ཡར་རྒྱབ་གོང་དཀར་རྫོང༌ངོ་སྤྲོད།

ཡར་རྒྱབ་གོང་དཀར་རྫོང༌ངོ་སྤྲོད།

       ཡར་རྒྱབ་གོང་དཀར་རྫོང་ནི་ད་ལྟ་ལྷོ་ཁ་ས་གནས་གོང་དཀར་རྫོང་སྐྱིད་སྣ་ཤང་གོང་དཀར་ཞོལ་གྱི་རྒྱབ་རིའི་སྟེང་དུ་ཡོད་ཅིང༌། གོང་དཀར་ཞེས་པ་ནི་སྔོན་སྣེ་གདོང་རྒྱལ་པོའི་ཕོ་བྲང་གོང་རི་དཀར་པོ་ལ་གོང་དཀར་ཞེས་འབོད་པ་དེ་ཡིན་ལ། གོང་དཀར་རྫོང་ངམ་གོང་དཀར་གཞིས་ཀ་སྟེ་དེ་སྔོན་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཁམས་ཀྱི་དབང་ཆ་བཟུང་སྐབས། གོང་དཀར་གཞིས་ཀ་དེ་ལྷོ་ཁ་དང༌། དབུས་གཙང་གསུམ་གྱི་ས་ཆའི་འདུས་མདོ་གལ་ཆེར་བརྟེན།
ཏཱའི་སི་ཏུ་ཉིད་དགུང་ལོ་ ༤༩ པ་རབ་བྱུང་ ༦ པའི་ལྕགས་སྟག་སྤྱི་ལོ་ ༡༣༥༠ ལོར་གཞིས་ཀ་དེ་བརྩིགས་པར་ལྷོ་རོང་ཆོས་འབྱུང་ལས་གསུངས་པ་ལྟར།  གོང་རི་དཀར་པོའམ་ཕོ་བྲང་གོང་རི་དཀར་པོར་འབོད་པ་ནི་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་ ༦ པའི་ས་གླང་སྤྱི་ལོ་ ༡༣༤༩ ལོར་བོད་ཆོལ་ཁ་གསུམ་ཡོངས་རྫོགས་མངའ་བདང་བསྡུས་རྗེས་རྫོང་མང་པོ་བརྩིགས་པའི་ནང་གི་གཅིག་ཡིན་པར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་གསུངས་ཤིང༌། ཀློང་རྡོལ་གསུང་བུམ་འ་པའི་ནང་རྫོང་ཆེན་བཅུ་གསུམ་གྱི་མིང་རྗེས་སུ་གཙང་པ་སྡེ་པས་གཞིས་ཀ་བསམ་གྲུབ་རྩེ་རྫོང་དང༌། གཙང་སྟོད་ལྷ་རྩེའི་རྫོང༌། སྐྱིད་ཤོད་གདོང་མཁར་རྫོང་བཅས་སྐྲུན་ཅེས་ཀྱང་འཁོད་འདུག གོང་དཀར་རྫོང་དང༌། གོང་གི་དཀར་པོ། ཕོ་བྲང་གོང་རི་དཀར་པོ་རྣམས་མིང་གི་རྣམ་གྲངས་དང་མིང་གི་རྒྱས་བསྡུས་ཙམ་ལས་ཐ་དད་པ་ཡིན་པར་མི་སེམས་ལ། སྔོན་གྱི་གོང་དཀར་རྫོང་ནི་རིག་གནས་གསར་བརྗེའི་ལས་འགུལ་ཁྲོད་རྩ་གཏོར་སོང་སྟེ་དེང་གྱང་རོ་ཙམ་ལས་མེད་པ་དང༌། གྱང་རོའི་རྡོ་བརྩིགས་ཀྱང་རིམ་བཞིན་དུད་ཁྱིམ་གསར་རྒྱག་སོགས་སུ་དབོར་འདྲེན་གྱིས་རྗེས་ཤུལ་ཡང་མེད་པར་གྱུར་ལ་ཉེ་འདིའོ། །ད་ལྟའི་གོང་དཀར་རྫོང་གནས་ཡུལ་ནི་སྐྱིད་གཤོངས་རྭ་སྨད་ཅེས་པར་གནས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༢༢༨༨ དང༌། མི་འབོར་ཁྲི་ ༤ཿ༤ ཆ་སྙོམས་རྒྱ་མཚོའི་ངོས་ནས་སྤྱི་ཁྲེ་ ༣༧༥༠ ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན་ནོ།།

སྐྱིད་ཤོད་སྨད་ཡར་རྒྱབ་གོང་དཀར་རྫོང་། རབ་བྱུང་དྲུག་པའི་འགོར་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱ་པའི་ལག་ནས་སྲིད་དབང་འཕྲོགས་ཟིན་པའི་རྗེས་སུ་དབུས་གཙང་གཉིས་སུ་རྫོང་ཆེན་བཅུ་གསུམ་བརྩིགས་པའི་ཡ་གྱལ་ཞིག་ཡིན། པར་པ། Hugh E. Richardson པར་བཏབ་ལོ། 1950

བརྒྱུད་སྐུལ།

མཆན་སྤེལ།