ངན་པ་དགུ་འཛོམས་ཀྱི་ངོ་སྤྲོད་དོགས་གཅོད་རལ་གྲི།

ངན་པ་དགུ་འཛོམས་ཀྱི་ངོ་སྤྲོད་དོགས་གཅོད་རལ་གྲི།

སྐར་རྩིས་པ། ལ་སྟོད་ཤེལ་དཀར་ལྷ་དབང་ཚེ་རིང་གིས་བརྩམས།

ཨོཾ་སྭསྟི། རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས་འདིར་བཤད་གཞི་གཙོ་བོ་ནི། ངན་པ་དགུ་འཛོམས་ཀྱི་སྐོར་ཏེ། དེ་ཡང་དང་པོ་ཡོངས་གྲགས་བོད་ཟླ་༡༡ ཚེས་༦ ཉིན་ནི་བོད་མིའི་སྤྱི་ཚོགས་ནང་དུས་ཚོད་ངན་པ་དགུ་འཛོམས་ཞེས་ཡོངས་སུ་གྲགས་ཤིང་། རང་རེ་བོད་མི་རྣམས་ཀྱིས་དེ་ཉིན་གལ་ཆེའི་ལས་མ་བྱེད་པར་དུས་ཚོད་ངན་པ་ཞིག་ཏུ་ངོས་འཛིན་གྱིས། དེ་ལ་ཁྱད་གསོད་ཆེད་དུ་ནང་དུ་དགའ་ཉེ་ངོ་འཛོམས་ཐོག་སྤྲོ་སྐྱིད་གཏོང་བ་དང་། སང་ཉིན་དེར་ངན་པའི་ལྡོག་ཕྱོགས་བཟང་པོ་བཅུ་འཛོམས་ཞེས་ངན་པ་ལས་ལྷག་པའི་བཟང་པོར་ངོས་བཟུང་ནས་མུ་མཐུད་སྤྲོ་སྐྱིད་གཏོང་བ་དང་། དེ་ལ་དམངས་ཀྱི་ངག་སྒྲོས་སུ་ཁྱེད་ངན་པ་དགུ་འཛོམས་ན། ང་བཟང་པོ་བཅུ་འཛོམས་ཞེས་ཤོད་སྲོལ་ཡོད།

གཉིས་པ་རྩིས་རིག་པའི་ངོས་ནས་བཤད་ན། ངན་པ་དགུ་འཛོམས་ཞེས་པ་ནི་ལོ་གཅིག་ནང་ཟླ་བ་བཅུ་གཉིས་ཡོད་ཁོངས་ནས་བོད་ཟླ་༡༡ ཚེས་༦ ཉིན་ཡིན་པ་དང་། ཟླ་བ་དེ་ཡང་ནག་རྩིས་ལུགས་ཁོ་ནའི་ཟླ་བའི་ཐོག་མ་དཔྱིད་ཟླ་ར་བ་སྟེ་སྟག་གི་ཟླ་བའི་ཚེས་༦ ཉིན། ཉི་མ་ནག་ཆེན་ཞེས་པ་དེ་ཡིན་ལ། དེ་ལོའི་ཐོག་མ་སོང་བས་ངན་ཆེ་བར་གསུངས་པ་ལས་གཞན་ད་དུང་ཡང་ཟླ་བ་རེ་རེ་ལ་ཉི་ནག་རེ་འཆར་བས་ལོ་གཅིག་ནང་ཉི་ནག་བཅུ་གཉིས་ཡོད།

