ཉང་སྨད་པ་རྣམ་ལྷུན་གྲུབ་རྫོང༌ངོ་སྤྲོད།

ཉང་སྨད་པ་རྣམ་ལྷུན་གྲུབ་རྫོང༌ངོ་སྤྲོད།

       ཉང་སྨད་པ་རྣམ་ལྷུན་གྲུབ་རྫོང་ནི། ད་ལྟ་གཞིས་ཀ་རྩེ་ས་གནས་པ་རྣམ་རྫོང་པ་རྣམ་ཤང་པ་རྣམ་གྲོང་ཚོའི་རི་སྟེང་དུ་ཡོད། རྫོང་འདི་རབ་བྱུང་དྲུག་པའི་འགོར་ཏཱའི་སི་ཏུས་ས་སྐྱ་པའི་ལག་ནས་སྲིད་དབང་འཕྲོགས་རྗེས་དབུས་གཙང་གཉིས་སུ་རྫོང་ཆེན་བཅུ་གསུམ་བརྩིགས་པར་བཤད་པའི་ནང་ནས་གཅིག་ཡིན་ཞེས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ནང་གསལ་བ་མ་ཟད། རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་ནང་གསལ་ལྟར་ན། ཁོང་གི་མེས་པོ་ནང་ཆེན་འཕགས་པ་དཔལ་གྱི་སྣ་ཚོགས་དབྱིག་ཅེས་ཤིང་མོ་སྦྲུལ་ལོའི་ཟླ་བ་གཉིས་པའི་ཚེས་ཉི་ཤུ་ལ་རྩེ་ཆེན་དང༌། མཁར་ཁ། པ་སྣམ་ལྷུན་གྲུབ་རྩེ་རྣམས་ཀྱི་འགྲམ་གཞིས་སྐར་འཛིན་དུས་མཉམ་དུ་མཛད་ཅེས་པ་ལས། དེ་མིན་ས་མིང་སྐོར་ཡིག་རིགས་ངེས་གསལ་མ་མཆིས་ཀྱང་པ་སྣམ་ཞེས་པའི་ས་མིང་ཐ་སྙད་སྐོར།
ཟེར་སྲོལ་ལ་གླིང་གེ་སར་རྒྱལ་པོས་བདུད་ཨ་ཁྱུང་རྒྱལ་པོ་འདུལ་བར་ཕེབས་སྐབས་པ་སྣམ་དུ་སྒར་ས་བབས་པར་བརྟེན་དཔལ་རྣམ་པར་རྒྱལ་བའི་ས་ཞེས་ཐོགས་པ་ཡིན་ཡང་མིང་ཟུར་ཆག་སྟེ་བསྡུས་མིང་ལ་པ་སྣམ་ཞེས་པར་འགྱུར་བ་དང༌། ཡང་མྱང་ཆོས་འབྱུང་ལས། གླིང་གེ་སར་རྒྱལ་པོས། རྒྱ་ཁྲི་ཤིང་ཁྲི་སྒོ་བྱེད་པ་ལ། །སྨད་ཡུལ་གླིང་དཀར་སྟོད་གཅིག་བྱུང༌། །ཧོར་ཡུལ་ཨོ་དམར་ལྡིང་ཆེན་དུ། །ཧོར་གུར་དཀར་རྒྱལ་པོ་འདུལ་བ་ལ། །ཧོར་ཡུལ་གླིང་དཀར་སྟོད་གཅིག་བྱུང༌། །འདྲེ་ཀླུ་བཙན་ཐོས་ཞེས་བྱ་བ་དང༌། །འབྲོང་ཀ་ཀ་རྭ་རིང་འདུལ་བ་ལ། །བར་ཡུལ་གླིང་དཀར་སྟོད་གཅིག་བྱུང༌། །ཞེས་གསུངས་པའི་བར་གྱི་གླིང་དཀར་སྟོད་དེ་པ་སྣམ་གྱི་ཡུལ་དེ་ཡིན་ཏེ། གླིང་གི་གྲ་མ་སྨུག་གུ་ནི་པ་སྣམ་རྫོང་གི་ནུབ་བྱང་གི་ཕྱོགས་ཐམས་ཅད་བསྔོགས་དུས་ཞིང་མེད་གྲ་མ་ཁོ་ནས་ས་ཡུལ་རྣམས་ཁེངས་ཡོད་པ་ཕྱིས་ཞིང་དུ་བཅོས་ཀྱང༌། ཞིང་དཀྱིལ་གྱི་སྟོང་ཆ་རྣམས་གྲ་མས་ཁེངས་ཡོད། གླིང་གི་འཇག་ཐང་སྐྱ་མོ་ནི་པ་སྣམ་གྱི་བྱང་ཤར་ཉིན་ལམ་གཅིག་གི་ས་ཡུལ་ཐམས་ཅད་འཇག་མས་ཁེངས་ཡོད་ཀྱང༌། ཕྱིས་ཉེ་བའི་དུས་ས་ཡུལ་དེར་སྐྱེ་ཚེར་བཏབ་པ་ཡིན་ལ། ཐག་རིང་སའི་ཕྱོགས་ལ་ད་ལྟ་ཡང་འཇག་མ་ཡོད། གླིང་གི་ཟམ་པ་གུར་མོ་ནི་པ་སྣམ་མདུན་གྱི་ཟམ་པ་དེ་ཡིན། རྒྱལ་པོའི་ཕོ་ལྷ་གྱེར་ཚོན་དཀར་པོ་མ་ཎི་དགོན་པའི་ལྟག་གི་ལྷ་གཙུག་དེར་གནས་ཤིང༌། པ་སྣམ་སྤྱི་ཞོལ་གྱི་ལྷ་མཆོད་རྒྱས་པ་སྟོན་བཙས་གོང་རྒྱུན་དུ་བྱེད། མོ་ལྷ་གུར་སྨན་རྒྱལ་མོ་ནི་ལྷ་རི་དེ་ཡིན། ཚང་རོག་དུག་སྦྲུལ་ནག་པོ་ལྷོའི་ཕྱོགས་ན་གནས་པའི་དེང་སྐབས་བཟའ་བདུད་པ་ཟེར་བ་བཅས་ཡིན་ལུགས་དང༌། སྤྲུལ་པའི་རྒྱལ་པོས་པ་སྣམ་དེར་ཞབས་ཀྱིས་བཅགས་ཤིང་བཞུགས་པའི་གནས་མཛད་པའི་ས་ཡུལ་ཁྱད་པར་ཅན་དུ་འཕགས་པའོ། །ཞེས་གསལ་བར་བལྟོས་ན་ཡུལ་གྱི་མིང་གཞི་གོང་གི་ངག་རྒྱུན་ཟེར་སྲོལ་དོན་ལ་གནས་སྙམ་ཡང༌། ཟེར་སྲོལ་གཞན་ཞིག་ལ་དུས་རབས་བཅུ་གསུམ་པའི་སྐབས་སུ་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ་དང༌། རྣམ་སྣང་ལོ་ཙཱ་བ་རྡོ་རྗེ་བདུད་འདུལ་རྣམ་གཉིས་པ་སྣམ་དུ་སྐུ་འཁྲུངས་ཤིང༌། ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས་ཁོང་རྣམ་གཉིས་ལ་དྲན་གསོ་ཞུ་བའི་ཆེད་དུ་རུས་རིང་གཉིས་གཅིག་ཏུ་འདུས་པའམ་མཚན་ཟུར་ལ་བརྟེན་ནས་ཡུལ་མིང་དུ་སྦྱར་བ་བརྟེན་ནས་པ་རྣམ་ཞེས་བྱུང་ལུགས་གསུང་སྲོལ་མི་འདྲ་བ་བཅས་སོ།།

