ཀ) བོད་ཀྱི་ཐུན་མོང་མ་ཡིན་པའི་བཟོ་རིག་ལག་རྩལ་སྐོར།
ས་རྡོ་ཤིང་གསུམ་གསེར་དངུལ་ཟངས་ལྕགས་སོགས། །
བརྐོས་ཚགས་ལུགས་དང་སྐུ་གསུང་ཐུགས་རྟེན་དང༌། །
འཐག་འཚེམ་ལྷས་སོགས་ངོ་མཚར་སྟོང་ལྡན་གྱི། །
ལྗོངས་འདིའི་བཟོ་རྩལ་ཁྱད་འཕགས་འདི་ན་གསལ། །
ས་སྟེང་དགེ་བཅུའི་འདབ་བརྒྱ་མ་ལུས་པ་ཡོངས་སུ་བཞད་ཅིང༌། ཀུན་གསལ་ཡངས་པའི་རྩིབས་བརྒྱད་འཁོར་ལོའི་བཞིན་རས་རྣམ་པར་ངོམ་པའི་ངོས་སུ། སྲིད་པའི་སྒྲོན་མེའི་འོད་སྣང་དུས་བཞིར་རྒྱུན་ཆད་མེད་པར་བཀྲ་བ་ལ་བརྟེན་ནས། དུམ་བུ་ལྔ་པའི་འཛམ་གླིང་འཛིན་མའི་ཁྱོན་ལ་ཉི་འོད་རྣམ་པར་གསལ་བའི་གྲོང་ཁྱེར་ཞེས་བསྔགས་བརྗོད་ཀྱི་དྲིལ་ཆེན་སྙན་པར་འཁྲོལ་བའི་ལྷ་ས་གྲོང་ཁྱེར་གྱི་ལྟེ་བར། ཡན་ལག་བདུན་དང་ལྡན་པའི་གླང་པོ་ཆེ་བྲེས་ཀྱི་ནང་དུ་བག་ཕེབས་སུ་ཉལ་བ་ལྟ་བུའི་ས་འཛིན་གྱི་ནང་དུ་བ་གམ་མངོན་པར་མཐོ་ཞིང༌། ངོ་མཚར་གྱི་བཀོད་པས་ཡོངས་སུ་མཛེས་པའི་ཕོ་བྲང་པོ་ཏ་ལ་ནི་ལས་ལ་བརྩོན་ཞིང༌། ཟད་མཐའ་མེད་པའི་བློ་གྲོས་ཀྱི་ནོར་མཛོད་ཕུན་སུམ་ཚོགས་པ་དང་ལྡན་པའི་བོད་རིགས་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་རང་རང་གི་རིག་རྩལ་དང༌། ལག་རྩལ་ལ་བརྟེན་ནས་དེང་རབས་ཅན་གྱི་འཕྲུལ་འཁོར་སྣ་ཚོགས་པའི་རོགས་རམ་འོག་གསར་སྐྲུན་བྱས་པའི་ཁང་བཟང་དག་ཀྱང་ཉམས་ཆུང་བྱིས་པའི་རྩེད་མོ་ལྟར་བསྒྱུར་ནུས་པ་ལྟ་བུའི་འཛུགས་སྐྲུན་གྱི་དངོས་པོ་རིན་ཐང་གཞལ་དཀའ་བ་ཞིག་ཡིན་པ་མ་ཟད། རྩིག་བཟོ་དང༌། ཤིང་བཟོ། བརྐོས་རིས། ལྡེབས་རིས། བཟོ་བཀོད། རྒྱན་བརྐོས། མཐོ་ཁྱད། རྒྱ་ཁྱོན་སོགས་གང་ཅིའི་ཐད་ནས་སྐབས་དེའི་གངས་ལྗོངས་ཆོས་ལྡན་ཞིང་དུ་ཡོད་པའི་བཟོ་རྩལ་མཁས་པ་ཀུན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུའི་ངོ་མཚར་ཆེ་ཞིང༌། ལྟ་ན་སྡུག་ལ་བརྗིད་ཆགས་པའི་བཀོད་པ་འདི་ལྟ་བུ་ཡངས་པའི་འཛམ་གླིང་