བོད་ཀྱི་རིག་གནས་དེ་རིག་པའི་གནས་བཅུར་དབྱེ་ཞིང༌། རྒྱུན་སྲོལ་དུ་རིག་གནས་ཆེ་བ་ལྔ་དང༌། ཆུང་བ་ལྔ་སྟེ་བཅུ་ཕྲག་རིག་གནས་ཞེས་འབོད། རིག་གནས་ཆེ་བ་ལྔའི་ཁོངས་སུ་གཟོ་རིག་པ་དང༌། གསོ་བ་རིག་པ། སྒྲ་རིག་པ། ཚད་མ་རིག་པ། ནང་དོན་རིག་པ་བཅས་དང༌། རིག་གནས་ཆུང་བ་ལྔ་ནི། སྙན་ངག་དང༌། མངོན་བརྗོད། སྡེབ་སྦྱོར། ཟློས་གར། དཀར་རྩིས་དང་བཅས་པའི་རིག་པའི་གནས་དེ་དག་གི་ནང་ཤེས་རིག་ཀུན་རྩ་བའི་ཆ་ནས་མ་གཏོགས་པ་མེད་ཅིང༌། མདོར་ན་རང་བྱུང་ཚན་རིག་དང༌། སྤྱི་ཚོགས་ཚན་རིག་སོགས་ཀྱང་དེའི་ཁོངས་སུ་གཏོགས་ཡོད།
རིག་གནས་ཆེ་བ་ལྔ་ལས་བཟོ་རིག་པར་ནང་གསེས་ཆེ་བ་གསུམ་ཡོད་པ་སྟེ། ལུས་བཟོ་དང༌། ངག་བཟོ། ཡིད་བཟོ་གསུམ་དང༌། དེ་དག་ལའང་གཙོ་བོ་དང་ཕལ་པ། སྤྱི་དང་བྱེ་བྲག དྲག་པོའི་འཕྲུལ་འཁོར། ཡིག་རིགས་གླུ་གར་རོལ་རྩེད་སོགས་སྒྱུ་རྩལ་རེ་བཞི། བཟོ་སྦྱང༌། གཏེར་དང༌། ས་གཞི་བརྟག་པ་སོགས་ཟབ་ཅིང་རྒྱས་པར་དབྱེ་རྒྱུ་ཡོད་ཀྱང་འདིར་འབྲེལ་ཡོད་རྣམས་མདོར་བསྡུས་སུ་བཀོད་ན།
དང་པོ་ལུས་བཟོ་ལའང་གཙོ་ཕལ་གཉིས་སུ་དབྱེ་བའི་ནང་གཙོ་བོ་ནི། སྐུ་རྟེན་དང༌། གསུང་རྟེན། ཐུགས་རྟེན་བཅས་ཀྱི་བཟོ་རྩལ་རིགས་མི་འདྲ་བ་མང་བའི་ནང་ལྷ་བྲིས་སྐོར་རགས་ཙམ་བརྗོད་ན། ལྷ་བྲིས་ནི་རང་རེའི་བོད་ལྗོངས་སུ་གནའ་སྔ་མོ་མི་ལོ་ཉིས་སྟོང་ལྷག་ཙམ་གྱི་གོང་རོལ་ནས་རི་མོ་འབྲི་བའི་ལག་རྩལ་དར་ཡོད། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་གཞིར་བཟུང་ན། ཕྱི་ལོའི་གོང་གི་ལོ་ཉིས་བརྒྱ་ཙམ་གྱི་དུས་ནས་བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་བ་དང༌། གཉའ་ཁྲི་བཙན་པོས་ཕོ་བྲང་ཡུམ་བུ་ལྷ་མཁར་བཞེངས་སྐབས་ལྡེབས་རིས་སུ་རྒྱལ་པོ་གཉའ་ཁྲི་བཙན་པོ་རང་ཉིད་མི་བཞིས་གཉའ་བར་ཁྲི་བྱས་ཏེ་བཏེགས་ནས་རྒྱལ་པོར་བསྐོས་ཚུལ་བྲིས་པ་དང༌། ཆོས་རྒྱལ་སྲོང་བཙན་སྒམ་པོས་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གསར་བཞེངས་གནང་སྐབས་ལྡེབས་རིས་སུ་རོ་སྒྲུང་དང༌། གབ་ཚིག་གི་སྒྲུང་སྣ་ཚོགས་ཀྱི་རི་མོ་དང༌། ལྷ་ལྡན་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་དང༌། རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པར་རྒྱལ་བློན་འབངས་དང་བཅས་པས་དགའ་བསུ་སྣེ་ལེན་ཧ་ཅང་གྲ་རྒྱས་བྱས་པའི་གནས་ཚུལ། སྐབས་དེའི་ཕོ་བྲང་པོ་ཏ་ལའི་འདྲ་རིས་བཅས་བྲིས་ཡོད།