པ་སྣམ་རྫོང་ནི་གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་ཕྱོགས། མྱང་ཆུ་གཙང་པོའི་དཀྱིལ་རྒྱུད་དུ་གནས་ཡོད་པ་དང༌། དེ་སྔའི་པ་སྣམ་རྫོང་དང༌། དབང་ལྡན་རྫོང༌། འདུས་བྱུང་རྫོང་བཅས་མཉམ་དུ་ཟླ་བསྒྲིལ་ཏེ་པ་སྣམ་རྫོང་གསར་དུ་བཙུགས་པ་དང༌། ད་ལྟའི་རྫོང་གནས་ཡུལ་ནོར་བུ་ཁྱུང་རྩེར་ཡིན། ས་འབྲེལ་དུ་ཤར་ཕྱོགས་རྒྱལ་རྩེ་རྫོང་དང་ཁང་དམར་རྫོང་གཉིས། ལྷོ་ཕྱོགས་གྲོ་མོ་རྫོང་དང་གམ་པ་རྫོང་གཉིས། ནུབ་ཕྱོགས་ས་སྐྱ་རྫོང༌། བྱང་ཕྱོགས་གཞིས་རྩེ་གྲོང་ཁྱེར་བཅས་དང་འབྲེལ་ཡོད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༢༧༥༨་༩༩ ཡོད་པ་དང༌། རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྤྱི་ཁྲེ་ ༤༢༠༠ མི་གྲངས་ ༤༡༧༩༨ ཡོད། པ་སྣམ་རྫོང་ནི་བོད་ཀྱི་གཤོངས་སའི་ཆ་ཤས་ཤིག་ཡིན།

