བྱེ་རི་སྟག་རྩེ་རྫོང༌ངོ་སྤྲོད།

བྱེ་རི་སྟག་རྩེ་རྫོང༌ངོ་སྤྲོད།
དབུས་སྟོད་བྱེ་རི་སྟག་རྩེ་རྫོང་ནི། ད་ལྟ་ལྷ་ས་ས་ཁུལ་གྱི་སྟག་རྩེ་རྫོང་ཞོགས་ཤང་སྟག་རྩེའི་རི་སྣའི་སྟེང་དུ་གྱང་གོག་ཆེན་པོ་ཞིག་ཡོད་པ་དེ་ཡིན་ལ། དེང་སྐབས་དེར་ཞོགས་སྟག་རྩེ་ཞེས་འབོད་ཅིང་། སྔར་སྡེ་སྲིད་ཕག་གྲུའི་སྐབས་དབུས་གཙང་གཉིས་ཀྱི་ས་དགག་ཏུ་རྫོང་ཆེན་བཅུ་གསུམ་བརྩིགས་པར་གྲགས་པའི་གྲས་ཀྱི་བྱེ་རི་སྟག་རྩེ་རྫོང་ཞེས་པ་དེ་ཡིན་ཞིང༌། སྟག་རྩེ་ཞེས་པ་ནི། རི་བོ་སྟག་ལྟ་བུའི་རྩེ་མོར་གནས་པའི་རྫོང་ངམ། རྫོང་བཙན་པོ་སྟག་ལྟ་བུའི་དོན་སོགས་གསུང་སྲོལ་མི་འདྲ་བ་མཆིས། སྔོན་གྱི་སྟག་རྩེ་རྫོང་ནི། ད་ལྟའི་སྟག་རྩེ་རྫོང་གི་ཆུ་ཕར་ཕྱོགས་ཕུན་ཚོགས་གླིང་ཞེས་པར་རྫོང་ཤུལ་ཙམ་ལས་རིག་གསར་སྐབས་གཏོར་བཤིག་གིས་གྱང་གོག་ཙམ་ལས་མིང་གི་ལྷག་མར་གྱུར་ཟིན་ཏོ།།
བོད་ཀྱི་ཡུལ་མིང་ལ་སྟག་རྩེ་ཞེས་པ་དཔེར་ན། འཕྱོངས་རྒྱས་འཕྱིང་བ་སྟག་རྩེ་དང༌། འོལ་ཁ་སྟག་རྩེ། རྣམ་གླིང་སྟག་རྩེ། སྦྲ་ཆེན་སྟག་རྩེ། ལྷ་སའི་སྟག་རྩེ། ཀོང་པོ་སྟག་རྩེ་སོགས་སྟག་རྩེ་ཞེས་པའི་མིང་དུ་མ་ཞིག་བྱུང་ཞིང༌། མིང་དེ་དག་ཐོགས་དོན་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེབ་དཀར་ལས་གསུངས་དོན་ལྟར་ན། བཙན་པོའི་རྒྱལ་རབས་སྐབས་དཔའ་བོའི་དཔེ་རུ་སྟག་དང་སྡར་མའི་དཔེ་རུ་ཝ་མོ་འཇོག་ཅིང༌། མཁས་པའི་དགའ་སྟོན་ལས་ཀྱང༌། སྐབས་དེ་དུས་དམག་སའི་ཐོག་སྲོག་ཤོར་ན་སྟག་པགས་ཀྱིས་གཟེངས་སུ་བསྟོད་ཚུལ་འཁོད་འདུག་ཅིང༌། རྒྱལ་ཁྲིམས་བཅོ་ལྔའི་ནང་དུའང༌། དཔའ་ལ་སྟག་གིས་མ་བསྟོད་ན། །དཔའ་བར་བྱེད་པའི་རུ་མ་མེད། །སྡར་མ་ཝ་ཞུས་མ་དམད་ན། །དཔའ་དང་སྡར་མ་ཤན་མི་ཕྱེད། །ཅེས་དཔའ་བོ་ལ་སྟག་སློག་གི་གོས་སོགས་བྱ་དགར་བྱིན་ཞིང་དེ་ནས་བཟུང་ཕྱུ་པར་རིམ་བཞིན་སྟག་གཟིག་གི་ལྤགས་པ་བརྒྱན་སྲོལ་བྱུང་བ་དང༌། སྡར་མ་ཝ་མོའི་གཞུ་གུ་མགོ་ལ་བསྐོན་ནས་དམད་པར་བྱེད་པས་དེ་ནས་བཟུང་རིམ་བཞིན་འགྱུར་ཏེ་ཝ་ཞྭ་གྱོན་པའི་སྲོལ་ཡང་དེ་ནས་དར་བར་གྲགས། གནའ་བོའི་ལོ་རྒྱུས་དང་འབྲེལ་བའི་རྒན་རབས་རྣམས་ཀྱི་བཤད་སྲོལ་ལའང་སྐབས་དེར་གཡུལ་འགྱེད་ནང་རང་སྲོག་བློས་བཏང་བའི་བྱས་རྗེས་ཅན་གྱི་དཔའ་བོ་རྣམས་ལ་རྗེས་དྲན་ཞུ་ཕྱིར་ཕ་ཡུལ་དུ་རྩིག་གི་རྟེན་མཁར་དུ་དཔའ་བོ་རབ་ལ་སྟག་གི་མགོ་དབྱིབས་ཀྱི་རྩེ་རྒྱན་འཛུགས་སྲོལ་བྱུང་ཞིང་། དྲན་རྟེན་དེ་རིགས་མང་བའི་ཡུལ་གྱི་མིང་ལའང་སྟག་རྩེ་ཞེས་གྲགས་པ་ཡིན་ཞེས་པའི་ངག་རྒྱུན་འདུག་པས་བདེན་མིན་དཔྱད་པར་འཚལ།།

བརྒྱུད་སྐུལ།

མཆན་སྤེལ།