དགེ་བཅུའི་ཡོན་ཏན་ཕྱུར་བུར་སྤུད་པ་ཡི། །ནོར་འཛིན་བུ་མོའི་མངལ་ཁུར་རབ་ལྕི་བ། །འགྱུར་མེད་ལྟེ་བ་གྲུ་འཛིན་ཕོ་བྲང་ཞེས། །ཡངས་པའི་འཛམ་གླིང་སྤོ་ལས་མངོན་པར་འཕགས། །ཞེས་༸རྒྱལ་དབང་ལྔ་པ་ཆེན་པོས་བསྔགས་བརྗོད་མཛད་པ་ལྟར། རང་རེ་བོད་གངས་ཅན་གྱི་ལྗོངས་འདིར་ལོ་སྟོང་ཕྲག་མང་པོའི་གོང་རོལ་ནས་མི་ཡི་འགྲོ་བ་བྱུང་ཞིང༌། རིམ་པས་ཡར་རྒྱས་སུ་ཕྱིན་ཡོད། དཔེར་ན། གདོད་མའི་སྤྱི་ཚོགས་ལས་གྲོལ་མཚམས་ས་རྡོ་ཤིང་གསུམ་བེད་སྤྱད་དེ་འཚོ་སྤྱོད་བྱེད་འགོ་ཚུགས་བསྟུན་རིམ་བཞིན་བྲག་སྐྱིབས་དང༌། གད་སྐྱིབས། ཤིང་སྡོང་ཁོག་རུལ་སོགས་སུ་གནས་བཅའ་བའི་དུས་རབས་བརྒལ་ཏེ་ས་རྡོ་ཤིང་གསུམ་བེད་སྤྱད་ནས་མཁར་ལས་ཀྱི་རྨང་གཞི་བཙུགས་འགོ་ཚུགས། དེ་ཡང་བཻ་དཀར་ལས། གནའ་དུས་ཀོང་པོའི་ཁུལ་དུ་མི་རྣམས་ཉ་ཆེན་གྱི་རུས་པའི་ནང་གནས་བཅས་ཞེས་འཁོད་པ་ལས་རྟོགས་ཐུབ།
དེ་རྗེས་རིམ་བཞིན་མཁར་ལས་ལ་འབད་དེ་རིམ་པས་བློ་རིག་དང་ལག་རྩལ་ཡར་རྒྱས་ཀྱིས་གཉའ་ཁྲི་བཙན་པོའི་སྐབས་ཕོ་བྲང་ཐོག་བརྩེགས་དགུ་ཅན་བཟོ་སྐྲུན་མཁར་ལས་བྱེད་ཐུབ་པའི་གནས་སུ་སླེབས་ཡོད། དེ་རྗེས་རིམ་པས་བཙན་པོ་རིམ་བྱུང་སྐབས་མཁར་ལས་རྒྱ་བསྐྱེད་ཇི་བྱུང་སྐོར་གོང་བཀོད་ལྟར་ཡིན། ད་ཆ་རང་རེའི་མི་རབས་འུ་ཐུག་ཐབས་ཟད་ཀྱི་གནས་བབ་འདིའི་འོག་རང་མི་རིགས་ཀྱི་མཁར་ལས་ལག་རྩལ་སྐོར་ལ་དཔྱད་ཞིབ་ངེས་པར་དགོས་མཁོར་མཐོང་སྟེ་རྩོམ་འབྲི་ཞུས་པ་ཡིན།
ཀ༽ ས་ཡིས་མཁར་ལས་བྱེད་ཚུལ།
དེ་ཡང་འཛུགས་སྐྲུན་གྱི་རྒྱུ་ཆ་གཙོ་བོ་རང་བྱུང་གི་ས་རྡོ་ཤིང་གསུམ་ཡིན་པས། དེ་དག་ལག་རྩལ་དང་བསྟུན་ནས་བེད་སྤྱོད་བྱ་ཐབས་སྐོར་འགོད་པ་ལ། དང་པོ། ས་ལ་མཁར་ལས་ཀྱི་བེད་སྤྱོད་བྱེད་ཚུལ་ནི། གྱང་རྩིག་གམ་ས་གྱང་ཞེས་འབོད་པའི་མཁར་ལས་བྱ་ཐབས་ནི། རང་བྱུང་གི་ཤིང་རྐང་ཕྲ་སྦོམ་རན་པ་ཐག་པས་འཕྲེད་དུ་ལེབ་མོར་བསྡམས་པ་ས་ངོས་གཞོགས་གཉིས་སུ་འཕྲེད་ལ་བཞག་པའི་བར་ཐག་ནི་རྩ་བའི་ཁང་པ་མཐོ་དམའ་ཇི་བྱེད་ལ་བར་ཤིང་ཞེས་སྟེང་འོག་གཉིས་སུ་ཞེང་ཚད་ཚོད་འཛིན་བྱེད་ཆེད་ཤིང་སྲ་ཐང་མགོ་མཇུག་གཉིས་ལ་རེ་རེ་དགོས། དེ་ནི་རྩ་བའི་གྱང་སྒྲོམ་ཀྱི་རྒྱབ་ལག་ཅེས་སྒྲོམ་ཤིང་གང་ལ་བརྟེན་སའི་ཤིང་གཉིས་དམ་པོར་བསྡམས་ཏེ་ཕྱིར་བགྲོད་མ་ཤོར་བའི་ཐབས་ཤེས་ཀྱི་ལག་ཆ་ཞིག་ཡིན་ལ། དུས་ཕྱིས་པང་ལེབ་ལ་གྱང་སྒྲོམ་བཟོས་པས་ཧ་ཅང་སྟབས་བདེ་ཡོད། གྱང་སྒྲོམ་གྱི་རྩ་བ་ས་ལ་གཏུགས་སྐབས་མཐིལ་ལ་རྡོ་སྟར་རེ་ངེས་པར་བསྒྲིགས་དགོས་ཤིང༌། དེའི་སྟེང་ས་ཚི་ཅན་ལ་ཆུས་བྲན་ཏེ་ལག་པས་རྡོག་རིལ་བསྒྲིལ་ཐུབ་ཙམ་གྱི་གར་སླ་ཅན་དགོས། ས་དེ་དག་སྡེབ་གཅིག་ཏུ་མ་བླུགས་པར་སྦྱག་མ་རེ་རེ་བཞིན་བཀྲམས་ནས་བླུགས་དགོས་ལ། དེའི་སྟེང་གྱང་རྡུང་བ་གཞོན་པ་ཁ་ཤས་ཀྱིས་གྱང་ཏིང་ཞེས་གྱང་རྡུང་བྱེད་ཤིང་བསྟུན་པ་མཁྲེགས་ལ་ལྗིད་ཚད་དང་ལྡན་པ་ལག་པ་འཇུ་ས་ཅུང་ཕྲ་བ་ཞིང་རིམ་པས་ཇེ་སྦོམ་དུ་བཏང་བའི་འོག་སྣེར་མུར་རྫོག་ཉིས་གཤིབ་ཙམ་ཡོད་པ། མས་སྣེ་རིལ་ཙམ་ཡོད་པ་མི་རེའི་ལག་ཏུ་བཟུང་སྟེ་གྱང་སྒྲོམ་རེ་རེའི་ནང་མི་བཞི་ལས་མི་མང་ཞིང་གཉིས་ལས་མི་ཉུང་བ་དགོས་ལ། ཁོང་ཚོས་གླུ་གཞས་དང་བསྟུན་ནས་ཐོག་མར་ཤུགས་ཆུང་ངུ་དང༌། དེ་རྗེས་རིམ་པས་ཤུགས་ཇེ་ཆེར་གཏོང་བ་ལས། ཐོག་མ་ནས་ཤུགས་ཡོད་ཚད་བརྒྱབ་ན་གྱང་རྩིག་སོབ་སོབ་ཏུ་གྱུར་ཉེན་ཡོད།
དཔེར་ན། ཕོ་བྲང་པོ་ཏ་ལའི་མདུན་གྱི་ཞོལ་ལྕགས་རི་ཆེན་མོ་རྒྱག་སྐབས་ར་ལུག་ལ་ས་བཀལ་ཏེ་གྱང་སྒྲོམ་ནང་ཤར་གཏོང་བྱས་པའི་གཏམ་རྒྱུད་ཤོད་རྒྱུན་དུ་ཡོད། དེའི་ཁྱད་ཆོས་ནི་ར་ལུག་གི་སྒལ་པར་ས་ཐེག་ཚད་ཉུང་ངུ་ཡིན་ཐོག་རྨིག་པ་ཁ་དབྲག་ཡིན་པས་ས་རྫོང་རྒྱག་རྒྱུར་དམིགས་བསལ་གྱི་ནུས་པ་ཆེ་བ་སོགས་ཀྱི་ཁྱད་ཆོས་མང་པོ་ཡོད་པར་གསུང་སྲོལ་ཡོད། ད་ལྟའི་འཆར་ཕོ་བྲང་པོ་ཏ་ལའི་ལྕགས་རིའི་གྱང་སར་ཞིབ་དཔྱད་བྱས་ཚེ། དུས་སྐབས་དེར་གྱང་ས་ཅུང་སླ་ཙམ་བྱས་མེད་དམ་སྙམ། ཕྱི་ལོ་ ༡༦༤༥ ལོར་ད་ལྟའི་ཕོ་བྲང་དཀར་པོ་གསར་བཞེངས་གནང་སྐབས་ཚོམས་ཆེན་ཤར་གྱི་ཤར་ངོས་རྩིག་ཆེན་རྣམས་གྱང་ས་ཡིན་པས། གྱང་ས་དེ་གཉིས་བསྡུར་ན་སྔ་མ་མཁྲེགས་ཤིང་ཕྱི་མ་སོབ་པ་ཡོད་པས། དེ་ནི་ཐོག་མར་རྩ་བའི་གྱང་ས་གར་སླའི་ཁྱད་པར་ལས་བྱུང་བ་མིན་ནམ་སྙམ།
བོད་ཁམས་ཡོངས་སུ་གྱང་རྩིག་ལས་གྲུབ་པའི་མཁར་རྫོང་མི་ཉུང་བ་ཞིག་ཡོད་ལ། ཆབ་མདོའི་ཁུལ་གྱི་གྲོང་ཚོ་མང་པོར་དེང་སྐབས་ཀྱང་གྱང་མཁར་བཟོ་སྐྲུན་བྱེད་བཞིན་ཡོད་པ་མཐོང་ཆོས་ལྟར་ཡིན། དེ་བཞིན་མདོ་སྟོད་སྨད་གང་སར་སྔར་གྱི་རྒྱལ་ཕྲན་དཔོན་ཁག་མང་པོའི་ཁང་པ་ཐོག་བརྩེགས་བཞི་ལྡན་དང་ལྔ་ལྡན་ཇི་སྙེད་ཅིག་ཡོད་པ་ཁག་ཕལ་མོ་ཆེ་གྱང་རྩིག་ཡིན།
ཚང་མས་མཁྱེན་གསལ་ལྟར་རང་རེས་རྒྱུན་དུ་སྤྱོད་བཞིན་པའི་རྫ་ཕག་དང༌། ས་ཕག་གམ་སོ་ཕག་ཅེས་གཙང་སྐད་དུ་སྤའུ་ཞེས་འབོད་པའི་ཁང་བཟོའི་ཡོ་ཆས་འདི་རིགས་རྒྱུའི་ངོ་བོ་ནི་ས་རང་ཡིན་ཅིང༌། རྫ་ཕག་གི་ངོས་ནས་ཞུ་ན། ཕྱི་ལོའི་དུས་རབས་བདུན་པའི་ནང་རྫ་ཕག་གི་ལག་རྩལ་དར་ཡོད་པ་མ་ཟད། ལྷ་ལྡན་གཙུག་ལག་ཁང་གསར་བཞེངས་གནང་སྐབས་རྫ་ཕག་བེད་སྤྱོད་གནང་ཡོད་པ་སྟེ། ཕྱི་ལོ་ ༡༩༨༠ ནང་ལྷ་ལྡན་གཙུག་ལག་ཁང་ཉམས་གསོའི་སྐབས་གཙང་ཁང་དབུས་མའི་ལྷོ་རྒྱུད་ཀྱི་རྩིག་ཆེན་ཨ་མ་ནས་དུམ་བུ་འགའ་ཞིག་བཤིག་དགོས་བྱུང་བར་རྩིག་ཆེན་ནང་དབུས་སུ་རྫ་ཕག་དམར་པོ་འབྱར་འདམ་འཇམ་པོས་བཟོས་པའི་སྟར་པ་གཅིག་འདུག་ཅེས་སྐབས་དེའི་ལས་བཟོ་བའི་ཞལ་ནས་དངོས་སུ་ཐོས་པ་ལྟར་ན། བོད་ལ་རྫ་ཕག་སྐབས་དེ་དུས་ནས་ཡོད་ལ་བེད་སྤྱོད་ཀྱང་གནང་ཡོད་པ་གསལ་བར་རྟོགས་ཐུབ་པ་ཡིན། དེ་ལྟར་གོ་ཐོས་བྱུང་རྗེས་ཉམས་ཞིབ་བྱས་པར། བསམ་ཡས་གཙུག་ལག་ཁང་སོགས་ཀྱི་མཁར་ལས་ཆེ་ཆུང་ཕལ་མོ་ཆེའི་ཐོག་བེད་སྤྱོད་གནང་མི་འདུག་པས། ཕྱི་ལོ་ ༡༩༥༠ ལོའི་རྗེས་དགའ་ལྡན་ལ་ཞོལ་སོ་ཕག་བཟོ་གྲྭ་བར་བོད་པས་རྫ་ཕག་བཟོས་པའི་གནའ་གཏམ་གོ་མྱོང་མེད།