དེ་རྗེས་དུས་རབས་བརྒྱད་པའི་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྲིད་དབང་བཟུང་རྗེས་བསམ་ཡས་མི་འགྱུར་ལྷུན་གྱིས་འགྲུབ་པའི་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་དང༌། བཞེངས་སྐྲུན་ཟིན་པའི་དགའ་སྟོན་རྟེན་འབྲེལ་གྱི་ཟློས་གར་དང༌། ལུས་རྩལ་རིགས་མི་འདྲ་བ་སྣ་ཚོགས་བྱས་པའི་གནས་ཚུལ་རྣམས་ལྡེབས་རིས་སུ་བྲིས་ཡོད་པའི་ནང་ནས་ཁག་གཅིག་ད་ལྟའང་མཇལ་རྒྱུ་ཡོད། དེ་ནས་ས་སྐྱས་བོད་ཁམས་ལ་དབང་སྒྱུར་མཛད་པའི་དུས་སུ་ས་སྐྱའི་ལྷ་ཁང་ཆེན་མོ་དང༌། ཞ་ལུའི་ལྷ་ཁང་ཆེ་མོ་བཞེངས་སྐབས་བྲིས་པའི་སྐུ་ཐང་དང༌། ལྡེབས་རིས་ཁག་གཅིག་དང༌། དེ་རྗེས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་བཞེངས་པའི་སྐུ་ཐང་དང༌། ལྡེབས་རིས་ཁག མཚུར་ཕུ་ཀརྨ་པ་དང༌། རྗེ་བདག་ཉིད་ཆེན་པོར་བོད་ལུགས་ཀྱི་ལྷ་སྐུའི་ཐགས་དྲུབས་མའི་སྐུ་ཐང་མང་པོ་ཞིག་རྒྱ་ནག་གོང་མས་འབུལ་རྒྱུར་བསྐུར་བ་ ༼ཁག་གཅིག་བོད་རང་སྐྱོང་ལྗོངས་རིག་ནས་དོ་དམ་ཁང་ནས་ཉར་ཚགས་བྱས་ཡོད།༽ ནས་བོད་ཀྱི་ལྷ་བྲིས་མཁས་པ་ཁག་ཅིག་གིས་རྒྱ་མི་རིགས་ཀྱི་རི་མོའི་ལག་རྩལ་སློབ་སྦྱོང་བྱེད་འགོ་ཚུགས་ཤིང༌། དེའི་ཁྱད་ཆོས་ནི་གཞི་རྩའི་ཐོག་མི་རིགས་རང་ཉིད་ཀྱི་རི་མོའི་མཛེས་རྩལ་རྒྱུན་སྲོལ་མ་ཉམས་གཞིར་བཟུར་ཐོག་རྒྱ་བྲིས་ཀྱི་ལག་རྩལ་ནང་ནས་ལེགས་ཆ་འགའ་ཞིག་བླངས་ཏེ་ཀརྨ་སྒར་བྲིས་དང༌། གཙང་བྲིས། ཁམས་བྲིས། དབུས་བྲིས་གསར་རྙིང་དང༌། བྱིའུ་སྒང་པ། སྨན་ལུགས། མཁྱེན་བརྩེ་ལུགས་སོགས་མི་འདྲ་བ་མང་པོ་བྱུང༌།
༸རྒྱལ་དབང་ལྔ་པ་ཆེན་པོ་ནས་བཟུང་སྐུ་ཕྲེང་བདུན་པའི་བར་གྱི་དུས་སྐབས་དེར་བོད་ཀྱི་རི་མོའི་ལག་རྩལ་ཡང་རྩེར་སོན་པའི་དུས་སྐབས་ཡིན། དུས་སྐབས་དེའི་རི་མོའི་མཚོན་བྱེད་ནི་པོ་ཏ་ལའི་ཕོ་བྲང་དཀར་པོ་དང༌། དམར་པོའི་ཚོམས་ཆེན་དང༌། གཟིམ་ཆུང་ཁག་གི་ལྡེབས་རིས། སྐུ་ཕྲེང་བདུན་པས་དངོས་སུ་ལྗགས་བཀོད་གནང་ནས་བཞེངས་པའི་ཕོ་བྲང་དམར་པོའི་བློས་བསླངས་ཁང་གི་ལྡེབས་རིས་སོགས་ཡིན། ༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པའི་སྐུ་དུས་ནས་བཟུང