དུ་ཧ་ཅང་མཐོང་དཀོན་པ་དང༌། རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊར་སུམ་སྟོང་བདུན་བརྒྱ་ལྷག་ཙམ་ཡོད་པའི་བྲག་རིའི་སྟེང་དུ་མཐོ་ཚད་མི་ཊར་བརྒྱ་དང་བཅུ་བདུན་དང༌། རྒྱ་ཁྱོན་མི་ཊར་གྲུ་བཞི་མ་དགུ་ཁྲི་ཡོད་པ་འདི་ལྟ་བུའི་འཛུགས་སྐྲུན་གྱི་དངོས་པོ་ནི་འཛམ་གླིང་གི་སྐྱེ་བོ་སུས་མཐོང་ཡང་ཁྲ་ཆུང་མིག་ལ་ངོ་མཚར་ཆེ་བའི་ལྟད་མོ་རྫོགས་རྒྱུ་མེད་ལ། དར་ལུང་རྣ་བས་ཐོས་ན་ཡ་མཚན་སྐྱེས་ཏེ་མཇལ་བློ་སྐྱེ་བ། དུས་རབས་བདུན་པ་ནས་ད་བར་ལོ་རྒྱུས་ཡུན་རིང་ཞིང༌། མཛེས་སྡུག་ཡིད་དབང་འཕྲོག་པའི་ཁྱད་ཆོས་ལྡན་པ་ཞིག་རེད།
ཕོ་བྲང་པོ་ཏ་ལ་ནི་སྐྱིད་ཤོད་དབུས་ཀྱི་དམར་པོ་རིའི་སྟེང་དུ་ལྷུན་ཆགས་བརྗིད་ལྡན་ཐོག་གནས་པ་དེ་འཛམ་གླིང་ཐོག་མཐོ་ཤོས་དང་ཆ་ཚང་ཤོས་ཀྱི་གནའ་བོའི་བཟོ་སྐྲུན་ཞིག་དང༌། བོད་ལུགས་ཨར་ལས་བཟོ་སྐྲུན་གྱི་སྒྲིག་གཞིའི་དཔེ་མཚོན་འགྲན་ཟླ་བྲལ་བ་ཞིག་ཏུ་གྱུར་པའི་ཕོ་བྲང་ཞིག་ཀྱང་ཡིན། དེ་ཡང་པོ་ཏ་ལ་ནི་གཙོ་བོ་ཕོ་བྲང་དཀར་པོ་དང༌། དམར་པོ་གཉིས་ཏེ་ཆ་ཤས་ཆེན་པོ་གཉིས་སུ་འདུ་ཞིང༌། ཕོ་བྲང་གི་གྲུབ་ཆ་ནི་ས་རྡོ་ཤིང་གསུམ་ཡིན་པ་དང༌། ཨར་ལས་ཀྱི་ཇུས་འགོད་ཐད་ས་མཐོའི་གནས་བབ་དང་བསྟུན་པ་དང༌། རི་བོར་བརྟེན་ནས་ཉི་མའི་བགྲོད་ཚུལ་ལ་ཁ་ཕྱོགས་ཏེ་མ་ལག་དཀྱུས་གཅིག་ཏུ་འབྲེལ་བའི་བཟོ་སྐྲུན་ཆ་ལག་ཚང་ལ། བསྐྲུན་པའི་རྩིག་ཞེང་ཆེ་ཞིང་ཕྱི་རྩིག་ལ་འཐེན་ཡོད་པ། ཡངས་སྟེང་དང་ནང་དུ་ཨར་ཀ་ཆ་སྙོམས་སྲ་མཁྲེགས་ཅན་བཏིང་བ། འོག་ཏུ་བྲག་ཤུར་འབྲེལ་བར་རླུང་འགྲོའི་བུ་ག་མང་བ། ནང་དུ་ཀ་བ་དང༌། དེའི་སྟེང་གཞུ། འབེ་ལོག