གཙང་སྟོད་ལྷ་རྩེ་རྫོང༌ངོ་སྤྲོད།

གཙང་སྟོད་ལྷ་རྩེ་རྫོང༌ངོ་སྤྲོད།

 

ལོ་རྒྱུས་ཡིག་རིགས་ལྟར་ན། བོད་རྒྱལ་གྱི་གདུང་རྒྱུད་གླང་དར་མའི་སྲས་གནམ་ལྡེ་འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན་རྒྱལ་རྒྱུད་ཁྲིར་འཁོད་སྲིད་དབང་ལོ་བཅོ་བརྒྱད་བསྐྱངས་རྗེས་གཡོ་རུའི་མངའ་ཐང་ཕལ་ཆེར་ཤོར་ཏེ་གཙང་དུ་འཕོ་སྐྱེས་གནང་དགོས་བྱུང་སྟེ། ཐོག་མར་རྒྱལ་རྩེར་ཕྱག་ཕབ་ཀྱིས་ཕོ་བྲང་རྒྱལ་མཁར་རྩེ་ཞེས་པ་བསྐྲུན་པར་མཛད་ཅེས་དང༌། ཡང་ཡབ་གཤེགས་རྗེས་གཙང་གི་གྲོམ་པ་ལྷ་རྩེར་རྫོང་ཆོས་འཁོར་རྒྱ་ཆེར་བསྐོར་ཅིང༌། སྐུ་ཚེའི་མཇུག་གྲོམ་པ་ལྷ་རྩེར་བྲག་ལ་ཕོ་བྲང་མཛད་ནས་བཞུགས་སོ། །ཞེས་གསལ་བར་གཞིགས་ན་དེ་སྔའི་ལྷ་རྩེ་རྫོང་མཁར་ཐོག་མ་འདིའི་དུས་བྱུང་བར་ཡིན་འདྲ་ཡང༌།
ངག་རྒྱུན་ཟེར་སྲོལ་ལ་ས་སྐྱ་བས་བོད་ཀྱི་སྲིད་དབང་གི་ཁ་ལོ་བསྒྱུར་སྐབས་རྫོང་མཁར་འདི་ཉིད་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་སུ་བསྐྲུན་པར་མཛད་ལུགས་དང༌། འགྲོ་མགོན་ཆོས་རྒྱལ་འཕགས་པ་རྫོང་འདིར་ཐོག་མར་རྫོང་གི་རི་རྩེར་ཉི་མ་ལྷགས་སེ་ཤར་བ་དང་དུས་མཚུངས་སུ་ཕེབས་པའི་རྟེན་འབྲེལ་ལེགས་འགྲིག་བྱུང་བར་བརྟེན་རྫོང་མིང་ལ་ལྷགས་རྩེ་ཞེས་ཐོགས་ཀྱང་སྒྲ་ཟུར་ཆག་སྟེ་ཡོངས་གྲགས་ལྷ་རྩེ་ཟེར་བར་འགྱུར་ལུགས་དང༌། ཡང་ཤོད་སྲོལ་གཞན་ཞིག་ལ་ལྷ་རྩེ་རྫོང་མཁར་གྱི་རྟེན་གཞིའི་རི་བོ་བདེ་མཆོག་ཡབ་ཡུམ་ཞལ་སྤྲོད་ཀྱི་ཕོ་བྲག་མོ་བྲག་ལས་རང་གྲུབ་ཀྱི་རྩེ་མོར་རྫོང་མཁར་ཆགས་པར་བརྟེན་ལྷ་རྩེ་ཞེས་པའི་ཐ་སྙད་བྱུང་ཚུལ་དེ་ལྟར་ཡིན་ལུགས་ཐད་རྫོང་མཁར་རྟེན་གཞིའི་རི་བོ་སྲིད་པའི་བྲག་རི་ཡིན་པར་སོང༌། དེ་ལྟར་ཁུངས་ལུང་དག་པར་སྣང༌། འོན་ཀྱང་དཔལ་འཁོར་བཙན་དགུང་ལོ་སོ་གཅིག་ཐོག་གྲོམ་པ་ལྷ་རྩེར་སྟག་རྩེ་གཉགས་ཀྱིས་བཀྲོངས་ལུགས་ལྟར་ན་དཔལ་འཁོར་བཙན་གྱིས་བསྐྲུན་པའི་ཕོ་བྲང་དེ་ཉམས་འཇིག་སོང་རྗེས་ས་སྐྱ་བའི་སྐབས་སླར་གསོ་བྱས་པ་དོན་དུ་གནས་ཀྱང་ལྷགས་རྩེ་ཞེས་པ་སྐབས་དེའི་མངོན་བསྟོད་མཚོན་བྱེད་ཙམ་དུ་སྨྲ་སྲོལ་རྒྱུན་ཆགས་པ། རྫོང་ཆགས་གནས་རི་བོའི་ཁྱད་ཆོས་ད་ལྟའི་བར་ཡང་དམངས་ཁྲོད་གནས་བཞིན་པ་ལྟར་ན་མིང་དངོས་ལྷ་རྩེ་ཞེས་ཁུངས་བཙན་པར་ངེས་ལ། དུང་དཀར་ཚིག་མཛོད་ལས། འོལ་བ་ལྷ་རྩེ་ནི། བསྟན་པ་ཕྱི་དར་འགོ་ཚུགས་པའི་སྐབས་ཙམ་ལ་སྨད་ཀྱི་སྡེ་གསུམ་གྱིས་ལྷ་རྩེ་ཁུལ་འདི་ལ་རྟེན་གཞི་བྱས། འབྲོག་མི་ཤཱཀྱ་ཡེ་ཤེས་སོགས་རྒྱ་གར་དུ་སློབ་གཉེར་ལ་བཏང༌། དེ་ནས་རབ་བྱུང་དྲུག་པའི་ནང་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སོགས་སྐུ་འཁྲུངས། དུས་ཕྱིས་གོང་མ་གཡུང་ཌིང་སྐབས་པཎ་ཆེན་བློ་བཟང་ཡེ་ཤེས་ལ་ལྷ་ངམ་ཕུན་གསུམ་སྟེ། ལྷ་རྩེ། ངམ་རིང༌། ཕུན་ཚོགས་གླིང་བཅས་རྫོང་ཁག་གསུམ་གསར་སྦྱོར་བྱས་ཞེས་འཁོད་ཅིང༌། འོལ་བ་ལྷ་རྩེ་རྫོང་གི་བཟོ་དབྱིབས་ནི་ལྷ་ལྡན་ཕོ་བྲང་པོ་ཏ་ལ་དང༌། གཙང་གི་གཞིས་ཀ་བསམ་གྲུབ་རྩེ། སྟོད་ཀྱི་འོལ་བ་ལྷ་རྩེ་གསུམ་བཟོ་དབྱིབས་ཕྱོགས་མཚུངས་ལྟ་བུ་ཡོད་པ་ཡུལ་མིའི་ངག་རྒྱུན་དུ་གསལ་ཞིང༌། འོལ་བ་ལྷ་རྩེ་རྫོང་དང་རྫོང་རིའི་སྟེང་དང་ལྡེབས་སུ་ཡོད་པའི་ངོ་མཚར་ཅན་གྱི་རང་བྱོན་སོགས་ཕྱི་ནང་སྣོད་བཅུད་དང་བཅས་པ་རིག་གསར་སྐབས་རྩ་གཏོར་སོང་སྟེ་ད་ལྟའི་ང་ཚོའི་འདྲེན་བྱེད་དུ་སྣང་བ་ནི་སྔར་གྱི་རྗེས་ཤུལ་ཙམ་གནས་པ་འདི་ཁོ་ནའོ། །

བརྒྱུད་སྐུལ།

མཆན་སྤེལ།