ཅ) བོད་ཀྱི་འཇིམ་བཟོའི་ལག་རྩལ།

ཅ) བོད་ཀྱི་འཇིམ་བཟོའི་ལག་རྩལ།

བོད་ཀྱི་འཇིམ་བཟོའི་ལག་རྩལ་ནི། ཕྱི་ལོའི་གོང་གི་ལོ་ཉིས་བརྒྱ་ལྷག་གི་སྔོན་ནས་དར་ཡོད། དེ་ཡང་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོའི་དུས་སུ་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་ལྡིང་ཤེས་ཤ་བ་ཟེར་བས་འཇིམ་པ་ལ་མི་དང་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་འགྲོས་བྱེད་ཤེས་པ་ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་བས། སྐབས་དེ་དུས་ནས་འཇིམ་པ་ལས་མི་དང༌། སྲོག་ཆགས་འདྲ་མིན་གྱི་གཟུགས་དབྱིབས་སྣ་ཚོགས་བཟུ་ཐུབ་པ་མ་ཟད་ལག་རྩལ་གྱི་ཆུ་ཚད་ཀྱང་མཐོན་པོར་སླེབས་ཡོད་པ་གསལ་བཤད་བྱེད་ཐུབ།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་འཇིམ་བཟོའི་ལྷ་སྐུ་ཕལ་མོ་ཆེ་བལ་པོའི་འཇིམ་བཟོ་བས་བཞེངས་དགོས་བྱུང་བ་ནི། སྐབས་དེར་བོད་མིས་སྤྱིར་བཏང་གི་མི་དང་སྲོག་ཆགས་ཀྱི་གཟུགས་འགྲོས་བཟོ་ཤེས་ཀྱང༌། སངས་རྒྱས་ཆོས་ལུགས་ཀྱི་ལྷ་སྐུའི་རིགས་མཇལ་མ་མྱོང་བའི་དབང་གིས་དེ་འདྲ་བྱེད་དགོས་བྱུང་བ་ལས། བོད་མིས་འཇིམ་བཟོ་བྱེད་མ་ཤེས་པ་གཏན་ནས་མིན་སྙམ།

དུས་རབས་བཅུ་པའི་དུས་མཇུག་ལ་བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་ཕྱི་དར་བྱུང་རྗེས་མཚོ་སྔོན་ཁུལ་དན་ཏིག་ས་ཆར་བཞུགས་པའི་ཀླུ་མེས་འབྲོམ་ཆུང་རྒྱ་ནག་ཏུ་གནས་མཇལ་ལ་ཕེབས་པའི་ལམ་ཞོར་ཁྲང་ཨན་དུ་རྒྱུན་རིང་ཙམ་བཞུགས་ཐོག དེ་སྔོན་རྒྱ་བཟའ་ཀོང་ཇོའི་ཡབ་གོང་མ་ཐང་ཐའེ་ཙུང་གི་སྐབས་བཞེངས་པའི་གནས་བརྟན་བཅུ་དྲུག་གི་འདྲ་བརྙན་རྣམས་བཤུས་ནས་བོད་ལ་བསྣམས་ཕེབས་ཏེ་བྲག་ཡེར་པའི་གནས་བཅུ་ལྷ་ཁང་གི་གནས་བརྟན་བཅུ་དྲུག་གི་འདྲ་སྐུ་རྣམས་ཐོག་མར་བཞེངས་པ་ནས་རིམ་གྱིས་བོད་དུ་དར་རྒྱས་བྱུང༌།

དེ་ལྟར་བོད་ལ་སངས་རྒྱས་ཆོས་ལུགས་བསྐྱར་གསོ་བྱུང་བ་ནས་བཟུང་བོད་མི་རིགས་རང་ཉིད་ཀྱིས་འཇིམ་པ་ལས་བཞེངས་པའི་ལྷ་སྐུའི་ལག་རྩལ་ཡར་རྒྱས་ཆེན་པོ་བྱུང་སྟེ་རྭ་སྒྲེང་དང༌། སྣར་ཐང༌། གསང་ཕུ་སོགས་སུ་ཡོད་པའི་འཇིམ་བཟོས་ལྷ་སྐུ་རྣམས་བཞེངས། དུས་རབས་བཅུ་གཅིག་པའི་འགོ་ནས་བཟུང་བཀའ་གདམས་པའི་ཆོས་ལུགས་བོད་དུ་དར་རྒྱས་བྱུང་སྟེ་དབུས་གཙང་ཁམས་གསུམ་མངའ་རིས་དང་བཅས་པའི་དགོན་སྡེ་གསར་བཞེངས་ཀྱིས་འཕེལ་རྒྱས་བྱུང་བ་དེ་དག་གི་ནང་དུ་འཇིམ་བཟོའི་ལྷ་སྐུ་ཕལ་མོ་ཆེ་བོད་རིགས་འཇིམ་བཟོ་བས་བཞེངས་པ་ཡིན།

