འུ་ཡུག་གླིང་དཀར་རྫོང༌།

འུ་ཡུག་གླིང་དཀར་རྫོང༌།

ཏུན་ཧོང་ཡིག་རྙིང་ནང༌། སྟག་གི་ལོ་༼ལྕགས་སྟག་སྤྱི་ལོ་ ༦༩༠༽ལ་བབསྟེ། ་་་་་དབོན་ད་རྒྱལ་དང་བློན་ཆེ་ཁྲི་འབྲིང་གྱིས། རྩང་གི་གླིང་དཀར་ཚལ་དུ་བསྡུསྟེ། རྩང་ཆེན་ཕོའི་ཁྲམ་དམར་པོ་བཏབ། ཅེས་པ་ལྟར་བཙན་པོ་འདུས་སྲོང་མང་པོ་རྗེའི་སྐུ་དུས་སུ་ས་ཆ་དེར་བློན་ཆེན་དྲག་གྲས་རྣམས་འདུ་འཛོམས་ཐོག་བོད་ཀྱི་དམག་སྲིད་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱེད་མྱོང་ལ། ྋརྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། ཕག་མོ་གྲུ་པའི་སྡེ་སྲིད་དབང་གྲགས་པ་འབྱུང་གནས་ཀྱི་སྐབས་བྱང་ཕྱོགས་ཀྱི་སོ་ཁ་བསྲུང་བར་འུ་ཡུག་གླིང་དཀར་གྱི་རྫོང་བརྩིགས་ཞེས་གསལ།
འུ་ཡུག་གླིང་དཀར་ནི་དེ་སྔོན་གཙང་གཞིས་ཀ་རྩེ་ནས་བྱང་ནག་ཆུ་དང༌། དབུས་ལྷ་ས་བཅས་ལ་འགྲོ་བའི་ལམ་བརྒྱུད་འགག་སྒོ་བཙན་པོ་ཞིག་ཡིན་ཞིང༌། དེང་སང་གཙང་རྣམ་གླིང་རྫོང་ཁོངས་སྟག་རྩེ་ཤང་གི་མངའ་ཁོངས་སུ་ཡོད། བོད་བཙན་པོའི་སྐབས་ཀྱི་རྩང་གི་གླིང་དཀར་ཚལ་བྱ་བ་དེ་དེང་འུ་ཡུག་གླིང་དཀར་རྫོང་ཆགས་སའི་ཁུལ་འདི་རང་ཡིན་འདུག་ཅིང༌། གཞིས་རྩེ་ས་གནས་རྣམ་གླིང་རྫོང་ཁོངས་སྔར་འུ་ཡུག་གླིང་དཀར་རྫོང་ནི། སྣེ་གདོང་མི་དབང་གྲགས་པ་འབྱུང་གནས་ཀྱིས་བརྩིགས་པར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ནས་གསལ་ཡང༌། དབུས་གཙང་རྫོང་ཆེན་བཅུ་གསུམ་གྱི་ཁོངས་སུ་འདི་ཡང་མི་སྣང་ངོ༌། །

གཞན་ཡང༌། ཕག་གྲུས་རབ་བྱུང་ ༤ པའི་ཤིང་སྟག་སྤྱི་ལོ་ ༡༢༥༤ ལོ་ནས་ལོ་ ༡༣ རིང་ཁྲི་དཔོན་བྱས་པའི་རིང་ལ་སྣེ་གདོང་དང༌། ཧ་ལ་སྒང༌། སྣ་མོ། ཟངས་རི་ཕོ་བྲང་སྒང༌། ཚོང་འདུས་བྲག་ཁ། ཐང་པོ་ཆེ་གླིང་སྨད། འཕྲོས་གཞིས་ཀ མོན་མཁར་བཀྲིས་གདོང༌། རྒྱལ་ཐང༌། ལྕགས་རྩེ་གྲི་ཁུ། མཆོད་རྟེན་གླིང༌། ཆད་དཀར་བཅས་གཞིས་ཀ་བཅུ་གཉིས་ཀྱང་བརྩིགས་པར་དུང་དཀར་ཚིག་མཛོད་དུ་གསལ་བ་བཅས་སོ།།

 

དཔྱད་གཞིའི་ཡིག་ཆ།

༡༽ ལྷོ་རོང་ཆོས་འབྱུང༌།                                ༢༽ ལྷོ་ཁ་ཁུལ་གྱི་གནས་བཤད་ལམ་ཡིག་གསར་མ།

༣༽ གཞིས་རྩེའི་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས།     ༤༽ བོད་ལྗོངས་སློབ་ཆེན་གྱི་རིག་དེབ། ༢༠༠༥། ༢།

༥༽ དེབ་ཐེར་དམར་པོ།                                 ༦༽ རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར།

༧༽ མྱང་ཆོས་འབྱུང༌།                                  ༨༽ དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

༩༽ དུང་དཀར་ཚིག་མཛོད་ཆེན་མོ།                        ༡༠༽ ལྷོ་ཁའི་ཆོས་འབྱུང་སྐྱེས་མའི་ནུ་རིན།

༡༡༽ སྤང་རྒྱན་མེ་ཏོག ༢༠༠༥། ༢།                        ༡༢༽ ལྷ་ས་ཁུལ་གྱི་གནས་བཤད་ལམ་ཡིག་གསར་མ།

༡༣༽ ཏུན་ཧོང་ནས་ཐོན་པའི་བོད་ལྗོངས་ས་མིང༌།             ༡༤༽ ཆོས་འབྱུང་མཁས་པའི་དགའ་སྟོན།

བརྒྱུད་སྐུལ།

མཆན་སྤེལ།