རོང་རིན་སྤུངས་རྫོང༌ངོ་སྤྲོད།

རོང་རིན་སྤུངས་རྫོང༌ངོ་སྤྲོད།
       རོང་རིན་སྤུངས་རྫོང་ནི་གཞིས་རྩེ་ས་གནས་རིན་སྤུངས་རྫོང་རིན་སྤུངས་ཤང༌། རིན་སྤུངས་གྲོང་ཚོའི་རི་སྣའི་སྟེང་དུ་ཡོད། དེ་ཡང༌། རིན་སྤུངས་རྫོང་ངམ་ཕོ་བྲང་རིན་ཆེན་སྤུངས་པ་ཞེས་པ་ནི། ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཁམས་ལ་མངའ་དབང་བསྒྱུར་སྐབས་དབུས་གཙང་གཉིས་ཀྱི་ས་འགག་ལ་རྫོང་ཆེན་བཅུ་གསུམ་བརྩིགས་པར་གྲགས་པའི་ཁོངས་རིན་སྤུངས་འདི་ཉིད་རྫོང་འགོ་ཆེ་གྲས་ཤིག་ཡིན་ལ། རྫོང་འདི་རབ་བྱུང་དྲུག་པའི་འགོ་ཙམ་ལ་བརྩིགས་པར་གྲགས་ཤིང༌།
རྗེས་སུ་ཕག་གྲུའི་བཀའི་བློན་པོ་གཙོ་གྲས་སུ་གཏོགས་པའི་རིན་སྤུངས་པ་ནོར་བུ་བཟང་པོའི་དུས་ནས་བཟུང་ཕག་གྲུའི་སྲིད་དབང་ཉམས་འགོ་ཚུགས་ཏེ་ཕག་གྲུའི་ཁྲི་དཔོན་ཕྱི་ཚུལ་གྱི་མིང་ཙམ་ལས་ནང་དོན་བློན་པོ་རིན་སྤུངས་པའི་མི་ཐོག་བརྒྱད་ཙམ་གྱི་རིང་བོད་ཁམས་ཀྱི་རྒྱལ་ཁ་བློན་བསྒྱུར་བྱས་པར་བརྟེན་དེ་ནས་རིན་སྤུངས་པ་ཕག་གྲུའི་སྡེ་དཔོན་གྱི་ཁོངས་སུ་གཏོགས་ཏེ་རིན་སྤུངས་སྡེ་པ་རིན་སྤུངས་པའི་ལྟེ་གནས་ཕོ་བྲང་དང༌། རིན་྄སྤུངས་པས་ཕག་གྲུའི་སྲིད་དབང་བླངས་རྗེས་གཙང་པ་རྒྱལ་པོའི་རྒྱལ་ས་ལྟ་བུར་གྱུར། རིན་སྤུངས་པའི་དབང་གྲགས་ཇེ་ཆེར་སོང་རྐྱེན་རིན་སྤུངས་ཆོས་རྒྱལ་ཞེས་ཆེ་མིང་འབོད་སྲོལ་དུ་གྱུར་པ་བཅས་མདོར་ན་རྫོང་ཆགས་ཡུལ་རི་དང༌། དེའི་ཉེ་འགྲམ་གྲོང་ཚོ་ཆགས་ཡུལ་གྱི་ས་དབྱིབས་དེ་རིན་པོ་ཆེ་སྤུངས་པ་བཞིན་ཡོད་པར་བརྟེན་དེ་ལྟར་རྫོང་མིང་ཡུལ་ལ་ཆགས་པ་ཞིག་ཀྱང་ཡིན་པར་སྙམ། རིན་སྤུངས་ནི་གཙང་ཁུལ་གྱི་ས་གནས་གཞན་ལས་ས་བབས་དམའ་ཞིང་གཤོངས་ལ་རི་རོང་དོག་པ་ཞིག་ཡོད་པས་རོང་ཞེས་བྱ་བའི་མིང་གི་ཐ་སྙད་བྱུང་བར་གྲགས། རོང་ཆེན་རོང་ཆུང་གི་འབྲེལ་མཚམས་སུ་ཆགས་པའི་སྔོན་དུས་རིན་སྤུངས་རྫོང་རྙིང་ཆགས་ཡུལ་རི་བོ་དེ་རིན་པོ་ཆེ་སྤུངས་པའི་དབྱིབས་དང་མཚུངས་པ་ཞིག་ཡོད་སྟབས་རིན་སྤུངས་ཞེས་མིང་དུ་བཏགས་པའི་ཤོད་རྒྱུན་དང༌། ཡང་ཁུལ་དེར་གཏེར་རིགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན་རིན་སྤུངས་ཞེས་མིང་དུ་ཐོགས་པའི་ཤོད་སྲོལ་ཡང་ཡོད། གང་ལྟར་ཕྱིས་རིན་སྤུངས་ཞེས་པ་ནི་རོང་ཁྱོན་ཡོངས་ཀྱི་མིང་དུ་གྱུར། རིན་སྤུངས་རྫོང་ནི་གཞིས་རྩེ་རྫོང་གི་ཤར་ངོས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྟོད་དཀྱིལ་རོང་ཁུལ་དུ་གནས་ཡོད་ཅིང༌། ས་འབྲེལ་ཤར་ཕྱོགས་ནི་ལྷོ་ཁ་ས་ཁུལ་གྱི་སྣ་དཀར་རྩེ་རྫོང་དང༌། ལྷོ་ཕྱོགས་ནི་རྒྱལ་རྩེ་རྫོང་དང་པ་སྣམ་རྫོང༌། ནུབ་ཕྱོགས་ནི་གཞིས་རྩེ་གྲོང་ཁྱེར་བཅས་དང་འབྲེལ་ཡོད་པ་དང༌། བྱང་ཕྱོགས་ནི་རྣམ་གླིང་རྫོང་དང༌། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་བཅས་དབར་གཙང་པོའི་གཡས་གཡོན་ཁ་སྤྲོད་དུ་ཆགས་ཡོད། སྔར་གྱི་རིན་སྤུངས་རྫོང་དེ་ཉིད་རིག་གསར་སྐབས་རྩ་གཏོར་དུ་སོང་སྟེ། ད་ལྟའི་རིན་སྤུངས་གནས་ཡུལ་བྱམས་ཆེན་གྲོང་ཚོར་ཆགས་ཡོད་ཅིང༌། རྫོང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༣༡༤༠ དང༌། ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༣༩༥༠ མཐོ་བའི་ས་བབས་བཅས་དང༌། རིན་སྤུངས་རྫོང་ནི་སྔར་གནས་དྲུག་པའི་རྫོང་འགོ་འབྲིང་གྲས་ཤིག་ཡིན།
ལོ་རྒྱུས་དེབ་ཐེར་ནང་འཁོད་པ་ལྟར་ན། སྡེ་སྲིད་ཕག་མོ་གྲུ་པས་བོད་ཁམས་ལ་མངའ་དབང་མ་བསྒྱུར་གོང་རིན་སྤུངས་འདི་ལ་གཞིས་ཀ་རིན་སྤུངས་ཞེས་གསལ་བ་དང༌། དེ་རྗེས་ཕག་གྲུའི་སྡེ་སྲིད་དང་པོ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཡོངས་ཀྱི་སྲིད་དབང་ཁ་ལོ་བསྒྱུར་འགོ་ཚུགས་སྐབས་ས་སྐྱར་ཕེབས་པའི་ལམ་ཞོར་རིན་སྤུངས་གསར་དུ་རྒྱག་རྒྱུའི་ཞལ་བཀོད་མཛད་ཅེས་དང༌། སྡེ་པ་རིན་སྤུངས་པའི་ལོ་རྒྱུས་ལའང་རབ་བྱུང་བརྒྱད་པའི་ས་ལུག་སྤྱི་ལོ་ ༡༤༩༢ ལོར་འབྲུག་ཆེན་ངག་དབང་ཆོས་ཀྱི་རྒྱལ་པོ་གཞིས་ཀ་རིན་སྤུངས་པའི་སྐྱེད་ཚལ་ཁ་རུ་སྟེང་དུ་གདན་དྲངས་ཞེས་གསལ་བ་དང༌། དེ་རྗེས་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་གཉིས་སུ་རྫོང་ཆེན་བཅུ་གསུམ་གསར་དུ་བརྩིགས་པར་མཛད་དེ་སྔར་གྱི་གཞིས་ཀ་དེ་ཉིད་རྫོང་དུ་བསྒྱུར་བའི་ཁོངས་གཅིག་ནི་རིན་སྤུངས་རྫོང་ཡིན་ཞིང༌། དེ་རྗེས་ཕག་གྲུའི་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱི་སྐབས་སུ་རིན་སྤུངས་པའི་མི་ཐོག་དང་པོ་ནམ་མཁའ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་རྒྱལ་པོའི་འཕྲིན་ལས་ཀྱི་བྱ་བར་མཁས་པའི་དཔའ་མཛངས་བརྟུལ་ཕོད་ཀྱི་བློན་པོར་གྱུར་ཏེ་ཁོངས་ལ་རིན་སྤུངས་ཀྱི་རྫོང་དཔོན་དང༌། གཙང་ཆུ་མིག་རིང་མོའི་ཁྲི་དཔོན། ས་སྐྱ་ལྷ་ཁང་ཆེན་མོའི་དཔོན་ཆེན་བཅས་སུ་བསྐོ་གཞག་གནང་རྗེས་ནམ་མཁའ་རྒྱལ་མཚན་གྱི་མི་མུས་རྒྱུད་བཅས་ལ་རིན་སྤུངས་རྫོང་འཇགས་གནས་ཤེལ་དམ་བསྩལ་བར་བརྟེན་དེ་ནས་བཟུང་རིན་སྤུངས་སྡེ་པ་རིན་སྤུངས་པའི་དབང་འཛིན་དུ་གྱུར་པ་མ་ཟད། སྡེ་དཔོན་གྱི་གནས་བབ་ཏུ་གྱུར་ནས་རིན་སྤུངས་སྡེ་པ་རིན་སྤུངས་པའི་བསྟི་གནས་ཕོ་བྲང་ལྟ་བུར་རྒྱས་སྐྲུན་བྱས་པ་ཞིག་ཡིན་པ་དེ་སྔའི་རིན་སྤུངས་རྫོང་ཁང་དེ་སྤྱིར་བཏང་རྫོང་ཁང་གཞན་དང་མི་བར་གཞི་རྒྱ་ཆེ་ལ། བཀོད་པའི་རྒྱས་སྤྲོས་ཕུན་སུམ་ཚོགས་པའི་ཐོག་ནས་མཚོན་པ་བཅས་ནམ་མཁའ་རྒྱལ་མཚན་ནས་ངག་དབང་འཇིགས་གྲགས་བར་རིན་སྤུངས་པའི་སྲིད་དབང་འཛིན་སྐྱོང་སྤེལ་གསུམ་གྱི་མི་རབས་བསྡོམས་ ༡༤ བྱུང་འདུག་རྣམས་ཀྱིས་ཡོངས་གྲགས་ལོ་རྒྱུས་ལྟར་ན་སྤྱི་ལོ་ ༡༤༨༡ ལོ་ནས་ ༡༥༦༥ ལོ་བར་ལོ་ངོ་ ༨༤ རིང་བོད་ཁམས་ལ་མངའ་དབང་བསྒྱུར་བའི་རིང་རིན་སྤུངས་འདི་ཉིད་ལྟེ་གནས་སུ་མཛད་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།