དེ་བཞིན་ས་ཕག་གམ་སྤའུ་ཞེས་པ་བོད་ས་ཡོངས་སུ་བེད་སྤྱོད་བྱེད་བཞིན་ཡོད་ལ། ནང་གསེས་རྒྱུ་ཆ་བེད་སྤྱོད་བྱེད་ཐབས་ཕྲན་བུ་མི་འདྲ་བ་ཡོད། དཔེར་ན། དབུས་ཁུལ་དུ་ས་ཕག་གི་རྒྱུར་སྙགས་ས་ཤས་ཆེ་ན་བཟང་གས་སུ་འགྲོ་ཉེན་ཆེ་བས་བྱེ་ཧྲོབ་མཉམ་བསྲེས་ཀྱིས་འདམ་བརྫིས་བྱེད་སྲོལ་ཡོད། གཙང་ཁུལ་དུ་སྙགས་ས་ཤས་ཆེ་ས་ངེས་པར་འདམ་བརྫིས་བྱེད་ཅིང༌། ལྷག་པར་ས་ཁུང་ནང་ཆུ་བླུགས་རྗེས་དེའི་སྟེང་ར་ལུག་ཕོན་ཆེ་དེད་ནས་འདམ་བརྫིས་བྱེད་དུ་འཇུག་སྲོལ་ཡོད། ཟན་རྩྭ་དང་སོག་མ་སྣ་རིང་ལྟ་བུ་མཉམ་བསྲེས་བྱེད་ཅིང༌། ལག་འབྲས་ཐོན་རྗེས་ས་ཕག་དེ་དག་གིས་ཧ་ལམ་རྡོ་ཡི་གོ་ཆོད་པ་ལྟ་བུ་ཡོང་གི་ཡོད། དཔེར་ན། གཙང་ཁུལ་སྒོ་རའི་ནང་ས་ཕག་གིས་རྡོ་ཚབ་བྱས་པའི་རྡོ་སྐས་མང་པོ་ཡོད་ལ། དེ་དག་གིས་ཆུ་ལ་གདོང་ལེན་ཧྲ་ཏག་ཏག་བྱེད་ཀྱི་ཡོད། ཡང་ལྕི་སྦངས་མང་པོས་ནང་ཁང་པའི་ནང་གསེས་དབྱེ་བྱེད་ཀྱི་བར་བཅད་མང་པོ་ཞིག་རྒྱག་དགོས་སྟབས། དེར་དམིགས་པའམ་བེད་སྤྱོད་ཆེད་བ་གླང་གི་ལྕི་བར་ས་བཟང་ཕྲན་བུ་མཉམ་བསྲེས་ཀྱིས་ལྕི་ཕག་ཅེས་སྣུམ་ཞུའི་གོ་ཆོད་ལྟ་བུར་སྤྱོད་སྲོལ་ཡོད། དབུས་གཙང་ཁུལ་དུ་འབངས་ཁྱིམ་ཕལ་མོ་ཆེ་ས་ཕག་བེད་སྤྱོད་བྱེད་སྲོལ་ཡོད།
ཁ༽ རྡོ་གཤག་ལས་རིགས་ཀྱི་བྱུང་བ།
གཉིས་པ། རྡོ་ལ་བརྟེན་ནས་མཁར་ལས་བྱེད་ཚུལ་ནི། བོད་རྒྱ་ཁྱབ་ཏུ་རྡོ་སྣ་ཧ་ཅང་མང་ཞིང༌། ལོ་རྒྱུས་ཐོག་བོད་དུ་རྡོ་གཤག་གི་ལས་རིགས་དེ་ཙམ་དར་བཟོ་ཆེ་བ་བྱུང་ཨེ་ཡོད་སྙམ། རྒྱུ་མཚན་གང་ཞེ་ན། ཕོ་བྲང་པོ་ཏ་ལའི་རྩིག་རྡོ་ཕལ་མོ་ཆེ་རང་བྱུང་གི་སྒྲུག་རྡོ་དང༌། ཡང་ན་སྐམ་ཡུང་ཁུལ་གྱི་ས་འོག་ནས་ཐོན་པའི་རྡོ་མ་གཡམ་ཞེས་པ་དེ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྡོ་བཟོའི་ལས་རིགས་ཀྱི་ནང་ནས་ཀྱང་རྡོ་རྩིག་གི་སྤུས་ཚད་དང༌། རྒྱུ་ཆ། རྩིག་གཞི་འཇམ་རྩུབ་སོགས་ལ་བལྟས་ནས་བོད་ཀྱི་བལ་འཐག་བྱས་པའི་ལྭ་བའམ་སྣམ་བུའི་ནང་གསེས་ལ་རིགས་མི་འདྲ་བའི་མིང་འདི་ལྟར་མཆིས། ཤད་མ་དང༌། སྤུ་ཕྲུག་ཅན། སྤུ་ཕྲུག སྤུ་ཕྲུག་ཤབ་ཤབ། བྱིང་མ་ཅན་དང༌། བྱིང་མ། བྱིང་མ་ཤབ་ཤབ་སོགས་འབོད་སྲོལ་ཡོད་པ་ལྟར་རྡོ་བཟོ་བའི་ལག་རྩལ་ཁྲོད་དུའང་མིང་དེ་བེད་སྤྱོད་བྱེད་ཀྱི་འདུག དཔེར་ན་སྤུས་ཀ་དག་ཤོས་ནི། ༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པའི་ཡབ་གཞིས་ཕུན་ཚོགས་ཁང་གསར་ ༼ཕུན་ཁང་༽ གསར་བཞེངས་སྐབས་རྡོ་བཟོ་བའི་ལག་ཤེས་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་ཡིན་འདུག་སྟབས། སྐབས་དེར་རྡོ་བཟོ་ཆེན་མོ་བས་སྣེ་འཁྲིད་ཀྱིས་བརྒྱབ་པའི་རྩིག་པ་དེ་སྤུ་ཕྲུག་ཅན་རེད་ཅེས་ཤོད་སྲོལ་ཡོད།
དེ་བཞིན་ནོར་བུ་གླིང་གའི་ཆིབས་རའི་ཕོ་བྲང་གི་རྩིག་པ་དེ་སྤུས་དག་ཤོས་སུ་བརྩི་བ་ཡིན། ནོར་གླིང་ཕོ་བྲང་གི་རྩིག་པ་གཞན་ཕལ་མོ་ཆེ་ནི་སྤུ་ཕྲུག་དང༌། སྤུ་ཕྲུག་ཤབ་ཤབ་རེད། ཕོ་བྲང་པོ་ཏ་ལའི་ཕོ་བྲང་དམར་པོའི་རྩིག་པ་ལྟ་བུ་བྱིང་མ་དང༌། བྱིང་མ་ཤབ་ཤབ་ལ་རྩི་བ་ཡིན། དུས་ཕྱིས་རྡོ་གཤག་ལས་རིགས་འཕེལ་རྒྱས་བྱུང་བས། རྡོ་བཟོ་བའི་ལས་རིགས་ལ་གུ་ཡངས་ལྟ་བུས་ལག་ཤེས་ཉམས་ཆག་ཕྲན་བུ་བྱུང་འདུག རང་རེ་བོད་མིའི་ཁྲོད་དུ་རྡོ་གཤག་ལས་རིགས་འདི་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་ནས་ཡར་རྒྱས་ཕྱིན་པ་ལྟ་བུ་ཡིན།
དེ་ཡང་དཔེ་མཚོན་ཙམ་ཞུས་ན། ཚང་མས་མཁྱེན་གསལ་ལྟར་འབྲས་སྤུངས་ཚོགས་ཆེན་གྱི་རྡོ་སྐད་རྣམས་རྒྱ་རྡོ་བསྒྲིགས་ནས་དམིགས་བསལ་སྤུས་དག་པོ་ཡོད། དེའི་བྱུང་རིམ་ཞིབ་རྩད་བྱེད་སྐབས། ཚོགས་ཆེན་གྱི་རྡོ་སྐས་དེ་འབྲས་སྤུངས་ཕོ་བྲང་ཉམས་གསོ་དང་ཆབས་ཅིག་གཞུང་ནས་བཟོས་གནང་བ་དང༌། སྐབས་དེའི་ཨར་ལས་དོ་དམ་པ་ཕྱིང་ཕུན་ཁང་མཁན་ཆུང་ངག་དབང་བཟོད་པ་ལགས་ཡིན་རབས་གོ་ཐོས་བྱུང་ཡང༌། སྐབས་དེར་ཁོང་རྒྱ་དམག་གི་བཙོན་དུ་ཡོད་སྟབས་ཞིབ་བརྩད་བྱ་ཐབས་བྲལ་བས་དེ་མུར་ལུས། ཕྱི་ལོ་ ༡༩༦༣ ལོར་མཁན་ཆུང་མཆོག་དགུང་ན་ཤིན་ཏུ་བགྲེས་ཤིང༌། སྐུ་གཟུགས་རྒས་གཅོང་གིས་གློད་གྲོལ་ཐོབ་པའི་དུས་ཤིག་བྱུང་ཡང༌། ཁོང་གི་ཤག་ཚང་སྐུ་མཆེད་དང་བཅས་པ་རྩ་བརླགས་བཏང་ཟིན་སྟབས་བཞུགས་ཡུལ་མེད་པ་སོགས་སྐུ་ངལ་ཤུགས་ཆེ་འཕྲད་སོང༌།
གོ་སྐབས་དེ་དང་བསྟུན་ནས་བཀའ་འདྲི་ཁ་ཤས་ཞུ་རྒྱུ་བྱུང་བའི་ཞོར་འཕྲོས་སུ་འབྲས་སྤུངས་ཚོགས་ཆེན་གྱི་རྡོ་སྐས་སྐོར་ཡང་བཀའ་འདྲི་ཞུས་པར། བཀའ་གསལ་ལ་༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གང་ཅིར་ཐུགས་ཞིབ་ཧ་ཅང་ཚགས་པོ་ཡོད་པ། ཚོགས་ཆེན་རྡོ་སྐས་དེ་བཞིན་རྒས་འཁོགས་ཀྱི་སོ་ལྟར་གང་ས་ནས་བུད་པ་དང་ཧྲུལ་པོར་གྱུར་པའི་ཐུགས་སྣང་བྱུང་སྟེ་འབྲས་སྤུངས་ཕོ་བྲང་ཉམས་གསོ་ཞུ་བཞིན་པར་གཟིགས་སྐོར་དུ་ཕེབས་པའི་སྐབས། ད་ལམ་ཕོ་བྲང་ཉམས་གསོ་བྱེད་ཞོར་ལ་ཚོགས་ཆེན་རྡོ་སྐས་ཡང་བཟོ་ཐུབ་ན་སྟབས་གཅིག་དོན་གཉིས་ཀྱིས་ཧ་ཅང་ཡག་པོ་ཡོང་བ་འདུག་ཅེས་བཀའ་བཟང་སྤྱི་ཕེབས་བྱུང་བར། བཀའ་ཕེབས་ལྟར་ཞབས་ཞུ་གང་ཞིག་ཞུ་དགོས་ཀྱང་ཧུར་འབད་ཞུ་རྒྱུ་ལགས་ན་ཐུགས་རྗེས་འཛིན་པ་ཞུ་རྒྱུ་ལས་གཞན་མེད་ཅེས་ཞུས་པར། དེ་ལྟར་ན་ཁོང་རྣམ་འབའ་བ་ ༼རྡོ་གཤག་ལས་བཟོ་པའི་མིང་༽ དེ་རིགས་ཁ་ཤས་བཀའ་སྒུག་གནང་སྟེ་རྡོ་སྐས་ཚང་མ་རྒྱ་རྡོ་བསྒྲིགས་ཐུབ་ན་ཡག་པོ་ཡོད་ཚུལ་བཀའ་ཕེབས་བྱུང་བས། སྐབས་དེར་རྒྱ་རྡོ་མང་པོ་གཤག་ལས་བྱེད་ཨེ་ཡོང༌། ལྷག་པར་རྒྱ་རྡོ་རག་དཀའ་ཚུལ་ཞུས་པས། སྐྱོན་མེད་འགྲིགས་འགྲོ་གི་རེད། རྡོ་མ་གིར་འདུག་ཅེས་ཕོ་བྲང་གི་བཞུགས་ཕྲ་ནས་ཕྱག་མཛུབ་གཏད་དེ་སྐྱེ་རེའི་ཟུར་གྱི་མདུན་ཐང་གྲམ་ཐང་ཆེན་པོ་དེར་ཕ་བོང་ཐོག་བརྩེགས་ཕྱེད་གཉིས་ཙམ་ཡོད་པར་གཟིགས་ནས་མ་གི་ཡག་པོ་འདུག་ཅེས་བཀའ་གནང་བྱུང་བས། དེའི་དགོང་དྲོ་ལས་རོགས་ཁ་ཤས་བཅས་རྡོའི་སྐོར་ཞིབ་ཚགས་བལྟས་ཤིང༌། ལྕགས་དང་སོ་བ་སོགས་དགོས་མཁོ་རྣམས་འོག་གྲབས་བྱས་ཏེ་དོག་སྡེ་ཁུལ་དུ་ཡོད་པའི་རྡོ་གཤག་ལས་བཟོ་བར་བཀོད་རྒྱ་བཏང་སྟེ། ལག་ཤེས་ཚད་ལྡན་མི་གྲངས་བཅུ་ལས་མི་ཉུང་བ་ཉིན་ཤས་འགྱངས་མེད་འབྱོར་ཐུབ་པ་བྱ་དགོས་ཞེས་ཛ་དྲག་ཙམ་གྱི་བཀའ་རྒྱ་བཏང་ཞིང༌། ཉིན་ཤས་རྗེས་ཁོང་ཚོ་མི་བཅུ་ལ་གཡོག་བཅས་མི་བཅོ་ལྔ་སྟབས་བདེར་འབྱོར་བྱུང་ལ༌། སྐབས་དེའི་ལག་རྩལ་ཆེན་མོ་བ་དེ་ནི་སྐུ་གཟུགས་ཆུང་ཞིང༌། བདེ་ཅག་ཁྱུག་པོ་དང་ཁ་བདེ་པོ་ཞིག་ཡོད། ཕྱི་ཉིན་ཁོང་ཚོ་འཁྲིད་ནས་ཕ་བོང་ཡོད་སར་བསྐྱོད་སྐབས་ཕ་བོང་ལ་བལྟས་ཏེ་ཧང་སངས་ནས་སྡོད་རྒྱུ་ལས་འདི་བྱས་ཤོད་ཐུབ་མཁན་མི་འདུག ཆེ་མོ་བས་ཤིང་སྐས་གཉིས་དང༌། ཐག་པ། ཐིག་ཕོར་བཅས་དགོས་སྐོར་བརྗོད་པ་ལྟར་གྲྭ་གཞོན་ཁ་ཤས་ལེན་པར་བཏང་བས་འཕྲལ་དུ་འབྱོར་ཞིང༌། ཤིང་སྐས་གཉིས་བརྩེགས་སུ་བསྡམས་ཏེ་ཕ་བོང་གི་རྩེ་མོར་འཛེགས་ཏེ་རྩ་རིས་ལ་བརྟག་དཔྱད་ཀྱིས་ཐིག་བརྒྱབ་སོང་བར། དེར་ཡོད་ཚང་མ་བློ་ཡུལ་ལས་འདས་ཏེ་བློ་བདེ་བག་ཕེབས་ཀྱི་སྐད་ཆ་ཤོད་མཁན་གཅིག་ཀྱང་མི་འདུག་ལ། ལག་རྒྱུན་ལྟར་ཐིག་གཞི་བཟུང་སྟེ་གཞས་དང་རྣམ་ཐར་གཏོང་བཞིན་དུ་གཤག་ཟོང་འཛུགས་སའི་ཨི་ཁུང་ཕུབ་ནས་ཉིན་ཤས་རྗེས་ཁོང་ཚོས་ཨི་ཁུང་ཆེ་ཆུང་གྲངས་ ༡༥༠ ལྷག་ཙམ་ཕུབ་ཟིན་ཡོད། འོན་ཀྱང་དེར་འཛུགས་བྱེད་ཀྱི་གཤག་ཟོང་ནང་དང་ཡས་མས་གང་སར་བཙལ་ཀྱང་ས་ལྷག་ཙམ་ལས་རྙེད་སོན་མ་བྱུང་བས། ལྷ་རབས་བྱུང་ན་གཞུང་ནས་ལྕགས་རྡོག་རྡོག་བརླ་ཤའི་ཕྲ་སྦོམ་དང༌། དེ་ལྟར་མ་བྱུང་ཉྭ་རིལ་གྱི་སྦོམ་ཕྲ་ཙམ་དགོས་འདུག་པས་ངེས་པར་གསོལ་སྩལ་གནང་རོགས་ཞེས་བརྗོད་བྱུང་བར། ང་ཚོ་ཨར་པོའི་དོ་དམ་པར་དེ་ལྟའི་ལྕགས་རིགས་གཏན་ནས་མེད། ཞོལ་འདོད་དཔལ་དང༌། གྲྭ་ཕྱི་གློག་འཕྲུལ་བཟོ་གྲྭ་སོགས་སུ་བཙལ་ཆོག་ཅེས་བརྗོད་པ་ཡིན། བོད་གཞུང་ལ་ཡོད་པའི་ལྕགས་ནི་རྒྱ་གར་ནས་ཐོན་པའི་ལྕགས་ཨི་སི་བག་ཅེས་པ་དོ་གྲངས་མང་པོ་འདུག་ཀྱང༌། དེ་རྣམས་ལེབ་ལེབ་ཤ་སྟག་རེད་འདུག་པས་ཕན་ཐོགས་མི་འདུག
ཡང་སྔར་སྟོད་ལུང་ཁྲི་ཟམ་སྐྱོན་སྐབས་ཀྱི་ལྕགས་རིགས་ལྷག་མའི་ཁུངས་སུ་ཕྲ་སྦོམ་ལག་ངར་ཙམ་གྱི་ལྕགས་ཧྲེང་དུམ་བུ་ཁ་ཤས་འདུག་ཀྱང༌། རྩ་བའི་ལྕགས་ཀྱི་སྤུས་ཚད་ཧ་ཅང་ཞན་པས་ཞ་ཉེ་ལས་མཁྲེགས་ཙམ་ལས་མི་འདུག་པས་རྡོ་གཤག་ལ་ཕན་རེ་བྲལ། བྱ་ཐབས་ཟད་དེ་མཐའ་མའི་ཐབས་ཤེས་སུ་ཆེ་མོ་བ་ཁོང་རང་ཉིད་སར་ཡོང་སྟེ། སང་ཉིན་ང་ཚོ་མི་རེ་ལ་ལས་གཡོག་གཞོན་པ་རེ་སྣོད་ཆས་རང་འགྲིགས་གཏང་རོགས་གནང༌། ལྷ་ས་སྐྱིད་ཆུའི་གྲམ་སྟེང་ནས་གཤག་ཟོང་ལྟ་བུའི་ཆུ་རྡོ་སྒྲུག་པར་གཏོང་གི་ཡིན་ཞེས་བརྗོད་བྱུང་བས། དེ་ལྟར་ཁས་བླངས་ནས་ཕྱི་ཉིན་ལས་གཡོག་དང་བཅས་པ་ཆུ་རྡོ་སྒྲུག་པར་ཕྱིན་སོང་ཡང་ཕྱི་དྲོ་ཕྱིར་ལོག་བྱེད་སྐབས་ཚང་མས་སྟོང་མིན་ཙམ་འཁྱེར་རྒྱུ་མི་འདུག
དེའི་ཕྱི་ཉིན་ཆེ་མོ་བ་རང་ཉིད་བཅས་ཁུངས་སོ་སོའི་ནང་དུ་གཤག་ཟོང་ལྕགས་དང༌། ཆུ་རྡོ་གང་འོས་བླུགས་ཏེ་དེ་དག་མགོར་ཐོ་བ་ཐུག་ཙམ་རེ་ཞུས་པ་དང༌། དེ་རྗེས་གྲལ་རྡུང་བཏང་སྟེ་ཤུགས་ཆེར་ཞུས་སོང་བས་འོས་འཚམ་དུ་ཆེན་མོ་བས་བྲག་གོང་སྟེང་དུ་འཁྱིལ་ཁུང་ནང་ཆུ་ཕྲན་བུ་རེ་བླུགས་པ་དང༌། བྲག་གོང་ཁ་གྱེས་སའི་ངོས་གཉིས་སུ་པུས་མོ་ནུབ་ཙམ་རེ་དྲུ་རུ་འཇུག་ཐོག ཆེ་མོ་རང་ཉིད་ཕ་བོང་གི་སྟེང་ཤོད་བར་གསུམ་དུ་ཕེབས་ཏེ་རྣ་བ་བྲག་ལ་འབྱར་ནས་ཉན་པ་དང་སེར་ཁ་གང་དུ་ཡོད་མེད་བརྟག་ཞིབ་བྱས་པ་སོགས་བྲེལ་འཚུབ་ཆེན་པོ་བྱུང་སོང༌། ཕྱེད་ཡོལ་ཙམ་ལ་ལྕགས་རྡོའི་ཟོང་ཐོག་ཏུ་ཐོ་བ་རེ་ཞུས་ཟིན་མཚམས་སེར་ཁའི་སྐད་ཡག་པོ་རྒྱག་གི་འདུག་པས་ང་ཚོ་ལོག་དགོས། སང་ཞོག་རྡོ་ཁ་བྱེ་ཡི་རེད་ཅེས་བརྗོད་པ་ལྟར་ཚང་མ་ཕྱིར་ལོག་བྱས། ཕྱི་ཉིན་སྔ་པོར་ལངས་ཏེ་ཤེལ་ཁྲ་མ་ནས་ལྟ་སྐབས་ཕ་བོང་ནི་མར་ལྟང་ཁ་ཕྱེ་བ་ལྟར་གྱུར་སྟབས་དེ་རྗེས་ཧ་ཅང་དགའ་པོ་བྱུང་ལ། གལ་གནད་ཆེ་ཤོས་བྲག་རི་གཡང་གཟར་དེའི་ནང་མི་ལ་སྐྱོན་གང་ཡང་མ་བྱུང་བས་ཧ་ཅང་དགའ་པོ་བྱུང༌། དེ་རྗེས་ཀྱི་ལས་ཀ་ཚང་མ་ཧ་ཅང་ལམ་ལྷོངས་བྱུང༌།
རྒྱ་རྡོ་ཆེ་ཆུང་དང་རིང་ཚད་མི་བཞི་སྒལ་པར་འགྱོགས་འདྲེན་ཐུབ་ཙམ་རེ་བཟོ་རྒྱུ་གཏན་འཁེལ་བྱས་ཤིང༌། སྐབས་དེར་ཁྱོན་རྒྱ་རྡོ་ངོ་གྲངས་ ༥༢༠ ཐོན་ཏེ་ཚོགས་ཆེན་ལ་འདེང་ངེས་བྱུང་བ་མ་ཟད། རྡོ་སྙིགས་ཀྱི་ཁྲོད་ནས་ཕོ་བྲང་ལའང་ཐུགས་ཕན་ཧ་ཅང་གསོས་པོ་བྱུང་ཞེས་གསུངས་བྱུང༌། ཚོགས་ཆེན་རྡོ་སྐས་ལ་བསྒྲིགས་པའི་རྒྱ་རྡོ་ཚང་མ་བྲག་གོང་གཅིག་ནས་ཡིན་པའི་དཔང་རྟགས་དམིགས་བསལ་ཞིག་ཡོད་པ་ནི། རྒྱ་རྡོ་ནར་མོ་རེ་རེའི་ཟུར་དུ་རྡོ་སྲུབ་བམ་དམར་རྟགས་རེ་མེད་པ་ཧ་ལམ་མེད་ཅེས་བརྗོད་ཆོག མཁན་ཆུང་མཆོག་གིས་གསུང་དོན་ལ། རྒྱ་རྡོ་རེ་རེའི་ཟུར་དུ་སྲུབ་ལྟ་བུ་དམར་རྟགས་རེ་རེ་ཡོད་པ་ནི་ཕ་ལམ་དང༌། ཛུལ། གཡང་ཊི། ཀེ་ཀེ་རུ་སོགས་རྡོའི་རིགས་ལས་བྱུང་བའི་རིན་པོ་ཆེ་རྣམས་ལ་ཇི་ལྟར་ཡོད་པ་ལྟར་སྲུབ་ཀྱི་ཚུལ་དུ་ཡོད་པ་འདིས་གཞན་འགྲན་མ་མཆིས་པ་ཞིག་རེད་གསུངས་བྱུང༌།
ཡང་དེ་ལྟའི་བྲག་གོང་དེ་ལྷ་ཀླུ་གཞི་བདག་སོགས་མི་མིན་གྱིས་ཕུལ་བའི་རྟགས་མཚན་གྱི་རིགས་གསུང་རྒྱུ་ཡོད་མེད་བཀའ་འདྲི་ཞུས་པར། ༸གོང་ས་ཆེན་པོའི་མཛད་འཕྲིན་ལ་ངས་རྒྱུན་དུ་དོ་སྣང་ཞུ་གི་ཡོད། ཐུགས་གཤིས་ཧ་ཅང་སྒམ་པས་རང་གར་ཤེས་ཐབས་དཀའ། འོན་ཀྱང་རང་ངོས་ཀྱི་བསམ་པར། ཐོག་མར་༸གོང་ས་མཆོག་གིས་ཕ་བོང་ལ་ཕྱག་མཛུབ་གཏད་གནང་བ་ནས་བཟུང་ལས་ཀའི་མཇུག་སྐྱོང་ཞུ་ཐུབ་པར་ཡིད་ཆེས་ཡོད། རྒྱུན་གཏན་བཀའ་སློབ་གང་ཞིག་གནང་ཡང་མཐའ་མ་འཁྱོལ་བ་གཏན་ནས་ཡོང་མྱོང་མེད་ཅེས་གསུངས་བྱུང༌། མཁན་ཆུང་མཆོག་ནི་སྔོན་བཀྲ་ཤིས་ལྷུན་པོར་གཞུང་གི་སྐུ་ཚབ་སྐྱབས་ཡིང་བཞུགས་སྐབས་ལས་བྱའི་གྲས་སུ་ཡོད་པས། ནོར་གླིང་དུ་སྐུ་བཅར་ཡང་ཡང་ཞུ་མྱོང་ཡོད་ཅེས་གསུང་སྒྲོས་ལས་ཐོས་པ་བཅས་སོ།།