་བོད་ཀྱི་རི་མོའི་ལག་རྩལ་ཁག་གཉིས་སུ་གྱེས་ཏེ། ཁག་གཅིག་གིས་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་རྒྱུན་འཛིན་བྱས་པ་དང༌། ཁག་གཅིག་ཤོས་ཀྱིས་རང་ཉིད་ཀྱི་ཁྱད་ཆོས་ལ་སྣང་ཆུང་བྱས་ཏེ་ཙི་ནའི་རིགས་ཀྱི་རི་མོའི་ལད་ཟློས་བྱས་སྟབས་ལྕམ་ལགས་ཀྱི་འགྲོ་སྟངས་མ་ཤེས། བུ་མོ་རང་གི་འགྲོ་སྟངས་ཀྱང་ཤོར་ཟེར་བའི་གཏམ་དཔེར་གྱུར་ཡོད་པ་ནི་སྐབས་དེར་བྲིས་པའི་རི་མོ་ཁག་གཅིག་སེ་འབྲས་གཉིས་དང༌། ནོར་བུ་གླིང་ཁར་ཡོད་སྐད།
པོ་ཏ་ལའི་ཕོ་བྲང་དམར་པོ་གསར་བཞེངས་གནང་སྐབས་བོད་ཀྱི་རི་མོའི་ལག་རྩལ་མཁས་པའི་ནང་རིམ་པ་བཞིར་ཕྱེ་འདུག་པ་སྟེ། རིམ་པ་དང་པོ་དབུ་ཆེན་ཡིན་ཅིང༌། དབུ་ཆེན་གྱི་ལས་འགན་ནི་ལྷ་ཁང་དང་གཟིམ་ཆུང་ཁག་གི་ལྡེབས་རིས་དང༌། ལྷ་སྐུའི་ཐང་ཀ གསུང་རབ་གསེར་བྲིས་དང་དངུལ་བྲིས་ཁག་གི་དབུ་ལྷ། འཇིམ་བཟོ་དང་འབུར་སྐུ་ཁག་གི་སྐྱ་རིས་སོགས་གལ་ཆེའི་རི་མོ་རྣམས་རང་ཉིད་ཀྱིས་དངོས་སུ་ལག་བསྟར་གྱིས་འབྲི་དགོས་པ་དང༌། ཤིང་ཚོན་ཁག་གི་བཙབས་དཔར་འབྲི་རྒྱུ་དང༌། རི་མོ་འབྲི་མཁན་ཡོངས་ལ་ཞིབ་ཕྲའི་བཀོད་འདོམས་བྱ་རྒྱུ་བཅས་ཡིན།
རིམ་པ་གཉིས་པ་ནི་དབུ་ཆུང་ཡིན་ཅིང༌། དབུ་ཆུང་གིས་ལྡེབས་རིས་དང༌། ལྷ་སྐུའི་ཐང་ཀ་ཁག་མང་ཆེ་བ་རང་ཉིད་ཀྱི་ལག་བསྟར་བྱས་ནས་འབྲི་བཞེངས་བྱ་དགོས་པའི་ཐོག་དབུ་ཆེན་ལ་རམ་འདེགས་ཀྱི་ལས་འགན་བསྒྲུབ་དགོས་པ་ཡིན། རིམ་པ་གསུམ་པ་ནི་བྱིངས་གྲས་ཡིན། ཁོང་ཚོས་དབུ་ཆེན་གྱིས་བྲིས་པའི་སྐྱ་བྲིས་དང་བཙབས་དཔར་གཞིར་བཟུང་ནས་ཤིང་ཚོན་རི་མོ་རྣམས་འབྲི་རྒྱུ་དང་ཚོན་རྩི་གཏོང་དགོས། རིམ་པ་བཞི་པ་ནི་དཀྱུས་མའི་གྲས་ཡིན། ཁོང་ཚོས་སྤྱིར་བཏང་གི་རི་མོའི་གྲས་དང༌། ཚོན་གཏོང་རྒྱུ་དང་འབྱུག་རྒྱུ། ཚོན་འདུལ་རྒྱུ། ཚོན་མདངས་སྣ་ཚོགས་བཟོ་རྒྱུ། ཚོན་རྩི་གཏོང་རྒྱུ་བཅས་ཡིན། སྐབས་དེར་དབུ་ཆེན་མི་གཉིས་ནི་ལྷོ་བྲག་བསྟན་འཛིན་ནོར་བུ་དང༌། གསང་སྔགས་མཁར་པ་ཚེ་འཕེལ་ཡིན། དབུ་ཆུང་རོང་པ་བསོད་ནམས་རྒྱལ་པོ་སོགས་མི་ལྔ། བྱིངས་གྲས་རྒྱལ་རྩེ་བ་རྒྱལ་པོ་སོགས་མི་གྲངས་བརྒྱ་དང་དྲུག་ཅུ་རེ་གཅིག དཀྱུས་མའི་གྲས་ཚེ་རིང་དར་རྒྱས་སོགས་མི་གྲངས་དྲུག་ཅུ་རེ་གཅིག་བཅས་ཡོད། དེ་དག་གི་གླ་ཕོགས་སྐོར་ཟུར་ཡོད་རེའུ་མིག་ལ་གཟིགས་པར་འཚལ་ལོ།། །།