ག) བོད་ཀྱི་ཤིང་བཟོའི་ལག་རྩལ།

ག) བོད་ཀྱི་ཤིང་བཟོའི་ལག་རྩལ།

དེ་ཡང་ལུས་བཟོ་ཕལ་པའི་གྲས་སུ་ཤིང་བཟོ་དང༌། རྡོ་བཟོ། འཇིམ་བཟོ། ཞལ་བ། ཚོན་བཟོ། གསེར་བཟོ། དངུལ་བཟོ། ཟངས་བཟོ། ལྕགས་བཟོ། ཕྲ་བཟོ། ལུགས་པ། ཚགས་པ། གོས་བཟོ། ཀོ་བཟོ། ཤོག་བཟོ། དཀར་ཡོལ་གྱི་བཟོ་ལས་སོགས་མང་དུ་ཡོད་པ་ལས། བོད་ཀྱི་ཤིང་བཟོའི་ལག་རྩལ་ནི། བོད་གནའ་རབས་བསྐལ་པ་ཡ་ཐོག་གི་དུས་སྐབས་ནས་བཟུང་རིམ་བཞིན་འཕེལ་རྒྱས་བྱུང་ཞིང༌། ཕྱི་ལོའི་གོང་གི་ལོ་ཉིས་བརྒྱའི་སྔོན་ལ་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོས་མཁར་གྱི་ཐོག་མ་ཕོ་བྲང་ཡུམ་བུ་བླ་མཁར་བཞེངས།

དེ་རྗེས་རྒྱལ་རབས་དགུ་པ་རྒྱལ་པོ་པུ་དེ་གུང་རྒྱལ་གྱི་དུས་སུ་ཤིང་ལ་བུག་པ་ཕུག་ཏེ་གཉའ་ཤིང་དང༌། གཤོལ་མདའ། གཤོལ་ཕུར་བཟོ་བ། ཆུ་ཆེན་ལ་ཤིང་གི་ཟམ་པ་འཛུགས་པ་བཅས་གསར་གཏོད་གནང་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ལྷ་ལྡན་ར་ས་སྤྲུལ་པའི་གཙུག་ལག་ཁང་གསར་བཞེངས་མཛད་སྐབས་ཀ་བ་བཟོ་དབྱིབས་མི་འདྲ་ཞིང༌། ལྕམ་སྣེ་ལ་སེང་གེའི་གཟུགས་དང༌། གདུང་མ་དང་གཞུའི་ལྡེབས་ལ་རོ་སྒྲུང་དང༌། དམངས་ཁྲོད་ཀྱི་སྒྲུང་གཏམ་ཁག་ཏུ་གསལ་བའི་གཏམ་རྒྱུད་ཀྱི་རི་མོ་སྣ་ཚོགས་ཤིང་ལ་བརྐོས་པ་དེང་སང་ཡང་མཇལ་རྒྱུ་ཡོད་པས། དེ་དག་ལ་གཟིགས་ཚེ་སྐབས་དེ་དུས་ནས་བོད་མིའི་ཤིང་བཟོའི་ལག་རྩལ་ཆུ་ཚད་མཐོ་པོར་སླེབས་ཡོད་པ་མཁྱེན་ཐུབ།

དེ་རྗེས་རིམ་པར་རབ་བྱུང་དང་པོའི་ཆུ་གླང་ལོ་སྟེ་ཕྱི་ལོ་ ༡༠༧༣ ལོར་བཞེངས་པའི་ས་སྐྱའི་ལྷ་ཁང་ཆེན་མོ་དང༌། རབ་བྱུང་དང་པོའི་མེ་ཡོས་ཕྱི་ལོ་ ༡༠༢༧ ལོར་བཞེངས་པའི་གཙང་ཞ་ལུའི་གསེར་ཁང་ཆེན་མོ། ཕྱི་ལོ་ ༡༤༡༨ ལོར་བཞེངས་པའི་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་གཙུག་ལག་ཁང་བཅས་ལ་གཟིགས་ན་མཁྱེན་ཐུབ་པ་ཡིན། ཤིང་གི་ཐོག་ཡི་གེ་བརྐོ་བའི་པར་སྐྲུན་ལག་རྩལ་ནི་ཕྱི་ལོའི་དུས་རབས་བཅོ་ལྔ་པའི་འགོར་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་དང༌། རྗེ་ཙོང་ཁ་པའི་སྐུ་དུས་སུ་བོད་ཡིག་གི་བཀའ་འགྱུར་ཆ་ཚང་ཤིང་པར་བརྐོ་བའི་ལག་རྩལ་དར་ཡོད། གྲུབ་ཆེན་ཐང་སྟོང་རྒྱལ་པོས་ ༼༡༣༦༡།༡༤༨༥༽ བོད་ཁྱོན་ཡོངས་ཀྱི་བརྒལ་དཀའི་ཆུ་ཆེན་དག་ལ་ཤིང་ཟམ་དྲུག་ཅུ་དང༌། ཤན་དང་གྲུ་འདྲེས་མ་བཅོ་བརྒྱད་སོགས་གསར་སྐྲུན་མཛད།

༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་པོ་ཏ་ལའི་ཕོ་བྲང་དམར་པོ་གསར་བཞེངས་གནང་སྐབས་ཀ་སྤུངས་ཤར་ནུབ་དང༌། ཕོ་བྲང་ནུབ་ཀྱི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས། སྟེང་གི་ལྷ་ཁང་དང༌། གཟིམ་ཆུང་ཁག་བཅས་ཀྱི་ཀ་རིང་དང་ཀ་ཐུང་རྣམས་ལ་བྲེ་སྤུངས་དང༌། གཞུ་ཐུང༌། གཞུ་རིང༌། གདུང་གདན། གདུང་མ། གདུང་ཁེབས། དགའ་འཁྱིལ། པདྨ། གེ་སར། མཆོད་བརྩེགས། བབས་བརྐྱངས་མ། བབས་བསྐུམ་མ། བབས་སླངས་མ་བཅས་ཤིང་བརྩེགས་རྒྱན་འགྲོས་རིམ་པ་བཅུ་གསུམ་ཡོད་པ་དང༌། གཞན་ཡང་མདའ་ཡབ་དང༌། སྒོ་ཡི་རུ་བཞི། རྟ་བབ། སྒོ་རྒྱན་བཅས་ལ་རང་རང་གི་ཚོན་རིས་འགྲོ་ཁུངས་རྣམས་རྒྱུན་ལྡན་གྱི་ཚོན་རིས་ཙམ་མ་ཡིན་པར་རྡོ་རྗེ་དང༌། པདྨ། ནོར་བུ། མེ་ཏོག་རྐང་འཁོར། སེངྒེ་དང༌། གླང་ཆེན། ཤ་བ། འབྲུག་སྤྲིན། རྨ་བྱ། ནོར་བུའི་དྲ་ཕྱེད། སངས་རྒྱས་ཀྱི་སྐུ་བརྙན་སོགས་རི་མོ་ཚང་མ་བརྐོས་བཀྲོལ་བྱས་ཏེ་ཚོན་རྩིས་བརྒྱན་པ་ཤ་སྟག་ཡིན།

བོད་འདིར་ཤིང་བཟོའི་ལག་རྩལ་མཁས་ཤོས་ནི་གཙང་གི་སྙེ་མོ་དང༌། རོང་པ། ལྷོ་ཁའི་ཁོངས་ནས་ཨེ་དང༌། འཕྱོངས་རྒྱས། སྦྱར། ལྷོ་བྲག མོན་བཅས་ནས་ཐོན་པ་ཤིན་ཏུ་མང་ཞིང༌། ས་གནས་གཞན་ནས་དེ་ཙམ་མང་པོ་མེད། ཕོ་བྲང་པོ་ཏ་ལ་རྒྱ་བསྐྱེད་གནང་སྐབས་བོད་ཀྱི་ཤིང་བཟོའི་ལག་རྩལ་མཁས་པ་ཡོད་ཚད་བསྡུས་པའི་ནང་ཤིང་བཟོ་དབུ་ཆེན་གཅིག དོལ་གནས་གསར་བ་འཇམ་དབྱངས་དབང་པོ་དང༌། དབུ་ཆུང་རྩེ་ཁ་ཆོས་སྐྱོང་སོགས་མི་གྲངས་བཅུ་གསུམ། ཤིང་བརྐོས་དབུ་ཆེན་མི་གཉིས་ཏེ་རྒྱ་རི་བསྟན་འཕེལ་སོགས་དང༌། ཤིང་བརྐོས་ལག་རྩལ་ཨང་དང་གྲས་ས་གླང་གྲོང་པ་སོགས་མི་གྲངས་གོ་ལྔ། ཤིང་བརྐོས་ལག་རྩལ་པ་འབྲིང་གྲས་རྒྱ་རི་ཙན་དན་སོགས་མི་གྲངས་བཅུ། ཤིང་བཟོ་བ་དཀྱུས་མ་རིན་སྤུངས་ཐང་དཀར་ཚེ་བདག་སོགས་མི་གྲངས་བརྒྱད་ཅུ་གྱ་དགུ ཤིང་བཟོ་ཙག་ཙིག་བྱེད་མཁན་པ་རྣམ་མགོན་པོ་སོགས་མི་གྲངས་བཞི་བཅུ་ཞེ་གསུམ་བཅས་ཡོད། ཤིང་བཟོ་དབུ་ཆེན་གྱི་ལས་འགན་ནི་རྡོ་བཟོ་དབུ་ཆེན་དབུ་ཆུང་དང་མཉམ་འབྲེལ་གྱིས་ས་ཁྲ་འགོད་རྒྱུ་དང༌། ཐིག་ཚད་གཏན་འཁེལ་བྱེད་རྒྱུ། ཤིང་བཟོའི་ལས་ཀར་བཀོད་འདོམས་བྱེད་རྒྱུ་བཅས་ཡིན། དབུ་ཆུང་ནི་ལས་ཡུལ་དངོས་ལ་ཤིང་བཟོའི་ལག་ལེན་ཡོངས་རྫོགས་ལག་བསྟར་བྱེད་རྒྱུ་དང༌། དབུ་ཆེན་ལ་རོགས་རམ་བྱེད་རྒྱུ་ཡིན། དཀྱུས་མའི་གྲས་རྣམས་ཐིག་ཚད་གཏན་འཁེལ་ལྟར་ཤིང་གཅོད་རྒྱུ་དང༌། རགས་བཟོ། འབུར་ལེན་རྒྱག་རྒྱུ། ཁོད་སྙོམས་བཟོ་རྒྱུ། ཤིང་བརྐོས་པ་རྣམས་ཀྱིས་ལྷ་བྲིས་པས་ཤོག་དཔེར་བྲིས་པ་ལྟར་རི་མོ་བརྐོ་རྒྱུ་བཅས་ཡིན། ཁོང་ཚོའི་མིང་དང་སྐྱེ་ཡུལ་སོགས་ཞིབ་གསལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག ལེའུ་བཞི་པར་གསལ་ཡོད་དོ།།    །།

བརྒྱུད་སྐུལ།

མཆན་སྤེལ།