ག༽ རྡོ་བཟོའི་ལས་རིགས་དངོས་གཞི།
དེ་ལྟར་རྡོ་གཤག་གི་བྱུང་རིམ་རགས་ཙམ་ཞུས་ཟིན་ནས། རྡོ་བཟོའི་ལས་རིགས་དངོས་ཀྱི་ནང༌། བོད་རང་གི་ཐུན་མོང་མ་ཡིན་རིག་གཞུང་གི་ལག་རྩལ་སྐོར་རགས་ཙམ་འགོད་པ་ལ། ཐོག་མར་རྡོ་བཟོ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་རང་གི་དགེ་རྒན་ནམ་ལག་དོའི་ལས་ཀ་དེ་ཉིད་རང་མགོ་ཐོན་ངེས་ཤིག་བསྟེན་དགོས་ཤིང༌། དེས་རྐང་འགན་འཁྱེར་ཏེ་ཁང་བཟོའི་ཐོག་མའི་ལས་ཀ་རྩིག་པ་དངོས་གཞིའི་སྐབས། ཕྱི་རྩིག་དང་ནང་རྩིག་ཅེས་དགེ་རྒན་དང་དགེ་ཕྲུག་གི་ཚུལ་དུ་འགྲོ་དགོས། དེ་ཡང་ཐོག་མར་རང་ཉིད་ནང་རྩིག་པ་ཡིན་པའི་དབང་དུ་བཏང་སྟེ། རྡོ་རའི་ནང་རྡོ་ཆུང་གི་རིགས་ལ་ཐོ་བ་གཞུས་ཏེ་ཅབ་ལ་ཞེས་བར་སྲུབ་བསྐང་བྱེད་ཀྱི་རྡོ་བཟོས་ནས་ཉམས་མྱོང་ལེན་རྒྱུ་དང༌། དེ་རྗེས་རིམ་པས་ནང་རྩིག་རྡོ་ཆེན་བཟོ་ཨེ་ཐུབ་བལྟ་དགོས་ཤིང༌། ནང་རྩིག་རྡོ་ཆེན་ཕལ་མོ་ཆེ་ངོ་འཇོག་གཉིས་ལས་འཇོག་གལ་ཆེ་བར་འཛིན་དགོས། དེ་ཡང་ངོ་ཞེས་ཕྱི་ལ་སྟོན་བྱེད་ཀྱི་རྡོའི་རྣམ་པ་ལྟ་བུ་དང༌། འཇོག་ཅེས་པ་རྩིག་སྟེང་དུ་ས་ལ་འབྱར་ནས་འཇོག་རྒྱུ་དེ་ལ་བརྗོད་ཀྱི་ཡོད། དེས་ན་ངོ་འཇོག་གཉིས་ལས་འཇོག་གལ་ཧ་ཅང་ཆེ་བ་ཡོད། ཕྱི་རྩིག་གི་རྡོ་ནི་འཇོག་གཙོ་བོ་བྱ་དགོས་པས། ནང་རྩིག་གི་རྡོ་རྣམས་རང་བཞིན་གྱིས་དམའ་བ་ཆགས་ཀྱི་ཡོད། དེར་བརྟེན་ནང་རྩིག་པས་ཅབ་ལ་ཞེས་པའི་རྡོ་ཆུང་ངོ་ཡོད་རིགས་ཀྱིས། དམའ་ལེན་མཐོ་བཀྱག ཅེས་གསུང་སྲོལ་ཡོད་པ་ལྟར། ཐོག་མར་དམའ་ས་ནས་བླངས་ཏེ་ཕྱི་རྩིག་གི་རྡོ་དང་མཐོ་དམའ་མཉམ་ཐུབ་པ་འདེགས་དགོས་པ་ཡིན། ལག་ཤེས་པ་དག་གི་ཞལ་རྒྱུན་ལའང༌། རྡོ་ཆེན་ཅབ་ལའི་དབྱིངས་དང༌། ཅབ་ལ་དབྱིངས་ཀྱི་བབ་རེད། ཅེས་གསུང་སྲོལ་ཡོད་པ་ལྟར། རང་རེའི་ལག་རྒྱུན་ལ་ཅབ་ལ་རྒྱག་རྒྱུ་དེ་དབྱིངས་སམ་ལྗིད་ཚད་ཆ་སྙོམས་བཟོ་བྱེད་གལ་ཆེར་བརྩི་གི་ཡོད།
བར་ལམ་བོད་ནང་ལག་ཤེས་དེའི་སྐོར་བདུན་ཅིག་ཞིང་རྭར་ ༼རྒྱ་སྐད་དུ། ཇིའི་ལུང་ཕྲང་༽ གཞུང་དོན་ཁང་ཞིག་གསར་རྒྱག་བྱེད་སྐབས། སྐབས་དེའི་འགན་ཁུར་བས་བོད་རྩིག་གི་ཅབ་ལ་ཞེས་པ་འདི་མི་བརྟན་པའི་ལོ་རྒྱུས་ལས། ལོ་རྒྱུས་ཐོག་གལ་ཆེ་བ་མེད་ཚུལ་བརྗོད་དེ་ཅབ་ལ་མེད་པར་རྡོ་ཆེན་ཤ་སྟག་གིས་བརྩིགས་པའི་གཞུང་ཁང་སྤུས་དག་དགོས་ལུགས་བརྗོད་པར། སྐབས་དེའི་ཆེ་མོ་བ་ནི་ནོར་གླིང་ཕོ་བྲང་གསར་པའི་ཆེ་མོ་བ་མིག་དམར་ལགས་དང༌། ཕུན་ཚོགས་ལགས་སོགས་གྲགས་ཅན་ཁ་ཤས་གདན་ཞུ་བྱས་ཤིང༌། མཐའ་བསྡོམས་ཅབ་ལ་མེད་པའི་རྡོ་རྩིག་སྤུས་དག་ཅིག་རྒྱབ་སོང་ཡང༌། ཁོང་རྣམ་པའི་རེ་བའམ་གཟིགས་སྟངས་ལྟར་ན། ད་ཕན་བོད་ཀྱི་རྩིག་པ་ཡག་ཤོས་སྤུས་ཕྲུག་ཅན་ལ་བརྩི་བས་སྐབས་དེའི་རྩིག་པ་ཤད་མར་སླེབས་རྒྱུའི་རེ་བ་གནང་ཡང༌། ང་ཚོས་བལྟས་ན་ཅབ་ལ་མེད་པའི་རྩིག་པ་དེ་ནི་མཛེ་ཅན་གྱི་གདོང་ལྟར་བལྟ་མི་བདེ་བ་ཞིག་ཆགས་འདུག བོད་ཁང་ཐོག་བརྩེགས་ཅན་ལྟར་འདེགས་རྒྱུ་སྤྲོས་བྲལ་རེད་འདུག རྡོ་རྩིག་མཐོ་ཚད་ལ་མི་ཊར་གཅིག་དང་སྐར་ཆ་བཞི་བཅུ་ལས་མེད་ཀྱང༌། དེའི་སྟེང་ས་ཕག་ཐོག་ཚད་གཅིག་ཙམ་འཁྱེར་ཡོད་པས་ལོ་ཤས་རྗེས་དངོས་སུ་མཐོང་གསལ་ལ་རྩིག་པའི་དབུས་ནས་རྡོ་རེ་གཉིས་སོ་བུད་པ་ལྟར་གྲལ་སྟར་ལས་ཐོན་ནས་ཟགས་པའམ་ཡང་ན་འབུར་དུ་ཐོན་ནས་ཧ་ཅང་མ་བདེ་བ་ཆགས་འདུག དེ་དག་གི་དགེ་སྐྱོན་གནད་དོན་ལ་བརྩད་ཞིབ་བྱས་པར། རྡོ་ཆེན་གྱིས་ལྷས་མ་ལྷས་ཡོད། རྡོ་ཆུང་གིས་རྩིག་པ་བརྩིགས་ཡོད། ཅེས་པ་ལྟར་རྡོ་ཆེན་དང་རྡོ་ཆེན་བར་ཅབ་ལ་མེད་སྟབས་རྡོ་ཆེན་གཉིས་ཀྲག་རྡུང་ཐེབས་ནས་དབང་མེད་གྲལ་སྟར་ལས་འདུག་པས། རང་རེའི་ཞལ་རྒྱུན་ལ། ཅབ་ལ་དབྱིངས་ཀྱི་བབ་རེད། ཅེས་གསུངས་པ་དེ་བདེན་པ་ར་སྤྲོད་བྱུང་ཡོད།
ང༽ བོད་ལུགས་ཁང་བཟོའི་ཐོག་མའི་འཆར་འགོད།
རང་རེ་བོད་ལུགས་ཁང་བཟོའི་ཐོག་མའི་ས་ཁྲ་ཆ་བགོས་བྱེད་སྟངས་ནི། གདུང་ཁང་ངམ་ཐབ་ཚང་ཤར་ངོས་དང༌། སྡོད་ཁང་ལྷོ་ངོས། མཛོད་ཁང་དང་མཆོད་ཁང་བྱང་ངོས་སུ་འཕེལ་ཐུབ་པ་གལ་ཆེར་འཛིན་སྲོལ་ཡོད། དེའི་རྒྱུ་མཚན་ཡང་མེ་ལྷ་ཤར་དང༌། ནོར་ལྷ་བྱང་དུ་གནས་པའི་བསམ་བློའི་འཆར་སྣང་གིས་ཡིན་པ་དང༌། ཡང་རྒྱལ་སྒོ་ཕྱི་མ་མཐོ་ཞིང་གང་ལེགས་དགོས་ལ། རྒྱལ་སྒོ་བར་པའི་སྒོ་ཅུང་དམའ་ཞིང་འདུས་ཆེ་ལ་བཙན་པ་དགོས་གལ་གསུང་སྲོལ་ཡོད། དེའི་རྒྱུ་མཚན་ཡང༌། ཐམས་ཅད་ལས་རྒྱལ་ཁ་ཐོབ་པའི་སྒོ་ཡིན་པས་མཐོ་ཚད་གང་ལེགས་དགོས་པ་དང༌། ཡང་ང་རྒྱལ་ཁེངས་དྲེགས་ཅན་རྣམས་མགོ་བོ་དུད་ཅིང༌། དབང་ཐང་ཉམས་ཆེད་བར་སྒོ་དམའ་ཙམ་བྱེད་སྲོལ་ཡོད་པ་དེ་ཡང་འཆར་སྣང་དེ་འདྲ་ཞིག་ལ་ཐུག་ཡོད།
ཡང་ཁང་བཟོའི་གནས་བབ་ཀྱིས་བསོད་ནམས་དང་དབང་ཐང་སོགས་ལ་འབྲེལ་བ་ཡོད་ཚུལ་གྱི་ཤོད་རྒྱུན་དུ་ཡོད་པ་ནི། སྤྱིར་སྐྱེ་བོ་ཕལ་མོ་ཆེ་ལས་དང་བསོད་ནམས་ལ་བརྟེན་ནས་འཚོ་སྡོད་བྱེད་དགོས་སྟབས། བསོད་ནམས་གསོག་རྒྱུར་དོ་གལ་ཆེན་པོ་བྱེད་བཞིན་པ་དངོས་ཡོད་མཐོང་ཆོས་ཡིན་ཞིང༌། དོན་མེད་ཆུད་ཟོས་སུ་བསོད་ནམས་ཟད་དུ་འཇུག་ན་དགོས་པ་ཆུང་བས། ཁང་བཟོའི་ལས་རིགས་ཀྱི་ནང་དུའང་འོས་འཚམ་དང་འོས་མཚམ་མིན་པ་ཁ་གསལ་དབྱེ་འབྱེད་ཀྱིས་སྔོན་ཆད་ཚང་མས་ཕྱག་ལེན་དུ་བསྟར་ཡོད།
