་རིག་དེབ་ནང་རྩོམ་པ་པོ་ཤེས་རབ་གོ་ཆས། ཕྱིང་བ་སྟག་རྩེ་དང་ཡུམ་བུ་བླ་མཁར་ལས་འཕྲོས་ཏེ་སྐུ་མཁར་གྱི་ཐོག་མ་གང་ཡིན་སྐོར་ལ་དཔྱད་པ་ཞེས་པའི་ནང༌། ད་ཕན་རང་རེ་བོད་རིག་པ་སྨྲ་བ་ཕལ་ཆེ་བས་མགྲིན་གཅིག་དང་དབྱངས་གཅིག་ཏུ་འདོད་པ་མཁར་ལ་སྔ་བ་ཡུམ་བུ་བླ་མཁར་ཞེས་འབོད་སྲོལ་ཡོད་མོད། འོན་ཀྱང་རྩོམ་ཡིག་དེའི་ནང་རྩོམ་པ་པོས་སྔོན་གྱི་བོད་རྒྱལ་རབས་དང༌། བཙན་པོའི་བཀའ་གཙིགས་ཀྱི་རྡོ་རིང༌། དེ་བཞིན་ཏུན་ཧོང་ཡིག་རྙིང༌། ད་དུང་འཕྱོངས་རྒྱས་སུ་ཡོད་པའི་བཙན་པོའི་བང་སོ་སོགས་ལ་ཞིབ་དཔྱད་དང་དཔེ་བསྡུར་ནན་ཏན་མཛད་ནས་དོན་དངོས་སུ་འཕྱིང་བ་སྟག་སྟེ་ནི་མཁར་གྱི་ཐོག་མ་ཡིན་པར་བསྟན་པ་དང་ཕྱོགས་མཚུངས་ཡུམ་བུ་བླ་སྒང་ནི་མཁར་གྱི་ཐོག་མ་མ་ཡིན་ཞེས་ར་སྤྲོད་མཛད་འདུག་པའང་བདེན་པར་སྣང༌།

སྐུ་མཁར་དེ་ཉིད་ཡང་སྙིང་དུས་ནམ་དུ་བཞེངས་སྐོར་ཁ་ཚོན་གཅོད་དཀའ་ཡང༌། ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེ་གྲགས་པ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་བསྐྲུན་པའི་རྡོ་བརྐོས་གཙིགས་ཀྱི་ཡི་གེའི་ནང་དུ། ཉ་ཁྲྀ་བཙན་པོ་མྱི་ཡུལ་གྱྀ་རྗེར། །ལྷ་རྀ་གྱང་དོར་གཤེགས་པ་ཚུན་ཆད། དྲི་གུམ་བཙན་པོ་ཕན་ཆད། གདུང་རབས་བདུན་གྱི་བར་དུ། ཕྱིང་བ་སྟག་རྩེ་ན་བཞུགས་བཞུགས། །ཞེས་བྱུང་བས་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་སྐུ་མཁར་དེ་ཉིད་བཞེངས་པར་བྱས་ན་ལོ་རྒྱུས་དངོས་དོན་དང་འཚམས་པར་འདུག་སྙམ་པའང་དཔྱད་གཞིར་ཕུལ།

ད་ལྟ་ལྷོ་ཁ་ས་གནས་འཕྱོངས་རྒྱས་རྫོང་གནས་ཡུལ་ནི་འཕྱོངས་རྒྱས་གྲོང་རྡལ་གྱི་བྱང་ངོས་རི་སྟེང་དུ་ཡོད། འཕྱོངས་རྒྱས་ཞེས་པ་ནི་ཡུལ་དེའི་ལྷོ་ངོས་ཀྱི་ཆུ་འགོ་ནོར་བུ་རི་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོས་ནོར་བུ་འཕྱོངས་གྲུ་གང་པ་ཞིག་གཏེར་ནས་བཞེས་པས་འཕྱོངས་རྒྱས་ཞེས་པ་དེ་ལྟར་ཐོགས་ཞེས་གྲག འཕྱོངས་རྒྱས་རྫོང་དང་སྔར་གྱི་འཕྱིང་ང་རྩེ་དྲུག་སོགས་རིག་གསར་སྐབས་རྩ་གཏོར་སོང་སྟེ་དེང་རྗེས་ཤུལ་ཙམ་ལས་མེད།

ད་ལྟའི་འཕྱོངས་རྒྱས་རྫོང་གནས་ཡུལ་ནི་འཕྱོངས་རྒྱས་འཕྱིང་བར་སྟག་རྩེའི་རྫོང་ཤུལ་གྱི་འདབས་སུ་ཆགས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༡༠༣༠ དང༌། མི་འབོར་ཁྱོན་བསྡོམས་ཁྲི་ ༡ཿ༧ ཆ་སྙོམས་རྒྱ་མཚོའི་ངོས་ནས་སྤྱི་ཁྲེ་ ༣༩༠༠ ཙམ་གྱིས་མཐོ་བའི་ས་བབས་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།