གདུང་མ། ལྕམ་ཤིང་བཅས་ཤིང་ཆ་རིམ་བརྩེགས་ཀྱི་སྒྲོམ་གཞིའི་སྟེང་གྲལ་རྡོ་ཨར་ཀ་སྲ་བརྟན་བཅག་པ་བཅས་ཀྱིས་སློག་པའི་ནུས་པ་དང༌། གནོན་ཤུགས་ཆ་སྙོམས་པ་སོགས་ཚན་རིག་གི་ཐིག་ཚད་རྣོ་བ་སོགས་ཀྱིས་ས་ཡོམ་སོགས་རྐྱེན་ངན་བྱུང་ཡང་རྩིག་པ་འགྱེལ་ཞིག་དཀའ་བ་དང༌། ཚོམས་ཆེན་དང༌། གཟིམ་ཆུང་ཁག་གི་དབུས་སུ་གནམ་ཡངས་རེ་ཡོད་པ་དེ་དག་གིས་དཀར་ཆ་དོད་ལ། ཉི་འོད་ཕོག་ཆེ་བ། ནང་གི་རླུང་རོ་འབུད་བདེ་བ། མཐའ་སྐོར་གྱི་སྒོ་ཕིབས་དེ་ཕན་ཚུན་འབྲེལ་མཚུངས་པ། ཉི་དྲོད་རྒྱུན་འཁྱོངས་པ། ཀ་གདུང་སོགས་ཤིང་ཆ་ཡོངས་རྫོགས་ལ་གཟུགས་བརྙན་གྱི་རྐོས་དཀྲོལ་རི་མོ་དང༌། རྩིག་ལྡེབས་སུ་ལྡེབས་རིས་སོགས་རི་མོ་ཚོན་མདངས་བཀྲ་བ། རྒྱལ་མཚན། གྷན་ཇི་ར། རི་དྭགས་ཆོས་འཁོར། ཐུག་སོགས་ནང་ཆོས་ཀྱི་མཚོན་དོན་ཐུན་མོང་མ་ཡིན་པ་ལྡན་པས་མཛེས་པར་ཕྱུག་པ། དབུ་རྩེར་གསེར་འོད་ཆེམ་ཆེམ་འཕྲོ་བའི་དབྱིབས་གཟུགས་མི་འདྲ་བའི་གསེར་ཟངས་ཀྱི་རྒྱ་ཕིབས་དང༌། རྒྱ་ཕིབས་འོག་ཏུ་བཟོ་དབྱིབས་སྣ་ཚོགས་པའི་ཤིང་གི་བྲེ་སྤུངས། གོང་ལའི་སྤེན་བད་དང༌། དེའི་སྟེང་གསེར་ཟངས་ཀྱི་རྣམ་བཅུ་དབང་ལྡན་སོགས་ཕོ་བྲང་ཕྱི་ནང་དང༌། སྟེང་ཤོད་བཅས་པའི་རྒྱན་སྤྲོས་སྒྲིག་ཆས་སོ་སོར་རྒྱུ་མཚན་རེ་ལྡན་ཡོད་པ་མ་ཟད། ཁང་པའི་ནང་དུའང་དབྱར་ཁ་བསིལ་བ་དང༌། དགུན་ཁ་དྲོ་བ་སོགས་བོད་མི་རིགས་ཀྱི་འཛུགས་སྐྲུན་ལ་ཁྱད་ཆོས་རིན་ཐང་ཆེན་པོ་ལྡན་པ། ཕོ་བྲང་འདི་ཉིད་ཀྱི་རྩིག་ཞེང་ཆེ་ཞིང་སྲ་བ་དང༌། ཕྱིའི་རྩིག་པར་འཐེན་ཡོད་པ། ནང་གི་ཤིང་ཆའི་ཐིག་ཚད་རྣོ་བ་བཅས་ཀྱིས་ལྗིད་ཚད་ཁ་འགྲམས་པ་དང༌། སློག་པའི་ནུས་པས་ས་ཡོམ་གྱི་རྐྱེན་ངན་ཡོང་སྐབས་འགྱེལ་ཞིག་དཀའ་བའི་ཁྱད་ཆོས་ལྡན་པ། རྒྱན་སྤྲོས་སྒྱུ་རྩལ་སྣ་ཚོགས་ཀྱིས་ཕྱུག་པ་སོགས་གནའ་བོའི་བོད་རིགས་ལག་རྩལ་གྱི་གྲུབ་འབྲས་ཤིག་ཡིན་པ་མ་ཟད། གནའ་རབས་བོད་ཀྱི་བཟོ་སྐྲུན་ཆེས་སྐད་གྲགས་ཅན་ཞིག་ཀྱང་ཡིན།
