ཉང་སྟོད་རྒྱལ་མཁར་རྩེ་རྫོང༌ངོ་སྤྲོད།

ཉང་སྟོད་རྒྱལ་མཁར་རྩེ་རྫོང༌ངོ་སྤྲོད།

 

ཉང་སྟོད་རྒྱལ་མཁར་རྩེ་རྫོང་ནི། ད་ལྟ་གཞིས་ཀ་རྩེ་ས་གནས་རྒྱལ་རྩེ་རྫོང་གནས་ཡུལ་རྒྱལ་རྩེ་གྲོང་རྡལ་གྱི་རྫོང་རིའི་སྟེང་དུ་ཡོད། རྫོང་འདི་ཐོག་མའི་འབྱུང་ཁུངས་ནི་བཙན་པོ་རྒྱལ་པོ་གླང་དར་གྱི་གདུང་སྲས་དྲི་མ་མེད་པ་གནམ་ལྡེ་འོད་སྲུང་དང༌། སྲས་གཞན་མངའ་བདག་ཡུམ་བརྟན་གཉིས་རྒྱལ་སྲིད་ལ་མ་འཆམ་པས་ཡུམ་བརྟན་གྱིས་དབུ་རུ་དང༌། འོད་སྲུང་གིས་གཡོ་རུ་ཞེས་ལྷོ་བྱང་བཅད་བཟུང་གིས་དབུ་གཡོར་འཁྲུག་པ་བྱུང་སྟེ་བོད་ཁམས་སིལ་བུའི་དུས་འོད་སྲུང་ཕྱོགས་ཁག་སྟོབས་ཞན་ཕམ་ཁ་བྱུང་ནས་དབུས་གཙང་གྱེས་ཤུགས་ཇེ་ཆེར་སྟེ་མཐར་འོད་སྲུང་གི་སྐུ་ཚེའི་མཇུག་གཡོ་རུར་གནས་པའི་སྟོབས་ཤུགས་བརྟན་གནས་མ་ཐུབ་པར་གཙང་ཕྱོགས་སུ་འཕོ་སྐྱས་གནང་དགོས་བྱུང་རྐྱེན་འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན་གྱིས་དང་ཐོག་རྒྱལ་རྩེར་གནས་གཞི་བཅའ་སྟེ་མྱང་སྟོད་ཤར་ཁ་བ་ཞེས་པའི་ཡུལ་གྲུའི་རི་བོའི་རྩེར་ཕོ་བྲང་རྒྱལ་མཁར་རྩེ་ཟེར་བ་བསྐྲུན་པར་བརྟེན་བསྡུས་མིང་རྒྱལ་རྩེ་ཞེས་གྲགས་པ་བྱུང༌།