དཔེར་ན། ཕྱི་སྒོའི་སྒོ་ཕིབས་ཆེད་གླང་སྣ་བྲེ་མགྱོགས་ཞེས་སྒོ་འགྲམ་གཡས་གཡོན་གཉིས་སུ་བཟོ་བཀོད་འདྲ་མིན་མང་པོ་བརྩེགས་པ་དང༌། སྒོའི་རུ་བཞིའི་གཡས་གཡོན་དུ་པདྨ་ཆོས་བརྩེགས་སོགས་ཀྱི་རྒྱན་སྤྲོས་ཀྱང་ཐོད་ཆར་བབས་དང༌། བབས་ཤིང་སྤྲེལ་གདོང་མ་སོགས་ཆེན་པོར་འོས་པའི་རྒྱན་སྤྲོས་དང༌། དེ་བཞིན་གཟིམ་ཆུང་ཀ་བཞི་གདུང་བརྒྱད། ཅེས་ལྕམ་གདུང་གི་འགྲོ་སྟངས་དངོས་དེང་སྐབས་ཤེས་མིན་བརྗོད་དཀའ་ཡང༌། ཀ་བ་གཅིག་གི་སྟེང་དུ་གདུང་རྩེ་གསུམ་འཁེལ་བསྒྲོགས་མགོ་རྟ་གཟུགས་མ་ཐོན་པ་དང༌། དེ་བཞིན་ཁང་པའི་ཟུར་འཕྱོངས་ཞེས་རབ་གསལ་ལྷོ་ནུབ་བར་རྩིག་པ་མེད་པར་ཁྲ་ལིང་བྱང་དུ་བྱས་པ་སོགས་ནི་བསོད་ནམས་ལ་འཕྱགས་ཤིང་རྒྱག་བྱེད་ལྟ་བུ་སོང༌། རང་ཅག་སྐྱེ་བོ་ཕལ་པས་དེ་དག་ལ་ཐུགས་སྣང་དང་གཟབ་ནན་གནང་དགོས་ངེས་ཤིག་ཡིན།
དེ་ཡང༌། བར་ལམ་ལྷ་ལྡན་གྲོང་ཁྱེར་ནང་ཁང་གསར་མང་པོར་ཟུར་འཕྱོངས་བཏོན་པས་དེའི་སྡོད་མཁན་དཀོན་པོ་ཆགས་ཡོད། དཔེར་མཚོན་ཙམ་ཞུས་ན། ཕྱི་ལོ་ ༡༩༨༠ ནང་བསྟན་རྒྱས་གླིང་གི་ཤར་ངོས་སྒམ་ཆུང་ཟ་ཁང་གི་ཉེ་འཁྲིས་ཀྱི་སྲེག་ཤིང་གླིང་ག་ཞེས་པའི་ས་སྟོང་ཞིག་ཏུ་གཞུང་ནས་ཁང་པ་ཐོག་བརྩེགས་ཅན་ཞིག་གསར་རྒྱག་ལེགས་གྲུབ་བྱུང་རྗེས། ཉིན་ཞིག་དེ་གའི་གྲོང་ལྷན་གྱི་དབུ་ཁྲིད་གུས་སར་ཕེབས་ནས། ཁྱེད་རང་རྡོ་བཟོ་ཡུན་རིང་བྱེད་མྱོང་བ་མ་ཟད། མི་རྙིང་པ་མང་པོ་ཞིག་དང་སྐད་ཆ་བཤད་མྱོང་ཡོད། དེས་ན་ད་ལན་གུས་ནས་བཀའ་འདྲི་ཞུ་རྒྱུར། ད་བར་ང་རང་གསུམ་ཐོག་གི་འོག་ཤོད་དུ་བསྡད་པ་ཡིན། ད་ལན་གོང་རིམ་ནས་ཁང་གསར་གསུམ་ཐོག་སྟེང་སྤོ་དགོས་ཞེས་བཀའ་སློབ་དང་གཟིགས་སྐྱོང་གནང་ཡང༌། གུས་པ་སྤོ་ཡུལ་གྱི་ཁང་པ་དེར་ཟུར་འཕྱོངས་འདུག་པ་མ་ཟད། རྒྱ་ཆེ་ལ་དཀར་ཆ་དོད་པ་སོགས་སྐྱིད་པོ་འདུག འོན་ཀྱང་ངའི་རྒན་ལགས་སེར་སྨད་དགེ་བཤེས་ཤིག་ཡོད་པ་ཁོང་ལ་དེ་ལྟར་གནས་ཚུལ་ཞུས་པར། རྒན་ལགས་ནས་བསོད་སྐམ་པ་མི་ཁྱོད་ལྟ་བུ་དེ་འདྲར་བསྡད་ན་འགྲིགས་ཐབས་མེད་ཅེས་བཀའ་བཀྱོན་ཕེབས་པ་ལས་རྒྱུ་མཚན་གང་ཡང་གསུངས་མ་བྱུང་བས། དམངས་ཁྲོད་དུ་ཤོད་སྲོལ་གང་ཞིག་ཡོད་མེད་ཤེས་རྟོགས་བྱུང་ན། གོང་རིམ་དང་གྲོང་ལྷན་ལ་འགྲེལ་བཤད་ཞུས་ཏེ་གུས་པ་དེར་གནས་སྤོས་བྱ་གི་མིན་ཞེས་ཞུ་འཆར་ཡོད། དེ་མིན་རང་ཉིད་གུང་བྲན་ཏང་ཡོན་ཡིན་པའི་ངོས་ནས་འགྲེལ་བཤད་རྒྱག་སྟངས་ཤེས་ཀྱི་མི་འདུག་ཅེས་བརྗོད་བྱུང་བས། དེའི་ལན་དུ་ཁོ་བོར་ཡང་སྔར་སྲོལ་ཤོད་རྒྱུན་ཙམ་ལས། དཔེ་དོན་སྦྱར་ནས་ཞུ་རྒྱུ་མེད་ཅིང༌། ཁང་བཟོའི་ལས་རིགས་ཀྱི་སྒོ་ནས་དེ་དག་ཚང་མ་རང་འདོད་ལྟར་གང་བྱུང་བེད་སྤྱོད་བྱས་ཏེ་བཟོས་ན་བསོད་ནམས་ཉམས་ཚུལ་ཡོངས་གྲགས་གསུང་རྒྱུན་དུ་ཡོད། ད་ལྟ་རང་རེ་སྤྱི་སྒེར་ཚང་མ་བསོད་ནམས་ཀྱིས་མ་འདེང་པའི་དབང་གིས་མིག་སྔའི་ཡིད་སྐྱོའི་གནས་ཚུལ་འདི་རྣམས་བྱུང་ཞིང༌། ད་དུང་ཡང་རང་རང་སོ་སོས་བསོད་ནམས་གསོག་སྒྲུབ་བྱ་རྒྱུ་དེ་ལས་དོན་ཆེད་ཆུད་ཟོས་སུ་བཏང་ན་རང་གཞན་དང་སྤྱི་སྒེར་ཚང་མར་གནོད་པ་ལས་ཕན་པ་མེད་པས། མི་རབས་གོང་མ་ཚོས་ཀྱང་དགོངས་པ་བཞེས་ས་གཙོ་བོ་དེ་རང་ཡིན་ཚོད་འདུག་པ་ལས། དེང་དུས་དང་མཐུན་པའི་འགྲེལ་བཤད་ཞུ་རྒྱུ་མེད་ཅེས་བརྗོད་པར། གུས་པའི་རྒན་ལགས་བཀའ་དྲིན་ཆེན་པོ་རེད། གུས་པར་འདི་ལྟ་བུའི་ཤ་ཚ་གནང་གི་ཡོད་འདུག ད་ནི་ཇི་ལྟར་བྱས་ན་དགའ་ཞེས་བརྗོད་བྱུང་བས། ཁོ་བོས་གཞུང་ནས་ཁང་པ་སྤྲད་པ་དེ་ཡག་པོ་རེད། ཁྱེད་ནས་བཞེས་རྐྱང་གནང༌། རྗེས་སུ་འོས་འཚམ་ཞིག་དང་ཁང་བརྗེས་སྐྱོན་ཚེ་གླེང་མེད་ཡིན་ཚུལ་ཞུས་པར། བྱ་ཐབས་དེ་ཡག་པོ་འདུག་ཅེས་བརྗོད་པ་ལྟར་རྗེས་སུ་ཐག་གཅོད་ཀྱང་དེ་ལྟར་རང་འདུག བོད་མི་བསམ་ཡོད་རྣམས་ཀྱིས་དེ་རིགས་ཚོད་འཛིན་གང་ཤེས་བྱེད་མུས་ཡིན། འོན་ཀྱང་རྒྱ་ཡན་དུ་ཤོར་བའི་གྲོང་ཁྱེར་ཕྱི་ནང་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་ཁག་ཅིག་ལ་དེའི་སྐོར་ཐུགས་སྣང་རྩ་བ་ནས་མི་གནང་བ་ནི་སྙིང་རྗེའི་གནས་སུ་མཐོང༌། གྲོང་གསེབ་ཀྱི་ཁུལ་མང་ཆེ་བ་དུས་ཕྱིས་བཙན་འཛུལ་བའི་བཀོད་དབང་ལ་སོང་སྟེ་བྱ་ཐབས་བྲལ་ཞིང༌། དེ་ནི་བསོད་ནམས་ཀྱི་འཕྱག་ཤིང་ལྟ་བུར་སོང་བས་བློ་ཕམ་སྐྱེས་དགོས་པའི་གནས་ལས་མ་འདས།
ཅ༽ ལས་ཡུལ་དངོས་ཀྱི་བྱེད་སྒོའི་རིམ་པ།
ཨར་ལས་བཟོ་སྐྲུན་སྐབས་རྡོ་བཟོ་བའི་ལས་ཡུལ་དངོས་ཀྱི་གོ་རིམ་ནི། དང་པོ་རྩིག་རྨང་འཆར་འགོད་སྐབས་རྡོ་ཤིང་གཉིས་ཀྱི་ཆེ་མོ་བ་ལྷན་འཛོམས་ཐོག་བཀའ་མོལ་གནང་སྟེ། སྦྱིན་བདག་གི་རེ་འདུན་ལྟར་ཞུ་སྒོ་རྣམས་བློར་ཆུད་ངེས་ཀྱིས་ས་ཡུལ་དངོས་དང་བསྟུན་ནས་ཁང་པའི་ཁ་ཕྱོགས་དང༌། ཆེ་ཚད་སོགས་ལེགས་ངེས་སུ་བདམས་ཏེ་ཐིག་ཚད་བཏབ། ཐིག་གདབ་ཀྱི་སྔོན་དུ་ནང་ཆོས་སམ་རྩིས་ཁོངས་ཐོན་པའི་ཆོ་ག་ཁག་དང༌། ས་བདག་ལྟོ་ཕྱེའི་ཐིག གཞི་བདག་ལས་ས་བསླངས་བའི་ཆོ་ག་ཚུན་ཆད་ལེགས་གྲུབ་གནང་ཟིན་པ་དགོས་པ་ཡིན། དཔེར་ན། ས་བདག་ལྟོ་ཕྱེའི་ཐིག་ལྟ་བུར་མཚོན་ན། ས་ཁོངས་དེའི་དབྱིབས་ནས་ལྟོ་ཕྱེའི་གཟུགས་བཏོན་དགོས་ཤིང༌། ལྟོ་ཕྱེའི་དབྱིབས་ནས་དྲངས་ཏེ་ཁང་བཟོའི་གོ་ས་སོ་སོར་གནས་ཐུབ་པ་དགོས། དེ་ཡང་ལྟོ་ཕྱེའི་ཡན་ལག་གི་སྟེང་དུ་སྡོད་ཁང་དང༌། བུམ་སྟེང་དུ་བང་མཛོད་འཁེལ་བ་བྱ་རྒྱུ་སོགས་དང༌། གལ་གནད་ཆེ་ཤོས་ནི་སྙིང་དང་ཚིག་སྟེང་དུ་ཀ་བ་མ་འཁེལ་བ་བྱེད་དགོས། དེ་མིན་སྟབས་བདེར་བྱས་ཀྱང་ས་བསླང་བའི་ཆོ་ག་ངེས་པར་སྔོན་དུ་འགྲོ་དགོས་པར་གསུང་སྲོལ་ཡོད། རྩ་བའི་ཐིག་རྩ་ཁག་གཏན་འཁེལ་ཟིན་མཚམས། དེ་ལ་བརྟེན་ནས་ས་དཀར་གྱི་ཐིག་ལམ་འཐེན་པ་གཞིར་བཟུང་རྩིག་རྨང་འདྲུ་དགོས་ཤིང༌། གཞི་རྩའི་ཁང་པ་མཐོ་དམའ་ལ་གཞིགས་ནས་རྩིག་རྨང་འདྲུ་དགོས། དེ་ཡང་མ་ས་དེ་རང་གི་ཁྱད་ཆོས་ལའང་རག་ལས་ཤིང༌། མ་ས་ཕལ་མོ་ཆེ་མི་ཊར་གཅིག་ལྷག་ཙམ་ནས་གྲམ་ཧྲུག་ཐོན་གྱི་ཡོད། དེ་ལྟར་ཐོན་ཚེ་ཕལ་ཆེར་འགྲིགས་པ་ལྟ་བུ་ཡིན། འོན་ཀྱང་དམིགས་བསལ་མཐོ་ཚད་ཐོག་བརྩེགས་མང་པོ་ཡོད་ན། རྩིག་རྨང་ཡང་དེ་ལ་གཞིགས་པས་གཏིང་རིང་བ་འདྲུ་དགོས་ཤིང༌།