བོད་ཁ་བ་ཅན་གྱི་ལྗོངས་འདིར་ལོ་སྟོང་ཕྲག་མང་པོའི་སྔོན་ནས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་ལས་རིགས་མི་འདྲ་བ་མང་པོ་ཡོད་པའི་ཐོག་ལྷག་པར་ཤིང་བཟོ་དང༌། རྡོ་བཟོ། རྩིག་བཟོ། འཇིམ་བཟོ། རི་མོ། ཚོན་བཟོ། གསེར་བཟོ། དངུལ་བཟོ། ཟངས་བཟོ། ལྕགས་བཟོ། ཕྲ་བཟོ། ལུགས་རྒྱག རྫ་བཟོ། དཀར་ཡོལ། འཐག་ལས། གོས་བཟོ། ཀོ་བཟོ། ཤོག་བཟོ། སྐུ་རྟེན། གསུང་རྟེན། ཐུགས་རྟེན། མར་ཚོན། ཞལ་བ། རྡུལ་ཚོན་སོགས་ངོ་མཚར་ཆེ་བའི་ལག་རྩལ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། དེང་རབས་ཅན་གྱི་འཕྲུལ་ཆས་ལ་བརྟེན་ནས་ཐོན་པའི་བཟོ་རྩལ་གྱི་རིགས་ལ་ཁྱད་ཆོས་ཧ་ཅང་མང་པོ་ཡོད་པ་སྨྲོས་མ་དགོས་ཀྱང༌། རྗེས་ལུས་ཅན་གྱི་ལག་ཆ་དང་ལག་གཉིས་ལ་བརྟེན་ནས་བཟོ་སྐྲུན་བྱས་པའི་བཟོ་སྤུས་ལེགས་ཤིང༌། མཛེས་ཆ་ཐོན་པའི་དངོས་པོ་དེ་དང་དེ་དག་ནི་སྐྱེས་སྟོབས་ཀྱི་དཔལ་འབར་བའི་བློ་གྲོས་དང༌། དུས་ཡུན་རིང་པོར་དཀའ་སྤྱད་བརྩོན་འགྲུས་བྱས་པས་བྱང་གོམས་ཐོན་པའི་ལག་རྩལ་ཟུང་དུ་འབྲེལ་བ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ས་སྟེང་རིན་ཆེན་ནོར་བུས་བཀང་བའི་ཁྲོད་ན་དེ་བས་གཞལ་བར་དཀའ་བའི་རིན་ཐང་ལྡན་པ་དང༌། དུས་ཡུན་རིང་པོ་ཇི་ཙམ་སོང་ཡང་འཛམ་གླིང་ཐོག་བརྩི་མཐོང་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྐབས་འདིར་རང་རིགས་མེས་པོ་རྣམས་ཀྱི་ངོ་མཚར་མཛད་རྗེས་ལ་མིག་གིས་ལྟད་མོ་ལྟ་རྒྱུ་ཙམ་ལས་མེད་པའི་བླུན་རྨོངས་བདག་ལྟ་བུར་དེ་ཚོའི་སྐོར་གྱི་གཏམ་གླེང་བྱེད་པའི་བབ་འོས་མ་མཆིས་ཀྱང༌། རང་ལྗོངས་འདིར་སྔོན་བྱོན་བཟོ་སྐྲུན་ལག་རྩལ་མཁས་ཅན་རིམ་བྱུང་དང༌། དེང་སྐབས་འཚོ་བཞུགས་རྒན་རབས་རྣམས་ཀྱི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་ཆེད་རང་ཉིད་ཀྱིས་ད་ཕན་དངོས་སུ་མཐོང་བའི་དཔྱད་གཞིའི་ཡིག་ཆ་དང་དཔེ་མཚོན་ད་ལྟ་མ་ཉམས་པར་ཡོད་རིགས་རྣམས་སྙན་འཇེབས་རོལ་དབྱངས་ཀྱི་དགའ་སྟོན་ཕྱིས་འབྱུང་གི་སྔོན་འགྲོའི་དྲིལ་བརྡ་མཚོན་བྱེད་ཙམ་དུ་ངོ་སྤྲོད་ཞུ་རྒྱུ་ཡིན།