གསུམ་པ་དེ་ལྟར་རྒྱུ་མཚན་མདོར་བསྡུས་ཤིག་ཞུས་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསུང་རྩིས་གཞུང་བཻ་དཀར་ནང་ལེའུ་ ༣༡ པ་ས་བདག་ལེའུའི་ནང་ཚེས་ལ་རྒྱུ་བའི་ས་བདག་བསྟན། དེ་ལ་རྩ་ཚིག་ཏུ། ཉི་མ་ནག་ཆེན་ཞེས་གྲགས་པ། །ཡ་བདུད་རྡོ་རྗེ་གློག་ཕྲེང་དང་། །ས་སྲིན་འབར་མ་བྱ་བ་ལ། །བུ་ནི་རཱ་ཧུ་ལ་ཞེས་དང་། །བུ་མོ་འབྲོག་སྲིང་ཆུ་སྲིན་གདོང་། །དེ་འོག་སྟག་སྲིང་ཟོར་གདོང་དང་། །དེ་འོག་ཀོང་སྲིང་བ་ལང་གདོང་། །ཆུང་བ་བམ་སྲིང་འདྲེ་གདོང་བཞི། །ཞེས་ནག་རྩིས་རང་ལུགས་སུ་བྱུང་བའི་ཐོག་མར་སྲིད་པ་ཆགས་པའི་དུས་སུ་སྲིད་པའི་ལྷ་ཆེན་སྡེ་བརྒྱད་རིམ་བཞིན་བྱུང་བའི་སྐབས་གོང་འཁོད་ས་བདག་ཕ་ཡ་བདུད་རྡོ་རྗེ་དང་། མ་ས་སྲིན་འབར་མ་གཉིས་འདུས་པ་ལས་བུ་ཚ་མིང་སྲིང་ལྔ་བྱུང་བའི་ཁོངས་ནས། བུ་ཆེ་བ་རཱ་ཧུས་རི་རབ་ལ། གཡས་བསྐོར་གྱིས་བུ་མོ་ཆུང་བ་བམ་སྲིད་འཚོལ་དུ་ཕྱིན་པར། བམ་སྲིང་གཡོན་སྐོར་བས། དཔྱིད་རའི་ཚེས་བདུན་ཉིན་མནོལ་ཤོར་དུས། ཞེས་ཁོང་སྤུན་གཉིས་དཔྱིད་ར་སྟེ་སྟག་གི་ཟླ་བའམ། ཡོངས་གྲགས་བོད་ཟླ་ ༡༡ ཚེས་ ༧ ཉིན་ཕན་ཚུན་སྤུན་ངོ་མ་ཆོད་པར་མནོལ་ཤོར་ཞེས་པར། འདོད་པ་སྤྱད་པས་མནོལ་བཙོག་དེས་རྐྱེན་བྱས་ནས་འབྲས་བུའི་ཐ་སྙད་དུ། ངན་པ་དགུ་འཛོམས་ཞེས། འོག་རླུང་སྟེང་དང་སྟེང་རླུང་འོག །ཐད་རླུང་འཁྱུག་ཅིང་འབྱུང་ལྔ་འཁྲུགས་པས་ན། །བཙན་དུག་ལྟ་བུའི་ཉི་མ་འཆར་ཞེས། །རྣམ་པ་དགུ་རུ་འདྲེན་ན་ཡང་། །ཡང་དག་དོན་གྱི་སྙིང་པོ་རུ། །ངན་པའི་མང་ཚིག་དགུ་ཉིད་དམ། །ངན་པ་ཐ་ཆད་མིང་དུ་འདོད། །ཅེས་གནམ་སའི་རླུང་དང་། འབྱུང་ལྔ་འཁྲུགས་ཤིང་བཙན་དུག་ལྟ་བུའི་ཉི་མ་སྟེ་སྐྱེ་བོ་ཀུན་ལ་གནོད་པའི་ཉི་མ་འམ་ཚེས་གྲངས་དེ་འཆར་བ་ཡིན་ཞིང་། རྒྱུ་མཚན་དེ་འདྲར་བརྟེན་ངན་པ་གྲངས་དགུ་རུ་ངོས་འཛིན་རྒྱུ་མིན་པར། ངན་པའི་ནང་ནས་ངན་པ་སྡུག་ཤོས་སམ་ངན་པ་མང་པོ་ཚོགས་པའི་ཉི་མ་ཡིན་ཞེས་པའི་དོན་ཡིན།

