བྲག་དཀར་བདེ་ཆེན་རྫོང༌ངོ་སྤྲོད།

བྲག་དཀར་བདེ་ཆེན་རྫོང༌ངོ་སྤྲོད།

 

       བྲག་དཀར་གསང་སྔགས་བདེ་ཆེན་རྫོང་ནི། ད་ལྟ་གྲོང་ཁྱེར་ལྷ་སའི་སྟག་རྩེ་རྫོང་གནས་ཡུལ་བདེ་ཆེན་གྲོང་རྡལ་གྱི་གཞུང་ལམ་བྱང་ངོས་རི་སྟེང་དུ་ཡོད། སྐྱིད་ཤོད་བདེ་ཆེན་རྫོང་དང༌། བྲག་དཀར་བདེ་ཆེན་རྫོང༌། གསང་སྔགས་བདེ་ཆེན་རྫོང་སོགས་མིང་གི་རྣམ་གྲངས་སུ་འབོད་ཅིང༌། བདེ་ཆེན་གསང་སྔགས་མཁར་ནི། ད་ལྟའི་སྟག་རྩེ་རྫོང་གི་ཉེ་འགྲམ་དང༌། སྔོན་བདེ་ཆེན་རྫོང་ཤུལ་གྱི་རི་འདབས་སུ་དགོན་དེ་མཇལ་རྒྱུ་ཡོད།
དགོན་དེ་ནི་ཐོག་མར་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་སྐད་ལ་རྗེས་སུ་རྗེ་ཙོང་ཁ་པ་གནས་དེར་ཞབས་བཅགས་ནས་གསང་འདུས་ཀྱི་ཉམས་ལེན་གནང་བས་དགོན་པའི་མཚན་ལའང་བདེ་ཆེན་གསང་སྔགས་མཁར་ཞེས་གསོལ། བྲག་དཀར་རྫོང་གི་སྡེ་པ་སྐྱིད་ཤོད་པ་བསོད་ནམས་རབ་བརྟན་གྱིས་སྦྱིན་བདག་མཛད་དེ་ཉམས་གསོ་གནང༌། བདེ་ཆེན་གསང་སྔགས་མཁར་ཞེས་པའི་དགོན་པ་མ་ཆགས་གོང་དུ་གནས་དེར་སྡེ་སྲིད་ཕག་མོ་གྲུ་པའི་དུས་ནས་བཟུང་རྫོང་དཔོན་རྫོང་མཁར་དང་བཅས་པ་བཙུགས་ཡོད་པ་དེ་ཡིན་ལ། དེང་བདེ་ཆེན་གྲོང་ཚོའི་རྒྱབ་ཀྱི་རི་སྟེང་དུ་མཁར་ཤུལ་ཞིག་ཡོད་པ་དེ་སྔར་བདེ་ཆེན་བྲག་དཀར་རྫོང་ཞེས་ཕག་གྲུའི་དུས་སུ་བརྩིགས་པའི་རྫོང་ཆེན་ཞིག་ཡིན་པ་དང༌། བདེ་ཆེན་རྫོང་རྩེར་རྗེ་ཙོང་ཁ་པ་དང༌། ༸རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་སོགས་ཕེབས་པའི་ལོ་རྒྱུས་ཡོད་ལ། ཕྱིས་སུ་རྒྱལ་ཕུང་དམངས་གནོད་ཀྱི་རིག་གནས་གསར་བརྗེའི་ལས་འགུལ་ཁྲོད་རྫོང་མཁར་རྣམས་རྩ་གཏོར་སོང་ཡང༌། བདེ་ཆེན་རྩེར་རྒྱལ་པོ་སྐུ་ལྔའི་མགོན་ཁང་ཆུང་ངུ་ཞིག་ཡོད། སྔོན་གྱི་བྱེ་རི་སྟག་རྩེ་རྫོང་དང༌། བྲག་དཀར་བདེ་ཆེན་རྫོང་གཉིས་ཟླ་སྒྲིལ་ནས་ད་ལྟའི་སྟག་རྩེ་རྫོང་བཙུགས་ཡུལ་ནི། སྔོན་བདེ་ཆེན་བྲག་དཀར་རྫོང་གི་རི་འདབས་བདེ་ཆེན་གྲོང་ཚོར་ཆགས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༡༣༧༠ དང༌། མི་འབོར་ཁྲི་ ༢ཿ༣ ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་  ༤༥༠༠ ཙམ་གྱི་ས་བབས་བཅས་ཡིན་ནོ།།

བརྒྱུད་སྐུལ།

མཆན་སྤེལ།