སྐྱིད་ཤོད་གདོང་མཁར་རྫོང༌ངོ་སྤྲོད།

སྐྱིད་ཤོད་གདོང་མཁར་རྫོང༌ངོ་སྤྲོད།

སྐྱིད་ཤོད་གདོང་མཁར་རྫོང་ནི། དེང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཁོངས་གདོང་དཀར་གྲོང་ཚོའི་ཉེ་འགྲམ་གྱི་རི་སྟེང་དུ་ཡོད་ལ། དུང་དཀར་ཚིག་མཛོད་ལས། ཕོ་བྲང་གོང་རི་དཀར་པོ་ནི། སྤྱི་ལོའི་དུས་རབས་ ༡༤ པའི་དུས་དཀྱིལ་དུ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཀྱི་སྲིད་དབང་བཟུང་སྐབས་དབུས་གཙང་གཉིས་སུ་རྫོང་ཆེན་བཅུ་ཐམ་པ་བརྩིགས་པའི་གྲས་དེང་སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་གྲོང་ཚོའི་འགྲམ་གྱི་རི་སྟེང་དུ་རྫོང་ཤུལ་ཡོད་པ་དེ་ཡིན་ཚུལ་གསལ་མོད།
འོན་ཀྱང་ཀློང་རྡོལ་གྱི་གསུང་འབུམ་ནང་རྫོང་ཆེན་བཅུ་གསུམ་གྱི་མིང་གི་རྗེས་སུ་གཙང་པ་སྡེ་པས་གཞིས་ཀ་བསམ་གྲུབ་རྩེ་རྫོང་དང༌། གཙང་སྟོད་ལྷ་རྩེའི་རྫོང༌། སྐྱིད་ཤོད་གདོང་མཁར་རྫོང་བཅས་སྐྲུན་ཅེས་འཁོད་པས་དུང་དཀར་ཚིག་མཛོད་ནང་གསལ་དང་མི་མཐུན་པ་ལ་ཟད། དུང་དཀར་ཚིག་ནང་རྫོང་བཅུ་ཐམ་པ་ཞེས་ཀྱང་གསལ་བས་གྲངས་ངེས་མི་མཐུན་པ་གཉིས་དཔྱད་གཞིར་སྣང་ངོ༌། སྐྱིད་ཤོད་ཅེས་པ་ལྷ་སའི་གཙང་པོ་ལ་མིང་དངོས་སྐྱིད་ཆུ་དང་དེའི་འབབ་ཡུལ་གྱི་ལུང་པའི་མིང་ལ་སྐྱིད་ཤོད་ཟེར། དེ་ལ་སྟོད་སྨད་གཉིས་ཏེ་འབྲི་གུང་གི་ས་སྣེ་རྫོགས་མཚམས་ལྡན་དང་འབྲོམ་སྟོད་སྟག་རྩེ་ཁུལ་ཡན་ལ་སྐྱིད་སྟོད་དང༌། དེའི་མན་ཆད་ཡར་ལུང་གཙང་པོ་དང་སྐྱིད་ཆུ་འདྲེས་མཚམས་ཆུ་ཤུལ་ཡན་སྐྱིད་སྨད་ཅེས་བརྗོད་པས་སྐྱིད་གཤོངས་ཀྱི་སྟོད་སྨད་གཉིས་ལས་སྐྱིད་སྨད་ཕྱོགས་ཀྱི་སྟོད་ལུང་ཁོངས་སྐྱིད་ཤོད་གདོང་མཁར་རྫོང་འདི་ཉིད་ཡིན་པ་ར་སྤྲོད་གསལ་བར་སྣང་བ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།