གོང་གསལ་རྫོང་ཆེན་བཅུ་གསུམ་ནས་བྱེ་རི་སྟག་རྩེ་རྫོང་དང༌། བྲག་དཀར་བདེ་ཆེན་རྫོང༌། ཆུ་ཤུར་ཡར་གསུམ་ལྷུན་པོ་རྩེ་རྫོང་སོགས་ཁ་ཤས་ ༡༩༥༩ ལོའི་གོང་ནས་ཞིག་རལ་གྱིས་གྱང་རོ་ཡིན་པ་དང༌། འཕན་པོ་ལྷུན་གྲུབ་རྫོང་དང༌། འཕྱོངས་རྒྱས་འཕྱིང་བར་སྟག་རྩེ་རྫོང༌། ཡར་རྒྱབ་གོང་དཀར་རྫོང༌། འོལ་དགའ་སྟག་རྩེ་རྫོང་སོགས་ནི་ ༡༩༥༩ བར་ཁང་པ་ཉམས་མེད་བེད་སྤྱོད་བྱེད་མུས་ལ་ཕལ་ཆེ་བ་རིག་གསར་སྐབས་གཏོར་བཤིག་སོང༌། རྒྱལ་རྩེ་རྫོང་ནི་ད་ལྟ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་གནས་ཀྱི་བལྟ་སྐོར་བྱ་ཡུལ་དང༌། གནའ་ཤུལ་སྲུང་སྐྱོབས་བྱ་ཡུལ་གྱི་གྲས་ཡིན།

གོང་གསལ་ཀློང་རྡོལ་གྱི་གསུང་འབུམ་ནང་གསལ་དབུས་གཙང་གཉིས་ཀྱི་ས་འགག་ཏུ་རྫོང་ཆེན་བཅུ་གསུམ་བརྩིགས་པ་རྣམས་ལས་དེང་ལྷོ་ཁ་ས་ཁུལ་ཁོངས་སུ། ༡ སྣེ་གདོང་རྫོང་དང༌། ༢ འཕྱོངས་རྒྱས་འཕྱིང་བ་སྟག་རྩེ་རྫོང༌། ༣ འོལ་དགའ་སྟག་རྩེ་རྫོང༌། ༤ ཡར་རྒྱབ་གོང་དཀར་རྫོང༌། ༥ ཡར་འབྲོག་དཔལ་སྡེ་རྫོང་བཅས་རྫོང་ལྔ་དང༌། ལྷ་ས་གྲོང་ཁྱེར་གྱི་མངའ་ཁོངས་སུ། ༡ བྱེ་རི་སྟག་རྩེ་རྫོང་དང༌། ༢ བྲག་དཀར་བདེ་ཆེན་རྫོང༌། ༣ འཕན་པོ་ལྷུན་གྲུབ་རྫོང༌། ༤ ཆུ་ཤུར་ཡར་གསུམ་ལྷུན་པོ་རྩེ་རྫོང༌། ༥ སྣེའུ་རྫོང་བཅས་རྫོང་ཁག་ལྔ་དང༌། གཞིས་རྩེ་ས་ཁུལ་ཁོངས། ༡ ཉང་སྟོད་རྒྱལ་མཁར་རྩེ་རྫོང་དང༌། ༢ ཉང་སྨད་པ་རྣམ་ལྷུན་གྲུབ་རྫོང༌། ༣ རོང་རིན་སྤུངས་རྫོང་བཅས་རྫོང་རྫོང་ཆེན་བཅུ་གསུམ་ཡོད་པ་རྣམས་ཀྱི་མཚན་ཙམ་དང༌། གོང་གསལ་རྫོང་བཅུ་གསུམ་གྱི་མིང་རྗེས་སུ་གཙང་པ་སྡེ་པས་གཞིས་ཀ་བསམ་གྲུབ་རྩེ་རྫོང་དང༌། གཙང་སྟོད་ལྷ་རྩེའི་རྫོང༌། སྐྱིད་ཤོད་གདོང་མཁར་རྫོང་བཅས་སྐྲུན་ཅེས་འཁོད།

བརྒྱུད་སྐུལ།

མཆན་སྤེལ།