བཞི་པ་དེ་ལ་དངོས་བསྟན་ཚེས་ ༧ ཡིན་ཡང་ཚེས་ ༦ ལ་རྩི་དགོས་པ་ཚེས་གྲངས་ཀྱི་འགྲོ་ཚུལ་ལས་ལོ་མང་ཆེ་བར་ཚེས་ ༦ གི་སྔ་ཕྱི་ཆུ་ཚོད་གང་ཡིན་ཞིག་ནས་ཚེས་༧ གྱི་དེའི་ཚད་ཙམ་བར་འཆར་ཡུན་ཉིན་ཞག་ ༡ གི་རིང་ངམ་རགས་རྩིས་སུ་ལག་འཁོར་ཆུ་ཚོད་ ༢༤ ཙམ་གྱི་ཚད་ཡིན། དེ་བཞིན་གོང་འཁོད་རཱ་ཧུ་དང་བམ་སྲིང་གཉིས་འདུས་པས་བམ་སྲིང་ལ་མངལ་ཆགས་ནས། ཟླ་༡༢ ཚེས་༡༤ གྲོད་ཐུམ་སྐྱེས། དེ་ནས་བོད་ཟླ་ ༡ ཚེས་ ༢༡ ལ་གྲོད་པ་དེ་རྡོལ། དེ་བཞིན་བོད་ཟླ་ ༢ ཚེས་ ༨ ལ་སྟག་སྲིང་དང་མནོལ། ཟླ་ ༣ པའི་ཚེས་ ༡༦ ལ་ཁྲག་གྲོད་སྐྱེས། དེ་ཟླ་ ༤ ཚེས་ ༢༤ ལ་རྡོལ། ཟླ་བ་ ༥ ཚེས་ ༩ ལ་ཀོང་སྲིང་དང་མནོལ། ཟླ་ ༦ ཚེས་ ༡༨ ལ་ལྕགས་གྲོད་སྐྱེས། ཟླ་ ༧ པའི་ཚེས་ ༢༧ ལ་དེ་རྡོལ། ཟླ་ ༨ ཚེས་ ༡༠ ལ་སླར་ཡང་བམ་སྲིང་དང་མནོལ། ཟླ་ ༩ ཚེས་ ༢༠ ལ་ཆུ་གྲོད་སྐྱེས། ཟླ་ ༡༠ པའི་ཚེས་ ༣༠ ལ་དེ་རྡོལ་བ་བཅས་ཚེས་གྲངས་དེ་ཚོར་ཟླ་བ་སོ་སོའི་ཉི་ནག་འཁེལ་བ་ཡིན། ཚེས་གྲངས་དེ་དག་གི་ནང་ནས་བོད་ཟླ་༡༡ ཚེས་དྲུག་བདུན་བར་ཉིན་མཚན་གཅིག་གི་རིང་ལ་ས་བདག་ངན་པ་ཉི་མ་ནག་ཆེན་དང་། དེ་མིན་པའི་ས་བདག་ངན་པ་གཞན་བརྒྱད་པོ་བཅས་མཉམ་དུ་འཁེལ་རྒྱུ་ཡིན་པའི་དུས་ཚོད་ངན་ཤོས་ཤིག་ཡིན།

ལྔ་པ་དེ་ལ་གཞུང་ནང་བཤད་པ་ལྟར་དེ་ཉིན་སྤང་བྱ་ནི། གཤིན་སོན་བྱ་ལས་དང། ཁྱད་པར་ནོར་རྫས་ཕྱིར་གཏོང་དང་། །དབང་རབ་བག་མ་མཁར་ལས་དང་། །དགེ་བཤེས་ཆེ་འདོན་དུར་གཏབ་ཚོང་། །དགེ་ལས་དཀར་པོའི་ཕྱོགས་མི་བྱ། །ཞེས་ངན་པའི་ཐབས་ལ་འདི་དང་བསྟུན་དགོས་ཤིང་། དམིགས་བསལ་ཟླ་འབྲས་ལྟར་འཛེམས་པ་གཅེས་སོ། །ཚེས་སྤྱི་དང་བྱེ་བྲག་ཟླ་བ་སོ་སོའི་ཟླ་བཤད་ནང་འཁོད་པ་བཞིན་འཛེམས་དགོས་ལས། འོན་ཀྱང་ཉི་ནག་རྣམས་ལ་གལ་ཆེའི་ལས་མི་བྱེད་ཐབས་མེད་བྱུང་ན། དེའི་སྔོན་ལ་དེ་བཟློག་ཐབས་སུ་མདུང་གི་རྩེ་མོར་གཡག་རྔ་ནག་པོ་དང་། ཤིང་སྣ་ལྔ། དར་དཀར་པོ། ཁྱི་ནག་པོའི་སྤུ། རྩིད་པ་བཅས་བཏགས་ཏེ། མདུང་གི་རྐེད་པ་ལ་སྦྲ་ཚལ་བཏགས། དེ་ཉིན་ཞག་ལ་འཆར་བའི་ལོ་རྟགས་གང་ཡིན་དེའི་ཕྱོགས་སུ་འཛུགས་ཤིང་རང་གི་ལས་དོན་རྣམས་གྲུབ་མཚམས་ཕྱིར་བསྡུ་དགོས་པ་དང་། འོན་ཏེ་རྣམ་རྟོག་མི་བྱེད་མཁན་དང་། ཡང་རྣམ་རྟོག་ཡེ་ནས་མི་ཤེས་མཁན་སོགས་ལ་གནོད་པ་མེད་ཅེས་བརྗོད་དཀའ་བའོ།། །།

