ང) བོད་ཀྱི་རྡོ་བཟོའི་ལག་རྩལ།

ང) བོད་ཀྱི་རྡོ་བཟོའི་ལག་རྩལ།

བོད་ཀྱི་རྡོ་བཟོའི་ལག་རྩལ་ནི། བོད་གངས་ཅན་གྱི་ལྗོངས་འདིར་ཕྱི་ལོའི་གོང་གི་ལོ་ཉིས་བརྒྱའི་སྔོན་ནས་རྡོ་རྩིག་གི་ཁང་པ་དང༌། རྡོ་བརྐོས་རི་མོ་སྣ་ཚོགས་བྱེད་ཤེས་པ་མ་ཟད། དེ་དག་གི་ལག་རྩལ་ཡང་ཚད་མཐོར་སླེབས་ཡོད་པ་དཔེར་ན། རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་ཕོ་བྲང་ཡུམ་བུ་བླ་མཁར་རྡོ་རྩིག་གིས་དགུ་ཐོག་བཞེངས་ཤིང༌། པོ་ཏ་ལའི་ཕོ་བྲང་ཡང་རྡོ་རྩིག་གིས་བཞེངས་པའི་མཐོ་ཚད་བོད་ལུགས་ཀྱི་ཐོག་སོ་དགུ་ཡོད། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་རྩིག་སྐབས་ཀྱང་ཐོག་སོ་འོག་མ་བོད་ལུགས་ཀྱི་རྡོ་རྩིག་ཡིན་པ་བཅས་རེད།

གཞན་ཡང་རྡོ་ལ་ཡི་གེ་དང་ལྷ་སྐུ་སོགས་བརྐོ་བའི་ལག་རྩལ་ནི་ཐོག་མར་བལ་པོའི་རྡོ་བཟོ་བའི་ས་ནས་སློབ་སྦྱོང་བྱས་པ་ཞིག་ཡིན་ནའང༌། རྡོ་ལ་རི་མོ་སྣ་ཚོགས་བརྐོ་བའི་ལག་རྩལ་ནི་ཕྱི་ལོའི་དུས་རབས་དང་པོའི་ཡས་མས་ནས་ཤེས་ཤིང་དར་འཕེལ་བྱུང་ཡོད།

གཞན་ཡང༌། ས་སྐྱའི་ལྷ་ཁང་ཆེན་མོ་དང༌། ཞ་ལུའི་ལྷ་ཁང་ཆེན་མོ། རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་ལྷ་ཁང་དང་རྡོ་རྩིག་གི་མཆོད་རྟེན་ངོ་མཚར་ཅན་རྣམས་ལ་གཟིགས་ན་སྐབས་དེ་དུས་ནས་བོད་ཀྱི་རྡོ་རྩིག་ལག་རྩལ་ཆུ་ཚད་མཐོ་པོར་སོན་ཡོད་པ་མཁྱེན་རྟོགས་ཐུབ་པ་ཞིག་ཡིན། ད་ཡོད་པོ་ཏ་ལའི་ཕོ་བྲང་དཀར་པོ་དང་དམར་པོ་གསར་བཞེངས་གནང་སྐབས་རྡོ་རྩིག་གི་མཐོ་ཚད་བོད་ལུགས་ཀྱི་ཐོག་སོ་དགུ་ཐོག་ཡིན་པ་དང༌། སྐབས་དེར་རྩིག་བཟོའི་རྡོ་ཆེ་ཆུང་གཞི་མཚུངས་མེད་པའི་ཐོག་བཟོ་དབྱིབས་འདྲ་མིན་སྣ་ཚོགས་ཡོད་པ་སྐབས་དང་བསྟུན་ནས་བརྩིགས་སྟབས། དེང་སྐབས་ལྟ་བུའི་རྩིག་རྡོ་ཆེ་ཆུང་སྙོམས་པོ་དང༌། བཟོ་དབྱིབས་མཛེས་པོ་དེ་འདྲ་མེད་ཀྱང་རྩིག་ཟུར་མདའ་ལྟར་འདྲོངས་པ་དང༌། འོག་ནས་རྩེ་བར་རིམ་པས་འཐེན་བརྒྱབ་ནས་བརྩིགས་པ་དེས་རྩིག་རྡོའི་གནོན་ཤུགས་རྣམས་ཁ་གྲམ་ནས་རྩིག་པ་བརྟན་པོ་ཡོང་བ་བྱས་ཡོད་ལ། མིག་སྔར་མཛེས་ཤིང་བརྗིད་ཉམས་ཐོན་པོ་ཡོད་པ་བཅས་ཀྱི་ཁྱད་ཆོས་ཀྱང་ལྡན་ཡོད། དེང་རབས་ཅན་གྱི་ལྗིད་འདེགས་འཕྲུལ་འཁོར་དང༌། ས་འདྲུ་འཕྲུལ་འཁོར། མཐོར་འདྲེན་འཕྲུལ་འཁོར་སོགས་གང་ཡང་མེད་པའི་གནས་ཚུལ་འོག་དམར་པོ་རིའི་ལྷོ་ངོས་ཀྱི་ལྡེབས་ནས་རྨང་གཞི་བཏིང་སྟེ་ས་བབ་དང་བསྟུན་ནས་རིམ་བཞིན་མཐོ་བརྩེགས་སུ་བཞེངས་ཡོད། ཕོ་བྲང་གཙོ་བོའི་ཤར་ནུབ་ཀྱི་ཞེང་ཚད་ལ་མི་ཊར་སུམ་བརྒྱ་དྲུག་ཅུ་ལྷག་ཙམ་དང༌། རྒྱ་ཁྱོན་ལ་མི་ཊར་གྲུ་བཞི་མ་དགུ་ཁྲི་ལྷག་ཙམ། ཕྱི་ངོས་ཀྱི་མཐོ་ཚད་ཐོག་སོ་བཅུ་གསུམ་ཡོད་པའི་མཐོ་ཤོས་ཀྱི་མཐོ་ཚད་ལ་མི་ཊར་བརྒྱ་དང་བཅོ་ལྔ་དང་གྲངས་ཆུང་བཞི་ཡོད་ལ། རྩིག་ཞེང་ཆེ་ཤོས་ལ་མི་ཊར་ལྔ་ལྷག་ཙམ་ཡོད་པ་དེ་ལྟ་བུའི་རྒྱ་ཁྱོན་ཆེ་ཞིང་བང་རིམ་མཐོ་ལ་བཀོད་པ་མཛེས་པ་སོགས་ཀྱི་ཐོག་ནས་དུས་སྐབས་དེའི་བོད་མི་རིགས་ཀྱི་རྡོ་རྩིག་ལག་རྩལ་གྱི་ཆུ་ཚད་མཐོ་པོ་ཡོད་པ་གསལ་པོར་མཐོང་ཐུབ།