ཡང་ས་ཆ་འགའ་ཞིག་ཏུ་གྲམ་ཧྲུག་ཧ་ཅང་ཐོན་དཀའ་བའི་རིགས་ལ་གཏིང་ཚད་མི་ཊར་གཅིག་དང་ཕྱེད་ཙམ་དྲུས་རྗེས་ས་ཚི་ཅན་ལྗང་ནག་ལྟ་བུ་བང་རིམ་བཞིན་ཐོན་ཡོང་བ་ཡིན། དེ་ཚོའི་མཚམས་ནས་མ་བུ་ཕྲད་པ་ཞེས་མཐིལ་ཚད་དུ་འཛིན་སྲོལ་ཡོད། ཐུགས་སྣང་གིས་ཞིབ་འཇུག་གནང་ནས་ས་རིམ་པ་དགུ་ཞེས་པའང་དེ་ལྟ་བུ་ཞིག་ཡིན་ནམ་སྙམ། དེའི་བར་ས་རིམ་པ་ཁ་ཤས་ཡོད་པ་ལས་བྲོ་བ་དང་དྲི་མ་ཡང་མི་འདྲ་ཞིང༌། རྩིག་རྨང་དྲུས་རྩིས་ཟིན་རྗེས་དེའི་ནང་རྡོ་འདིང་དགོས་པས། སྔར་གྱི་ཕྱག་སྲོལ་ལ་རྡོ་དང་པོ་ཆུ་རྡོའི་རིགས་ཕུར་ཚུགས་སུ་བསླངས་ནས་ཞིབ་ཚགས་བསྒྲིགས་དགོས་ལ། དེའི་བར་སྟོང་ཚང་མ་གྲམ་ཧྲུག་གིས་བརྒྱངས་པ་དང༌། དེའི་སྟེང་ས་སྐམ་སླ་རན་པོ་ཞིག་སྲབ་མོར་བཏིངས། དེའི་སྟེང་སེང་རྡོ་རྣམས་ལས་མི་རེ་རེས་རྡོ་ལེབ་ཀི་ལོ་གཉིས་ཙམ་གྱི་ལྗིད་ཚད་ལས་མི་བརྒལ་བ་རེ་འཁྱེར་ནས་དེ་ཡར་བཀྱག་སྟེ་ལེབ་མོར་བྱས་ཏེ་ག་ལེར་བཞུ་དགོས། ལུགས་སྲོལ་འདི་ནི་ལས་མི་ཚང་མ་བང་བསྒྲིགས་པའི་བར་ཐག་ངེས་ཅན་འཇོག་དགོས་ལ། གཞས་བསྐུལ་བ་པོས། རྡོ་སྒྲུག་ཡོད་ལ་རྡོ་སྒྲུག་ཡོད། ཅེས་བརྗོད་མཚམས་ཚང་མས་རྡོ་མགོ་ཐད་དུ་འདེགས་དགོས་ཤིང༌། གཞས་སྐུལ་བ་པོས། ལགས་སོ་ཞེས་བརྗོད་པ་དང་རྩིག་སྟེང་དུ་ག་ལེར་ཐེངས་སུམ་ཅུ་ཙམ་གཞུ་དགོས།
དེ་ལྟར་ཐེངས་ ༣༠ ཙམ་གཞུ་རུ་འཇུག་རྗེས་ཡང་རྡོ་ཆེན་ངོ་དབྱིབས་མི་ལེགས་ཤིང་འཇོག་ལེགས་རིགས་རྩིག་རྨང་གི་ཞེང་དང་མཚུངས་པ་གཞོགས་གཉིས་སུ་རྡོ་བསྟར་རིམ་བསྒྲིགས་སུ་བྱས་པའི་དབུས་ཁོག་རྡོ་ཞེས་འཇོག་ཡོད་པའི་རྡོའི་རིགས་ཀྱིས་ཁོག་པ་བརྒྱངས་དགོས། འདི་ནས་བཟུང་གྲམ་ཧྲུག་གམ་ཆུ་རྡོ་མཐེ་བོང་ཙམ་ཡང་རྩིག་པའི་ཁོག་ཏུ་མ་ཤོར་བྱ་དགོས། ཁོག་པ་ཁེངས་རྗེས་བསིལ་ཧྲུག་ཅེས་རྡོ་ལ་བཟོ་ལྟ་བཟོ་སྐབས་ཐོན་པའི་རྡོ་ཧྲུག་ཐེངས་ཁ་ཤས་བླུགས་མཚམས་ས་ངོས་ལས་ཅུང་དམའ་ཙམ་བར་དེ་བཞིན་དུ་རྩིག་རྨང་བརྒྱངས་དགོས་པ་ཡིན། གསུང་སྲོལ་ལྟར་ན་རྡོ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་རྡོ་བཟོ་བའི་ལག་གི་ཐོ་བས་ཐུག་ཙམ་རེ་ངེས་པར་གཞུ་དགོས། ལོ་རྒྱུས་ཐོག་རྡོ་བཟོ་རྣམས་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་སྤྲུལ་ཡིན་པས། ཁོང་གི་ཐུགས་སྨོན་གནང་ཡོད་ཚུལ་ཞལ་རྒྱུན་ལ་སློབ་ཁྲིད་གནང་གི་ཡོད།
དེ་བཞིན་གཏམ་རྒྱུད་གཞན་ཞིག་ཀྱང་ཡོད་པ་ནི། བོད་ལུགས་ཀྱི་ཁང་བཟོའི་སྐབས་གསང་སྤྱོད་འཇོག་ས་དེར་དཀའ་ངལ་མེད་པ་ཞིག་མི་སྲིད་པ་ཡིན། རྒྱུ་མཚན་གང་ཞེ་ན། ཨོ་རྒྱན་རིན་པོ་ཆེས་བོད་ལུགས་ཁང་བཟོའི་དགོངས་པ་ཐོག་མར་བཞེས་སྐབས་སྐུ་མཉེལ་པོ་བྱུང་བས། དེའི་རྟེན་འབྲེལ་གྱིས་རང་རེའི་བོད་ཁང་གི་བཟོ་དབྱིབས་འཆར་འགོད་གནང་སྐབས་གསང་སྤྱོད་དེ་ག་དུས་ཡིན་ཡང་གྲ་མ་འགྲིགས་པ་གཅིག་ཡོང་གི་རེད་ཅེས་ཟེར་སྲོལ་ཡོད། ཡང་གསང་སྤྱོད་ནི་རྒྱུན་དུ་བེད་སྤྱོད་བྱེད་དགོས་པས། མ་ཁང་དང་མཉམ་གཤིབ་བྱས་ཚེ་ཡུན་རིང་འགྲོ་སྐབས་ས་མུག་གིས་མ་ཁང་ལ་སྐྱོན་བྱེད་ཀྱི་ཡོད་པས། གསང་སྤྱོད་ནི་རྣ་ཅོག་ལྟར་ཟུར་འདོན་མི་བྱེད་ཀ་མེད་ཡིན་ཚུལ་གསུང་རྒྱུན་དུའང་ཡོད།
དཀྱུས་ལ་འཇུག་སྟེ་ཞུས་ན། རྡོ་རྩིག་གི་ཁང་བཟོར་ཐོག་མར་ཟུར་རྡོ་འཛུགས་རྒྱུ་དེ་གལ་འགངས་ཆེན་པོ་ཡིན། གང་ཞེ་ན། རང་རེ་བོད་ཁང་ངམ་རི་ལྡེབས་སུ་ཁང་བཟོའི་ལས་རིགས་བྱེད་སྐབས་རྩིག་པའི་ཕྱི་ངོས་ནས་འཐེན་གཏོང་རྒྱུ་དང༌། ནང་རྩིག་མདའ་ཚུགས་སུ་བྱ་དགོས་སྟབས་ཁང་པ་མཐོ་ཚད་ཇི་ཙམ་རྒྱག་དགོས་པ་དང༌། རྩེ་མོར་སླེབས་སྐབས་རྩིག་ཞེང་ལ་ནས་འབྲུ་ཙམ་གྱི་ཧེ་བག་མེད་པ་དགོས་ཤིང༌། དེ་ལྟར་མ་བྱུང་ཚེ་སྤུས་ཚད་སོགས་ལ་འགན་ལེན་བྱེད་མི་ཐུབ་ལ། ཤིང་བཟོ་བ་རྣམས་ཀྱི་ལས་འཆར་ཡང་རྩ་བ་ནས་འཁྲུག་འགྲོ་བས་འགན་ལྗིད་པོ་ཆགས་ཡོད། ཕྱི་རྩིག་ནས་འཐེན་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོར་བརྩི་ཡི་ཡོད། དེ་ནི་ཕྱོགས་གཅིག་ནས་ས་གཡོ་བ་སོགས་ཀྱི་འགུལ་བསྐྱོད་ཆེ་ཆུང་གང་སར་རྟོག་འགན་ལྟ་བུ་བྱས་པས་ཁང་རྩིག་མ་ལོག་པར་ཕན་ཐོགས་ཆེན་པོ་ཡོད་ལ། གཉིས་ནས་རྩིག་པ་དེ་ཉིད་དང་འབྲེལ་གོང་ལ་དང་བཅས་པའི་ལྗིད་ཚད་ཆ་སྙོམས་གཏོང་རྒྱུར་ཕན་ཐོགས་ཆེ་ཞིང་འགན་ཡང་ལྗིད་པོ་ཡོད། དཔེར་ན། གསུམ་ཐོག་ཅན་ལ་མཚོན་ན་རྩ་བར་རྩིག་ཞེང་སྐར་མ་དགུ་བཅུ་བྱས་ཚེ་རྩེ་མོར་སླེབས་སྐབས་རྩིག་ཞེང་སྐར་མ་བདུན་ཅུར་གཏན་འཁེལ་བས། སྐར་མ་ཉི་ཤུ་རྣམས་འཐེན་བཏང་སྟེ་བསྡུ་རུབ་བྱེད་དགོས་པས་ན། གོང་ཞུས་ལྟར་ཟུར་རྡོ་དང་པོ་འཛུགས་སྐབས་རྩེ་མོའི་སྐར་ཚད་ཁོག་རྩིས་ལོན་དགོས་པར་བརྟེན། རྩིག་རྡོ་དང་པོ་ནས་བཟུང་རྩེ་མོའི་མཐོ་ཚད་བར་སྐར་མ་ཉི་ཤུས་འཐེན་ཐབས་ཀྱི་རྨང་གཞི་གཏིང་དགོས་པས་དེ་ལ་གཟབ་ནན་བྱེད་དགོས་པ་ཡིན།
དེ་ཡང་འདིར་ལོ་རྒྱུས་ཞིབ་པར་སྤྲོས་ན། པོ་ཏ་ལའི་ཕོ་བྲང་དཀར་པོའི་མདུན་ངོས་བྱང་ཆེན་ཐར་ལམ་གྱི་རྩིག་ཟུར་དེ་ཉིད་རྡོ་བཟོ་བ་ཨེ་པ་ཆེན་མོ་རྒན་ཚང་པ་ལགས་ཀྱིས་བརྒྱབ་པའི་ཤོད་རྒྱུན་ཡོད་ལ། ཁོང་གིས་ཕོ་བྲང་གི་རྡོ་བཟོ་ཐོག་མར་གནང་སྐབས་དམར་ཟས་སྤོང་རྒྱུས་མཚོན་གཙང་སྦྲ་གང་ལེགས་ཐོག