ཕྱི་ལོ་ ༡༩༩༩ ལོར་བོད་གཞུང་སྨན་རྩིས་ཁང་གིས་དཔར་བསྐྲུན་ཞུས་པ་《སྨན་རྩིས་དུས་དེབ། འདོན་ཐེངས་ལྔ་པ།》ནས་ཟུར་འདོན་ཞུས།

     བོད་ཟླ་ ༡༡ ཚེས་ ༦ ཉིན་ཕྱེད་ནས་ཚེས་ ༧ གྱི་ཉིན་ཕྱེད་བར་ངན་པ་དགུ་འཛོམས་འཁེལ་གྱི་ཡོད་སྟབས་སྔ་མོའི་ལོ་ཐོའི་ནང་དུའང་། དུས་ཚོད་ངན་པ་དགུ་འཛོམས་པས། ཁ་སྨྲས་གླེང་གཞིའི་ཟས་མི་ཟ། རྒྱལ་བའི་གསུང་མི་སྒྲོག །ཅེས་འགོད་སྲོལ་ཡོད་པ་ལྟར། ཉིན་མོ་འདིར་བྱ་བ་གལ་ཆེན་རིགས་བྱེད་སྲོལ་མེད་པར། ཁྱོད་ངན་པ་དགུ་འཛོམས་ན། ང་བཟང་པོ་བཅུ་འཛོམས། ཞེས་དེའི་ལྡོག་ཕྱོགས་ལྟ་བུར། རང་རང་གི་དགའ་ཉེ་ནང་ཁུལ་རྣམས་ཕན་ཚུན་མགྲོན་འབོད་བྱས་ཏེ། གསོལ་ཚིག་གཟབ་རྒྱས་བཤམས་ཏེ་དགའ་སྐྱིད་ངང་བཞུགས་སྲོལ་ཡོད། ཡང་ངན་པ་དགུ་འཛོམས་ཞེས་པ་འདི། ཡིག་ལམ་འགའ་ཞིག་ཏུ་བོད་ཟླ་ ༡༡ ཚེས་ ༦ དང་ ༧ ཉིན་མཚན་གཅིག་གི་རིང་ས་བདག་ངན་པ་ཉི་མ་ནག་ཆེན་དང་། དེ་མིན་ས་བདག་ངན་པ་བརྒྱད་བཅས་མཉམ་དུ་འཁེལ་གྱི་ཡོད་སྟབས། ངན་པ་དགུ་འཛོམས་ཞེས་ཐོགས་པར་བཤད་ཅིང། དམངས་ཁྲོད་དུ་ < <མདོ་མཛངས་བླུན་> > གྱི་བམ་པོ་བཅུ་གཅིག་པའི་ནང་གསལ་ཁྱིམ་བདག་དབྱིག་པ་ཅན་གྱི་ལོ་རྒྱུས་དང་འབྲེལ་བ་ཡོད་ཚུལ་གྱི་བཤད་སྒྲོས་ཤིག་ཀྱང་འདུག །ཡང་ལ་ལས་ཇི་ལྟར་གདུག་རྩུབ་ཀྱི་བྱ་བ་སྣ་ཚོགས་ཚང་བ་ལ། གདུག་རྩུབ་ངན་དགུ་ཚང་བ་ཞེས་བརྗོད་སྲོལ་ཡོད་པ་ལྟར། ཉིན་མོ་འདིར་དུས་ཚོད་ངན་པ་འཁེལ་བའི་དབང་གིས་ངན་པ་དགུ་འཛོམས་ཞེས་བརྗོད་པ་ལས། དུས་ཚོད་ངན་པ་དགུ་འདི་དང་འདི་ཞེས་གྲངས་འདྲེན་བྱ་རྒྱུ་མེད་པར་གསུངས་སོ།།

བརྒྱུད་སྐུལ།

མཆན་སྤེལ།