ཕོ་བྲང་དེ་ཉམས་འཇིག་ཏུ་སོང་བའི་རྗེས་ད་ལྟའི་རྒྱལ་རྩེ་རྫོང་མཁར་འདི་བཞིན་ཕག་གྲུ་ཁྲི་ཐོག་བཅུ་པ་གྲགས་པ་རྒྱལ་མཚན་གྱི་བཀའི་བློན་ཆེན་གྱི་སྲས་སུ་གཏོགས་པའི་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་པ་དཔལ་གྱིས་སྔར་མངའ་བདག་དཔལ་འཁོར་བཙན་གྱིས་ཕོ་བྲང་བཏབ་པའི་ཤུལ་དེར་ཉམས་པ་སོར་ཆུད་མཛད་པ་ཞིག་ཡིན། ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་རྣམ་ཐར་ལས། མྱང་སྟོད་གསེར་གཞུང་རིང་མོར་གྲགས་པའི་མཐིལ། སྣ་ཚོགས་འབྲུ་དང་མེ་ཏོག་བཞད་པའི་གླིང༌། བྱང་ཆུབ་ལྗོན་ཤིང་ཚུལ་དུ་ནགས་ཚལ་དབུས། བཀྲ་ཤིས་རྟགས་རྫས་བརྒྱད་ཀྱི་ཕྱོགས་མཚམས་བརྒྱན་པ་ཡིས། གསེར་ཁྱིམ་བརྒྱ་ཕྲག་བརྒྱད་ཀྱི་ཕྱོགས་མཚམས་མཛེས་པའི་རྒྱན། དཔལ་འཁོར་བཙན་གྱི་ཕོ་བྲང་གཏེར་གྱི་མཛོད། བྲག་རི་རིན་ཆེན་སྤུངས་འདྲའི་གདོང་ཅན་འདིར། ཚངས་པ་དབང་པོའི་གྲོང་ཁྱེར་སྐྱེངས་བྱེད་ཅེས་དང༌། ཡང་མཁས་གྲུབ་ཆེན་པོ་ཕྱོགས་ལས་རྣམ་རྒྱལ་གྱིས། སྐྱེ་རྒུ་མཛེས་པར་བྱེད་པའི་མགུལ་རྒྱན་དུ། རྣམ་རྒྱལ་ལྷ་ཡི་གྲོང་ཁྱེར་ས་གཞི་ལ། གསར་དུ་བབས་པ་ལྟ་བུའི་རྒྱལ་མཁར་གནས། ཡིད་འོང་ཕོ་བྲང་གྲངས་མེད་གསེར་ཁྱིམ་ལ། མཚུངས་མེད་རྒྱན་ལྡན་ལྟ་བས་ཆོག་མི་ཤེས། འཛམ་གླིང་ས་ཡི་ཐིག་ལེ་ལྟ་བུའི་གནས། རྒྱལ་མཁར་རྩེ་མོར་གསོན་པ་འདི་ཉིད་ཅེས་སོགས་ས་དཔྱད་བཀྲ་ཤིས་པའི་དགེ་མཚན་ལྡན་པའི་བསྔགས་བསྟོད་ཀྱི་མེ་ཏོག་ཐོར་བའི་རྫོང་མཁར་འདི་ནི་ནང་ཆེན་འཕགས་པ་དཔལ་གྱི་དུས་སུ་སླར་གསོ་མཛད་པ་དེ་ཁོ་ན་ཉིད་ཡིན་པར་མངོན་བཞིན། ཤིང་འབྲུག་དབྱིན་འགོག་དམག་འཁྲུག་སྐབས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་བོད་མི་དཔའ་བོ་མང་པོས་ཀྱང་རང་ས་རང་སྲུང་སླད་དགྲ་བོར་གཉའ་མི་སྒུར་བའི་རང་སྲོག་བློས་བཏང་གིས་ནམ་ཡང་མི་ནུབ་པའི་དགྲ་འཐབ་བྱས་རྗེས་འཇོག་ཡུལ་བཙན་རྫོང་གྲགས་ཅན་ཞིག་ཡིན་ལ། དཔལ་རྒོད་ཚོའི་བླ་མེད་མཛད་རྗེས་ལས་མྱང་སྟོད་རྒྱལ་མཁར་རྩེ་ལ་ཡང་དཔའ་བོའི་གྲོང་ཁྱེར་ཞེས་པའི་མཚན་སྙན་ཐོབ་པར་གྱུར་ལ། རྒྱལ་རྩེ་རྫོང་རི་འདི་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གནའ་ཤུལ་གལ་ཆེན་ཞིག་ཡིན་པས་རང་རེའི་ཕྱི་རབས་པ་དག་གིས་ངེས་པར་རྟོགས་དགོས།

རྒྱལ་རྩེ་རྫོང་ནི་གཞིས་རྩེ་ས་ཁུལ་གྱི་ལྷོ་ངོས་མྱང་ཆུ་གཙང་པོའི་ཆུ་འགོའི་མཚམས་སུ་གནས་ཡོད། ཤར་ངོས་སུ་ཁ་རོ་ལའི་འཁྱགས་རོམ་གནོད་སྦྱིན་གང་བཟང༌། བྱང་ངོས་པ་སྣམ་རྫོང༌། ལྷོ་ངོས་སུ་ཁང་དམར་རྫོང་དང་གམ་པ་རྫོང་གཉིས། བྱང་ཤར་ངོས་རིན་སྤུངས་རྫོང་བཅས་དང་ས་འབྲེལ་ཡིན་ཞིང༌། རྫོང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་ཧ་ལམ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༣༨༠༠ ཡོད། མི་གྲངས་ ༦༢༠༠༠ ལྷག་ཙམ་དང༌། ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༤༡༠༠ ཟིན་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།