རྡོ་ལ་ཁྲུས་གསོལ་རབ་གནས་བྱས་ཤིང༌། ཟུར་རྡོ་འཛུགས་ཁར་ཡང་ཕྱོགས་བཞིར་ཕྱག་འཚལ་ནས་སྨོན་ལམ་བཏབ་རྗེས་ཟུར་རྡོ་བཙུགས་པ་དང་མཉམ་དུ་རོང་ལྷ་རྒྱལ་མཚན་མཁྱེན་ཞེས་བརྗོད་ཀྱི་ཡོད། དེ་ནི་ཁོང་གི་ཡུལ་ལྷ་ཨེ་རོང་ལྷ་རྒྱལ་མཚན་ཞེས་པ་དེ་ཡིན། ལྷ་དེས་ཐོག་མར་གཞུང་ལས་ལ་བཅར་རྒྱུའི་སྐོར་ལའང་འབོད་སྐུལ་རྒྱབ་སྐྱོར་བྱས་པ་དང༌། ཁ་རྒྱུན་ལྟར་ན་ཕོ་བྲང་པོ་ཏ་ལའི་ལས་གྲྭ་མཇུག་མ་སྒྲིལ་གོང་ཆེ་མོ་བ་པ་ལགས་དེ་འདས་གྲོངས་སུ་གྱུར་ཅིང༌། པ་ལགས་ཀྱི་ཁོག་པར་རོང་ལྷ་རྒྱལ་མཚན་བཞུགས་ཏེ་ལོ་གཉིས་རིང་ཞབས་ཞུ་བྱས་པའི་ཤོད་རྒྱུན་ཡང་ཡོད། དེ་ནས་ཕ་དེའི་བུས་ཆེ་མོ་བའི་ལས་འགན་བླངས་ཤིང༌། དུས་ཕྱིས་ཁོང་ཚོའི་ཁྱིམ་རྒྱུད་ལའང་རྒན་ཚང་གཞོན་ཚང་ཞེས་ད་ལྟའང་མིང་དང་སྔོན་གྱི་གྱང་ཤུལ་མཐོང་རྒྱུ་ཡོད། ཕོ་བྲང་གི་ཕྱག་ལས་གྲུབ་བསྟུན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་ཕོ་བྲང་སྐུ་རྒྱབ་ཡང་སྟེང་དུ་ཐུགས་གཅིག་རོང་ལྷ་རྒྱལ་མཚན་ཞེས་མིང་འབྱར་མ་དུས་ཕྱིས་ཀྱི་བར་དུ་ཡོད། བོད་གཞུང་ནས་ཀྱང་དེ་ལྟ་བུའི་གཟིགས་སྐྱོང་གནང་ཞིང༌། གཞོན་ཚང་ཁྱིམ་ཚང་ལ་ལྷ་མོའི་སྐུ་ཐང་དང༌། གཏོར་ཆོག ༸གོང་ས་ལྔ་པ་ཆེན་པོའི་སྐུ་བརྙན་དང༌། ན་བཟའ་ཚལ་བུ་བཅས་ཕྱི་ལོ་ ༡༩༥༩ བར་རྒྱུན་འཇགས་སུ་ཡོད་སོགས་ཁོང་ཚོའི་བུ་རྒྱུད་བསོད་ནམས་ཆོས་འཕེལ་གྱི་ངག་ལས་གསལ་བར་ཐོས།
དཀྱུས་ལ་འཇུག་རྒྱུར། དེ་ལྟ་བུའི་ཟུར་རྡོ་བཙུགས་པ་དང་བསྟུན་རྡོ་བཟོ་བ་མི་གྲངས་མང་ཉུང་ལ་གཞིགས་ཏེ་རྩིག་པ་དུམ་བུ་ཞིག་ཁྱེར་ནས་སོ་སོའི་གོ་སའམ་ས་ཆ་རེ་བཟུང་སྟེ་གོང་ཞུས་ལྟར་ལག་དོ་ཕྱི་རྩིག་པས་ཕྱི་ངོས་རྡོ་རྣམས་བསྟར་འགྲིགས་ནང་བརྩིགས་པས་ནང་རྡོ་རྣམས་བསྟར་བསྒྲིགས་ཟིན་མཚམས་ཆེ་མོ་བས་ཐིག་སྐུད་གཏོང་བ་ཡིན། རྩིག་དུམ་གྱི་མཇུག་ཏུ་སྡོད་མཁན་དེ་དབུ་ཆུང་ལག་ཤེས་ཚད་ལྡན་ཞིག་དགོས་ལ། དེའི་མིང་ལ་མོ་ཞུགས་ཞེས་བརྗོད་ཀྱི་ཡོད། འདི་པས་གཟབ་གཟབ་མ་བྱས་ཚེ་ཁང་པ་བཅུད་རིལ་ཐེབས་ཤིང༌། མདོག་ཉེས་པ། བརྟན་པོ་མེད་པ་སོགས་སྐྱོན་ལྷགས་པའི་ཉེན་ཁ་ཆེ། དེ་ལྟར་མི་ཡོང་བའི་སྔོན་འགོག་བྱེད་རྒྱུའི་ཐབས་ཤེས་གཙོ་བོ་ནི་ཐིག་སྐུད་ཇི་ཙམ་རྒྱང་རིང་བ་འཐེན་ཐུབ་ཀྱང་དེ་རྩིས་ཀྱིས་དགེ་ཕན་ཆེ་ཞིང་བློ་བདེ་བ་ཡོད།
མཚམས་འདིར་རྡོ་བཟོ་བར་དགོས་པའི་རྒྱུ་ཆ་སྣ་ཚོགས་ལས་སོ་སོའི་མིང་དང་བསྟུན་ནས་གོ་རིམ་མ་འཆོལ་བ་ལས་གཡོག་སོ་སོས་གྲ་སྒྲིག་བྱེད་དགོས། དེ་རྣམས་ཀྱི་མིང་འདི་ལྟར་ཏེ་ཁོག་རྡོ་དང༌། སེབ་ཧྲུག འདམ་བག བདག་རྡོ། ས་འབོལ་ ༼ས་ཚི་ཅན་རྡོ་ཧྲུག་སོགས་དང་མ་འདྲེས་པར་ཚགས་བརྒྱབ་པ། སྐམ་སླ་རྡོག་རིལ་བཀོང་ཐུབ་ཙམ་ཞིག་ལ་ཟེར།༽ ཅབ་ལ། ཅབ་རྒྱོངས་བཅས་དགོས་པས། དེ་དག་གོ་རིམ་བཞིན་ལག་ཏུ་སྤྲོད་ཐུབ་ན་ལག་གཡོག་ཡག་པོར་བརྩི་སྲོལ་ཡོད།
ཆ༽ ཨར་སྐྲུན་གྱི་ལག་ལེན་དངོས་གཞི།
ལག་ལེན་དངོས་གཞིའི་ནང་གཡས་གཡོན་གཉིས་ཀྱི་ཆེ་མོ་བ་དང༌། དབུ་ཆུང་གཉིས་ཀྱིས་ཐིག་ལ་ལྟ་བཞིན་ཕྱིར་ཕྱི་ནང་གང་དུ་འདོན་འཇུག་བྱེད་དགོས་མིན་སྐད་བརྡ་གཏོང་ཞིང༌། སོ་སོའི་རྡོ་ལ་བཟོ་བལྟ་ལེགས་ཉེས་ཀྱིས་དམའ་འབེབས་དང༌། ཁྲེལ་བགད་མང་པོ་བྱེད་སྲོལ་ཡོད། དེ་ཡང་དཔེར་ན་རྡོ་ནག་ཁུང་དང༌། སྦེ་འདེར། སྐེ་ཀྱོག ཟེ་ལངས། ཟེ་རིལ་སོགས་ཀྱི་མིང་ཐོག་ནས་རྡོ་དབྱིབས་ལ་སྐྱོན་བརྗོད་བྱེད་སྐབས་ངོ་ཚ་སྟེ་གདོང་མདོག་ཀྱང་དམར་པོར་གྱུར་གྱི་ཡོད། གལ་ཏེ་རྡོ་བཟོ་ཆེ་མོ་བའི་འདོད་པར་གཏན་ནས་མ་བབས་ཚེ་རྡོ་དེ་ཕྱིར་བཏོན་ནས་ཚབ་གཞན་ཞིག་མ་འཚོལ་ཐབས་མེད་ཡིན། ཕྱི་ནང་གཉིས་ལ་ཐིག་སྐུད་བཏང་ཟིན་ཚེ་ཁོག་རྡོ་ཞེས་རྡོ་བཟོ་དབྱིབས་མི་ལེགས་པའི་རིགས་བང་རིམ་བསྒྲིགས་ཏེ་ཐོ་བ་རེ་ཞུ་བ་དང༌། དེ་རྗེས་སེབ་ཧྲུག་ཕྲན་བུ་བླུགས་ནས་ཐོ་བ་མང་ཙམ་གཞུ་དགོས། གང་འཚམ་ནས་ཆེ་མོ་བས་འདག་པ་བརྒྱབ་མ་ཐག་ཚང་མས་རྒྱག་དགོས། དེ་ཡང་སྡེབ་གཅིག་ཏུ་མང་པོ་རྒྱག་མི་ཆོག་པ་ཡིན། དེའི་སྟེང་འདག་རྡོ་ཞེས་རྡོ་ཧྲོག་ཙམ་ལེབ་མོའི་རིགས་འཇོག་ཅིང༌། སླར་ཡང་དེའི་སྟེང་སེབ་ཧྲུག་ཅུང་ཧྲོབ་ཙམ་ཞིག་རྒྱག་དགོས་ཤིང༌། དེའི་སྟེང་ཐོ་བ་བར་མཚམས་མ་ཆད་པར་གཞུ་དགོས། དེ་ནས་ཆེ་མོ་བས་ས་འབོལ་བརྒྱབ་མ་ཐག་ཚང་མས་ས་འབོལ་རྒྱག་དགོས། ཅབ་ལ་ཞེས་རྡོ་ངོ་ཡོད་ཆུང་རིགས་དམའ་ལོན་མཐོ་བཀྱག་བྱས་ཏེ་རྒྱག་དགོས་པ་ཡིན།
སྔར་སྲོལ་ལྟར་ན་རྡོ་ཆེན་གཉིས་བར་སྟོང་ཆ་སོར་དོ་ཙམ་རེ་འཇོག་སྲོལ་ཡོད། དེ་ནི་གོང་གསལ་འདག་ལས་སོགས་བྱེད་ཞོར་དུ་རྡོ་ཧྲུག་གི་རིགས་བརྩེགས་ནས་བཀག་དགོས། འབུར་ཙམ་ཕྱིར་ཐོན་ནའང་སྐྱོན་མེད། སྲུབ་བཀག་ལུག་གི་མིག་རིལ་འདྲ། ཞེས་ཁ་རྒྱུན་ལ་ཡོད་པ་ལྟར་གལ་ཏེ་སྲུབ་བཀག་ནང་དུ་འཛུལ་ན་ཁ་རྡུང་བཅས་ཕྱིར་འདོན་དུ་འཇུག་ཅིང༌། སྲུབ་བཀག་ཀྱང་ཤེས་ཀྱི་མི་འདུག་ཅེས་དམའ་འབེབས་དང་རྒྱབ་བཤད་བྱེད་སྲོལ་ཡོད།
ལས་རིགས་འདིར་སློབ་སྦྱོང་ལ་ཐོག་མར་ཞུགས་སྐབས་ཆེ་མོ་བ་ཕུན་ཚོགས་ཀྱིས་བཀའ་སློབ་འདི་ལྟར་གནང་མྱོང་བ་སྟེ། ལས་རིགས་འདི་བྱེད་མཁན་ཚང་མའི་ལག་ཏུ་ལྕགས་ཀྱི་ཐོ་བ་ཆེ་ཆུང་འདྲ་མིན་རེ་འཁྱེར་རྒྱུ་ཡོད། དེ་ནི་ཕྲག་དོག་དང་ཞེ་སྡང་གི་གོང་བུ་ལྟ་བུ་རེད། དེར་བརྟེན་ཁ་རྡུང་དང་དམའ་འབེབས་སོགས་གང་ཞིག་བྱུང་ཡང་བཟོད་པ་སྒོམ་ནས་སྡུག་རུས་བྱས་ཚེ་ལག་ཤེས་འདི་ཕལ་ཆེར་མིག་བལྟས་ནས་བརྐུས་ཏེ་བྱ་རྒྱུ་ཞིག་ཡིན་པ་ལས། ཟེར་ཚད་ལ་ཉན་དགོས་དོན་མེད་ལ། སེམས་ལ་དེ་བས་བཞག་དགོས་དོན་མེད་ཅེས་གསུངས་བྱུང༌། བཀའ་སློབ་དེ་གདོང་ལེན་གྱི་ཕུབ་ལྟ་བུར་གྱུར་ནས་དཀའ་ངལ་ཆེ་རིགས་འགོག་ཐུབ་པ་བྱུང༌།
རྡོ་བཟོའི་ལག་རྩལ་ནི་དེ་ལྟ་བུའི་འཕྲང་ལམ་བརྒྱུད་ནས་སྦྱོང་དགོས་པ་ལས། ཞལ་རྒྱུན་ལྟར་བལྟས་པ་དང་གཏུགས་པ་གཉིས་མི་འདྲ་བ་ཡོད་པ་དངོས་ཡོད་ཡིན། དཔེར་ན། ཕྱི་ལོ་ ༡༩༥༩ ལོའི་རྗེས་ཀྱི་ལོ་ཤས་ནང་ལྷ་ལྡན་གྲོང་ཁྱེར་ནང་གི་ཕོ་མོ་ཕལ་མོ་ཆེ་རྒྱ་མིའི་ལས་ཁུངས་ཁག་གི་ཨར་ལས་ལ་འགྲོ་དགོས་བྱུང་ཞིང༌། སྐབས་དེར་ལག་ཤེས་ཀྱི་ལས་རིགས་ཤིག་ཡོད་ན་སེམས་ཁྱད་ཀྱི་གླ་ཐོབ་མཐོ་བ་ཡོད། དེར་བརྟེན་རྡོ་བཟོའི་ལས་རིགས་འདི་ཟ་ཐག་ཉེ་ཤོས་དང༌། ལག་ཆ་སོགས་ལ་དཀའ་ངལ་གང་ཡང་མེད་སྟབས་གྲོང་ཁྱེར་ནང་གི་ཕོ་གཞོན་དར་བབ་ཕལ་མོ་ཆེས་སྐེད་པར་ཐོ་བ་རེ་འཁྱེར་ནས་རྡོ་བཟོ་བ་ཡིན་ཞེས་ལས་གྲྭར་འཛུལ་མཁན་མང་པོ་བྱུང་བ་དང༌། འགའ་ཤས་ཀྱིས་ནང་ནས་ཐོ་བ་ར་མགོ་དང༌། ལྕགས་ཟེར་བཀོག་བྱེད་ཀྱི་ཤིང་བཟོ་བའི་ལག་ཆ་ལྟ་བུ་སྐེད་པར་གཟེར་ནས་རྡོ་བཟོ་བྱེད་པར་བསྐྱོད་པས་རྒྱ་མི་ལས་དཔོན་གྱིས་ཤེད་ཤེད་དང་བཅས་ཕྱིར་འབུད་བྱས་པ་སོགས་ཀྱི་གཏམ་རྒྱུད་ཀྱང་མང་པོ་ཡོད།