སྐབས་དེར་བོད་ཡོངས་ཀྱི་རྡོ་བཟོ་མཁས་པ་མང་ཆེ་བ་བསྡུས་པའི་ནང་རིམ་པ་བཞིར་ཕྱེ་འདུག རིམ་པ་དང་པོ་དབུ་ཆེན་ཡིན་ཅིང༌། དེའི་ལས་འགན་ནི་ཤིང་བཟོ་ཆེན་མོ་དང་མཉམ་འབྲེལ་གྱིས་ཁང་པའི་འཆར་འགོད་ས་ཁྲ་བཟོ་རྒྱུ་དང༌། རྡོ་བཟོ་བྱིངས་ལ་རྩིག་བཟོའི་བཀོད་འདོམས་བྱ་རྒྱུ། རྩིག་བཟོའི་ཐིག་ཚད་གཏན་འཁེལ་བྱེད་རྒྱུ། བཅག་གདོང་སོགས་གལ་ཆེའི་རྩིག་པ་རྣམས་རང་ཉིད་ངོ་མས་རྩིག་རྒྱུ་བཅས་ཡིན། རིམ་པ་གཉིས་པ་ནི་དབུ་ཆུང་ཡིན་ཞིང༌། དེའི་ལས་འགན་ནི་རྩིག་བཟོའི་ལས་ཡུལ་དངོས་ཀྱི་འགོ་ནས་མཇུག་བར་རྩིག་བཟོའི་ལག་ལེན་བྱེད་རྒྱུ་དང༌། དབུ་ཆེན་ལ་རོགས་རམ་གྱིས་ལས་འགན་བསྒྲུབ་རྒྱུ་བཅས་ཡིན། རིམ་པ་གསུམ་པ་ནི་བྱིངས་གཞིའི་གྲས་ཡིན། ཁོང་ཚོའི་ལས་འགན་ནི་རྩིག་པ་གལ་ཆེའི་གྲས་ཕུད་པའི་གནད་ཆུང་བའི་རིགས་རྣམས་བརྩིག་རྒྱུ་དང་རྩིག་རྡོར་དགོས་པའི་རྡོ་ཆེན་བཟོ་དབྱིབས་སྣ་ཚོགས་བཟོ་བཅོས་བྱེད་རྒྱུ། རྡོ་རིང་དང་རྡོ་སྐས་ལ་དགོས་པའི་རྡོ་ཆེན་བཟོ་རྒྱུ། རི་མོ་སྣ་ཚོགས་པའི་རྡོ་བརྐོས་རྒྱག་རྒྱུ་བཅས་ཡིན། རིམ་པ་བཞི་པ་ནི་དཀྱུས་མའི་གྲས་རྣམས་ཡིན། ཁོང་ཚོའི་ལས་འགན་ནི་རྩིག་བཟོ་ལ་དགོས་པའི་རྡོ་ཆེན་གཤག་ལས་དང༌། རྩིག་པའི་རིམ་པ་གོང་འོག་གཉིས་བར་གྱི་ཅབ་རྡོ་བཟོ་རྒྱུ་དང༌། རྩིག་པའི་བར་སྟོང་རྒྱང་བྱེད་རྡོ་ཧྲུག་ཆེ་ཆུང་སྣ་ཚོགས་བཟོ་རྒྱུ། རྡོ་གཡམ་བཟོ་དབྱིབས་འདོན་རྒྱུ་བཅས་ཡིན།

པོ་ཏ་ལའི་ཕོ་བྲང་དམར་པོ་བཞེངས་སྐབས་བོད་ལྗོངས་ཡོངས་ཀྱི་རྡོ་བཟོ་མཁས་པ་ཡོད་ཚད་བསྡུས་པའི་ནང་དབུ་ཆེན་རྒྱ་སྨོན་དར་རྒྱས་དང༌། ཟ་དམ་དགོས་འདོད་སོགས་མི་གྲངས་བརྒྱ་དང་བཞི་བཅུ་ཞེ་ལྔ། དཀྱུས་མའི་གྲས་གུ་རུ་སྐྱབས་སོགས་མི་གྲངས་ཉིས་བརྒྱ་ཉི་ཤུ་རྩ་གཅིག་བཅས་ཡོད་པ་རྣམས་ཀྱི་སྐྱེ་ཡུལ་དང་མིང་བཅས་ཞིབ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ནང་གསལ་ལོ།།    །།

བརྒྱུད་སྐུལ།

མཆན་སྤེལ།