དུས་རབས་བཅུ་བཞི་པའི་འགོར་བོད་ལྗོངས་སུ་ཆོས་ལུགས་གྲུབ་མཐའ་ཁག་གི་དགོན་པ་མང་པོ་གསར་དུ་བཏབ་པ་དེ་དག་ནང་ལྷ་སྐུ་ཆེ་བ་རྣམས་བོད་མི་རང་གིས་བཞེངས་པའི་འཇིམ་བཟོ་ཤ་སྟག་ཡིན་ཅིང༌། འགའ་ཞིག་ལ་མཐོ་ཚད་ཐོག་ཚད་ལྔ་ཡོད་པ་མ་ཟད་སྒྱུ་རྩལ་གྱི་ཆུ་ཚད་ཧ་ཅང་མཐོ་པོ་ཡོད། འཇིམ་བཟོས་ལྷ་ས་གཙུག་ལག་ཁང་གི་ཇོ་བོའི་སྐུ་རྒྱབ་གཡས་གཡོན་དང༌། རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་ལྷ་ཁང་ཆེན་མོ། དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་དང༌། སེ་ར་ཐེག་ཆེན་གླིང་གཉིས་ཀྱི་ཚོགས་ཆེན་འདུ་ཁང་སྦུག་གི་ལྷ་ཁང་སོགས་སུ་ད་ལྟའང་མཇལ་རྒྱུ་ཡོད།

པོ་ཏ་ལའི་ཕོ་བྲང་དམར་པོའི་ནང་དུས་འཁོར་བླ་བརྒྱུད་སྐུ་བརྙན་དང༌། སྨན་ལྷ་ཁང་གི་བླ་བརྒྱུད་སྐུ་བརྙན་བཅས་སྐུ་བརྙན་སུམ་བརྒྱ་དང་བཅུ་ནི་འཇིམ་སྐུ་ཡིན། གཞན་ཡང་བོད་ཀྱི་བླ་མ་ཁག་གི་བླ་བརྒྱུད་ཀྱི་སྐུ་འདྲ་གསེར་དང་དངུལ་གྱིས་བཞེངས་པ་མང་པོ་ཞིག་གི་ཐོག་མའི་འདྲ་དཔེ་ཡང་འཇིམ་བཟོ་བས་བཟོ་དགོས། འཇིམ་བཟོས་ལྷ་སྐུ་ཆེ་གྲས་རྣམས་བཟོ་སྐབས་ཐོག་མར་ཆེ་ཆུང་གང་འདོད་པའི་རུ་ཤིང་བཟོས་ནས་དེ་ལ་འཇིམ་པ་སྦྱོར་ལེན་ཐུབ་པའི་སོག་མ་དཀྲིས་ཏེ་སྲོ་ཐག་དང༌། རས་སྐུད་སོགས་ཀྱིས་བསྡམས་པའི་རགས་བཟོ་བྱས་ཐོག་དེ་ལ་འཇིམ་པས་གཡོགས་ཏེ་ལྡེ་པན་དང་ཚད་སྐམ་སོགས་ཤིང་ལས་བཟོས་པའི་སྟབས་བདེའི་ལག་ཆ་སྣ་ཚོགས་ལ་བརྟེན་ནས་རུས་ཚུགས་དང༌། ཤ་ཚུགས། གོས་འཁྱུད་སོགས་ཞིབ་ཚགས་ཀྱིས་བཟོས་པ་ཞིག་ཡིན། འཇིམ་པའི་རྒྱུ་ཡང་འབྱར་རྩི་ཅན་གྱི་ས་དམར་དང༌། ས་ནག་སོགས་ལ་ཚགས་བརྒྱབ་ནས་གཙང་མ་བྱུང་རྗེས་དེ་ལ་སེང་རས་དང༌། ཡང་ན་ཤོག་བུ་བསྲེས་ཏེ་འཇིམ་རྒྱུ་བརྫིས་བརྡུང་བྱ་རྒྱུ་སོགས་ལས་རིམ་མང་པོ་བརྒྱུད་དགོས་པ་དང༌། ལྷག་པར་དུ་འཇིམ་བཟོའི་ལྷ་སྐུ་ཆེ་བ་མི་ཚད་ལས་ལྷག་པ་དང་ཐོག་ཚད་འགའ་ཞིག་ཡོད་པ་རྣམས་ཐོག་མར་ལྷ་བྲིས་པས་སྐུ་བརྙན་བཞུགས་ཡུལ་གྱི་རྒྱབ་ངོས་ལྡེབས་རིས་ཐོག་ཚད་དང་མཐུན་པའི་ཐིག་བཏབ་ནས་སྐྱ་རིས་བྲིས་རྗེས་སྐྱ་རིས་དེའི་ལྡབ་གསུམ་ནི་འབུར་བཟོའི་ཚད་ཡིན་པ་ནི་བོད་ཀྱི་ལེབ་བཟོ་དང་འབུར་བཟོའི་ཟུར་གསུམ་སྒོར་མོའི་རྩིས་རིག་ཡིན།