ཡང་འགྲིམ་འགྲུལ་ཅུད་ཅེས་པའི་ལས་ཁུངས་ཀྱི་ཁོངས་སུ་ཁང་བཟོའི་ལས་གྲྭ་ཞིག་ཏུ་བུ་མོའི་རྡོ་བཟོ་བ་ཡང་ཁ་ཤས་ཡོད་སྐོར་གོ་ཐོས་བྱུང་ཞིང༌། དེ་ལ་རང་རེའི་རྡོ་བཟོ་བ་བགྲེས་པ་རྣམས་ཐུགས་མ་སྤྲོ་བ་ཤུགས་ཆེ་གནང་གི་འདུག གསུང་སྲོལ་འཆར་སྣང་ལས་ཕོ་ལས་མོས་བྱས་པ་དང༌། ལྷ་ཁང་ནག་མོས་འགྲིམས་པ་འདི་དག་བསྐལ་པའི་མཐའ་ལ་ཐུག་པའི་རྟགས་རེད་ཅེས་བློས་བཅོས་པའི་འཆར་སྣང་ལྟ་བུ་སྐབས་དེར་ཧ་ཅང་མང་པོ་ཡོད་ཚོད་འདུག དེ་བཞིན་ལས་རིགས་སོ་སོའི་ནང་འཁྱེར་དགོས་པའི་ལས་འགན་དང༌། ལས་འགན་འབྲེལ་ཏེ་དབང་དང་ཐོབ་ཐང་ཡང་མི་འདྲ་བ་ཡོད།
ཕོ་བྲང་དམར་པོའི་དཀར་ཆག་ཐར་གླིང་གྲུ་རྫིངས་ནང་འཁོད་པ་ལྟར་ན། སྤྱིར་བཏང་བཟོ་ལས་པའི་ཟས་གོས་ཕོགས་གསུམ་གྱི་ཐོབ་ཐང་རིམ་པ་ལྟར་ཡོད་པ་དང༌། རྡོ་བཟོ་བ་དག་ལ་ལྟེ་སྣུམ་ཞེས་དམིགས་བསལ་སྣུམ་ཕྲན་ཙམ་རེ་ཐོབ་སྐལ་ཡོད། འདི་གང་ཞིག་ཡིན་སྙམ་ན། རྡོ་བཟོ་བ་རྣམས་ཉིན་ལྟར་རྡོ་ཆེ་ཆུང་གི་ཁྲོད་དུ་ཐོ་བ་གཞུས་ནས་རྡོ་ལ་བཟོ་དབྱིབས་འདོན་དགོས་པས། དེ་འདྲའི་གནས་སྐབས་སུ་མིག་ནང་རྡོ་ཕྱེ་འཐོར་ནས་ན་ཟུག་དྲག་པོ་གཏོང་བ་དང༌། སྐབས་རེ་མིག་ཞ་ལོང་དུ་སོང་བ་ཡང་ཡོད། དེ་ལྟར་མིག་ནང་རྡོ་ཕྱེ་ཤོར་ན་དགོང་མོ་ཉལ་ཁར་ཧྲེང་མཛུབ་ཀྱིས་སྣུམ་ཐིགས་རེ་རང་ཉིད་ཀྱི་ལྟེ་བར་བྱུགས་ཚེ་ཕྱི་ཉིན་རྡོ་ཕྱེ་ཚང་མ་ཕྱིར་དོན་ནས་དཀའ་ངལ་མེད་པ་ཆགས་ཐུབ་པས་ན། རྡོ་བཟོ་བར་དམིགས་བསལ་ལྟེ་སྣུམ་ཞེས་སྣུམ་ཅུང་ཟད་རེ་ཐོབ་ཐང་ཡོད་པར་གྱུར་ཡོད། དེ་བཞིན་ལས་འགན་ཆེ་ཆུང་དང༌། ལག་ཤེས་ལེགས་ཞན་གྱི་དབྱེ་བས་ཐོབ་ཐང་དང༌། དམིགས་བསལ་འདྲ་མིན་སྣ་ཚོགས་ཡོད།
དཀྱུས་ལ་འཇུག་ནས་ཞུས་ན། མཁར་ལས་ཀྱི་མ་ཁང་དབུ་ཚུགས་སྐབས་འཛུགས་སྟོན་ཞེས་ལས་མི་དང༌། སྦྱིན་བདག་བཅས་ཉིན་གཅིག་སྤྲོ་གསེང་གིས་ངལ་གསོ་བྱས་ཤིང༌། འཛུགས་སྟོན་ཉིན་སྦྱིན་བདག་ནས་ལས་སྣེ་རྣམས་ལ་ཇ་ཆང་གི་སྐྱེམས་གསོལ་དྲངས་ཏེ་ཉིན་རྒྱབ་ཏུ་ཕལ་མོ་ཆེ་ཚང་རག་གིས་བཟི་ནས་ཁྱར་ཁྱོར་ངང་གཞས་དང་ཞབས་བྲོ་དང༌། གླུ་དང་རྣམ་ཐར་གཏོང་བཞིན་དགའ་སྤྲོའི་ངང་ཉི་མ་བུད་ཐབས་བྱེད་སྲོལ་ཡོད། ཕྱི་ཉིན་ནས་ལས་ཀ་དངོས་གཞི་འགོ་འཛུགས་བྱས་ཏེ་རྡོ་བཟོ་ཆེ་མོ་བས་ཟུར་རྡོ་བཞིའམ་གཉིས་བཙུགས་ཏེ་ཐིག་ཚད་བསྐོར་ལེན་བྱེད་པ་ཡིན།
སྔོན་ཆད་བོད་རང་གི་ཁང་བཟོ་སོགས་ཚད་ལེན་བྱ་ཐབས་ཕྲ་རགས་གཉིས་ལས་རགས་པ་ཙམ་བརྩི་སྟངས་མཛུབ་མོའི་ཞེང་ཚད་ལ་སོར་དང༌། སོར་བཅུ་གཉིས་ལ་ཐོ་གང་ཞེས་འབོད། དེ་ཡང་གསལ་བར་བརྗོད་ན། རྒྱོང་ཐོ་ཞེས་ཁང་པའི་ཆ་ཚད་མང་ཆེ་བ་རྒྱོང་ཐོ་རང་གི་གྲངས་བརྩིས་གནང་གི་ཡོད། དེ་ནས་ཆ་བགོས་བྱེད་དགོས་བྱུང་ཚེ་སོར་ཆ་བགོས་ཀྱིས་སོར་ཕྱེད་དུ་བྱེད། འཇལ་ཚད་ཕྲ་བའི་དབང་དུ་བྱས་ན། མངོན་པ་མཛོད་ནས་གསུངས་པ་ལྟར་ལྕགས་རྡུལ་ཕྲ་མོ་ནས་བརྩི་དགོས་པ་སྟེ། ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉེ་ཟེར་རྡུལ་དང་སྲོ་མ་དང༌། །ཞེས་གསུངས་པ་ལྟར་ལྕགས་རྡུལ་ཕྲ་མོ་བདུན་ལ་ཆུ་རྡུལ་གཅིག་དང༌། དེ་བདུན་ལ་རི་བོང་གི་སྤུ་གཅིག དེ་བདུན་ལ་ལུག་གི་སྤུ་གཅིག དེ་བདུན་ལ་བ་གླང་གི་སྤུ་གཅིག དེ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག དེ་བདུན་ལ་སྲོ་མ་གཅིག དེ་བདུན་ལ་ཤིག་གཅིག དེ་བདུན་ལ་ནས་གཅིག དེ་བདུན་ལ་སོར་གང༌། དེ་བཅུ་གཉིས་ལ་ཐོ་གང༌། དེ་བཞི་ལ་གཞུ་འདོམ་གཅིག དེ་ལྔ་བརྒྱ་ལ་རྒྱང་ཕྲག་གམ་དགོན་པ་ཞེས་དང༌། དེ་བརྒྱད་ལ་དཔག་ཚད་གཅིག་ཅེས་བརྗོད་ཀྱི་ཡོད་པས། རང་རེའི་སྐད་དོད་ཀྱི་དཔག་ཚད་ཅེས་པ་དེ་གཞུ་འདོམ་བཞི་སྟོང་གི་འཇལ་ཚད་ཡིན།
དེ་དག་གོང་མ་གོང་མའི་འཇལ་ཚད་ལ་གཞིགས་ན་སོར་གང་ལ་ལྕགས་རྡུལ་ཕྲ་མོའི་ཞེང་ཚད་ཇི་དགོས་ཤེས་པར་གྱུར་བས། སོར་དང༌། ཐོ། ཁྲུ། འདོམ་ལ་སོགས་རྣམས་གང་བྱུང་འོལ་ཚོད་ཀྱི་ཚད་གཞི་ཞིག་མིན། ལ་ལའི་བསམ་ཚུལ་ལ་སོར་མོར་ཕྲ་སྦོམ་ལ་ཇི་སྙེད་ཅིག་ཡོད་པས་འོལ་ཚོད་དང་རགས་བཤད་དུ་བསམ་མཁན་ཡོད། རང་རེའི་སོར་ཚད་ལྕགས་རྡུལ་ཕྲ་ཤོས་ལས་ལེན་ཏེ་སོར་དང༌། ཁྲུ་སོགས་བྱུང་བས་རང་ཉམས་ལ་དཔགས་པའི་ཧ་ཅང་གཏིང་ཟབ་པར་མཐོང་གི་ཡོད།
མ་ཁང་གི་ཐིག་ཚད་ཁག་ལེགས་གྲུབ་བྱུང་བསྟུན་རྩིག་བཟོའི་ལས་ཀ་ཚུགས་དགོས་པས། དབུ་ཆེ་མོ་བས་མ་ཁང་གི་སྒོ་འཁེལ་ས་དང༌། རྩིག་པ་གལ་ཆེ་སོ་སོར་ཅུང་བློས་འཁེལ་བའི་ལག་ཤེས་པའི་རིགས་འཇོག་པ་དང༌། ཡང་དཀའ་རྙོག་ཆེ་རིགས་ཡོད་སར་ལག་ཤེས་གཤིས་ཀ་ཅུང་དལ་བ་དང་ཁ་ལ་ཉན་པའི་རིགས་ལས་བགོས་བྱེད་སྲོལ་ཡོད། རྡོ་སྟར་དང་པོ་བརྒྱབ་ནས་ཐོག་ཚད་མ་ལོན་པར་སྟབས་གཅིག་ལ་རྩིག་སྲོལ་མེད། ཕྱེད་ཀ་ཙམ་ནས་གཞན་དུ་རྩིག་པ་རྒྱག་པ་དང༌། དེའི་བར་ན་རྩིག་ངལ་གསོས་པ་ཞེས་དུས་ཡུན་གང་རིང་རིང་འཇོག་ཐབས་བྱེད། མ་གཞི་རྩིག་པ་རྨང་གཞི་རྒྱག་སྐབས་གོང་ཞུས་བཞིན་ཐིག་བཏང་ཟིན་པ་དང༌། རྫོགས་རྡོ་ཞེས་རྡོ་ལྕི་ཚད་ཀེ་ལོ་ལྔ་ཙམ་ཡོད་པ་རྩེ་རྣོ་བ་དེ་རིགས་འཁྱེར་ནས་བསྒྲིགས་པའི་རྡོ་རེ་རེའི་སྟེང་དུ་ནན་ཏན་གྱིས་གཞུ་རུ་འཇུག་ཅིང༌། འདིས་རྩིག་པ་མཁྲེགས་པོ་བྱས་ཏེ་སྟེང་དུ་ལྗིད་ཚད་ཇི་ཙམ་བྱུང་ཡང་བབས་པ་སོགས་མི་བྱེད་པ་ཡིན། དེ་བཞིན་རྩིག་རྡོ་ཆེ་ཆུང་གང་ཞིག་ཡིན་ཡང་འགྲོགས་ཞེས་གཅིག་ལ་གཅིག་བརྟེན་གྱིས་ཁོག་རྡོར་ཁོག་གྲོགས་དང༌། ཅབ་ལར་ཅབ་གྲོགས་སོགས་གང་སར་གྲོགས་མ་ཤོར་བ་གཟབ་ནན་བྱེད་དགོས་སོ།།