ཕོ་བྲང་དམར་པོ་བཞེངས་སྐབས་འཇིམ་བཟོ་མཁས་པ་ཡོངས་རྫོགས་བསྡུས་པའི་ནང་རིམ་པ་བཞིར་ཕྱེ་ཡོད། དེ་ཡང་རིམ་པ་དང་པོ་ནི་དབུ་ཆེན་ཡིན་ཅིང༌། དེའི་ལས་འགན་ནི་འཇིམ་བཟོའི་ལྷ་སྐུ་གལ་ཆེ་བའི་གྲས་བཞེངས་རྒྱུ་དང༌། གསེར་སྐུ། དངུལ་སྐུ་རྣམས་ཀྱི་ཐོག་མའི་འདྲ་ཅོག་བཟོ་རྒྱུ། ལྷ་སྐུ་ཁག་གི་འབུར་བཟོའི་ཐིག་ཚད་གཏན་འབེབས་བྱེད་རྒྱུ། ལྷ་སྐུ་ཆེ་ཤོས་རྣམས་ཀྱི་ཞལ་ཕྱག་སྐུ་གཟུགས་གཙོ་བོའི་འབུར་བཟོ་བྱེད་རྒྱུ། འཇིམ་བཟོ་བ་ཡོངས་ལ་བཀོད་འདོམས་བྱེད་རྒྱུ་བཅས་ཡིན། རིམ་པ་གཉིས་པ་ནི་དབུ་ཆུང་ཡིན། དེའི་ལས་འགན་ནི་ལྷ་སྐུ་མང་ཆེ་བ་རང་ཉིད་ཀྱིས་ལག་བསྟར་བྱས་ཏེ་བཞེངས་རྒྱུ་དང༌། དབུ་ཆེན་ལ་རོགས་རམ་བྱེད་རྒྱུ་ཡིན། རིམ་པ་གསུམ་པ་ནི་བྱིངས་གྲས་ཡིན། དེ་ཚོས་ལྷ་སྐུ་ཁག་གི་ཕྱག་མཚན་དང༌། རྒྱབ་ཡོལ། པད་གདན། བཞུགས་ཁྲི་སོགས་བཟོ་རྒྱུ་དང་འཇམ་ཤ་འདོན་རྒྱུ་བཅས་ཀྱི་ལས་འགན་འཁུར་དགོས། རིམ་པ་བཞི་པ་ནི་དཀྱུས་མའི་གྲས་ཡིན། འཇིམ་བཟོའི་རྒྱུ་ཆ་བཟོ་རྒྱུ་དང༌། འཇིམ་བཟོའི་ལས་ཀ་ཙག་ཙིག་གྲས་བྱེད་དགོས་ཤིང༌། ཕོ་བྲང་དམར་པོ་གསར་བཞེངས་གནང་སྐབས་འཇིམ་བཟོ་དབུ་ཆེན་ཆོས་འཕེལ་མི་གཅིག དབུ་ཆུང་འཇམ་དབྱངས་སོགས་མི་བཞི། བྱིངས་གྲས་དང་དཀྱུས་གྲས་བསྡོམས་བཙུན་ཆུང་སོགས་མི་གྲངས་སུམ་ཅུ་ཐམ་པ་ཡོད་པ་བཅས་སོ།།    །།

བརྒྱུད་སྐུལ།

མཆན་སྤེལ།