ཆ) བོད་ཀྱི་གསེར་བཟོའི་ལག་རྩལ།

ཆ) བོད་ཀྱི་གསེར་བཟོའི་ལག་རྩལ།

བོད་ཀྱི་གསེར་བཟོའི་ལག་རྩལ་ནི། གསེར་བཞུ་བཏུལ་བྱས་ཏེ་རྡུང་བ་དང༌། དཀྲོལ་ཚགས་རྒྱག་པ། ལུགས་སུ་བླུགས་པ་སོགས་ཀྱི་བཟོ་རྩལ་ལ་གསེར་བཟོ་ཟེར། དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། མཛངས་པའི་ལས་སུ་ཤིང་བསྲེག་སོལ་བ་བྱུང༌། །དེ་ཡི་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང༌། །ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། །བ་གླང་འབྲི་གཡག་ར་ལུག་ཁྱིམ་དུ་གསོས། །རྨོས་པའི་ལོ་ཏོག་ཐོག་མ་དེ་ནས་བྱུང༌། །ཞེས་གསུངས་པ་ལྟར།

ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆའི་ནང་ཕྱི་ལོའི་དུས་རབས་དང་པོའི་ཡས་མས་སུ་རྒྱལ་པོ་པུ་དེ་གུང་རྒྱལ་གྱིས་སྲིད་དབང་བཟུང་སྐབས་ཤིང་བསྲེགས་ནས་སོལ་བ་བཟོས་པ་དང༌། དེས་གསེར་དངུལ་ཟངས་ལྕགས་རྣམས་བཞུ་བཏུལ་བྱས་པའི་ལག་རྩལ་ཐོག་མར་བྱུང་བར་བཤད་ཅིང༌། རྒྱ་ཡིག་གི་ལོ་རྒྱུས་ཐང་ཧྲུའུ་ཐུའུ་ཧཕན་ཀྲོན་ཞེས་རྒྱ་བོད་འབྲེལ་བའི་སྐོར་གྱི་ལོ་རྒྱུས་མང་པོ་ཡོད་པ་ལས། ཆོས་རྒྱལ་སྲོང་བཙན་སྒམ་པོས་བློན་པོ་མགར་སྟོང་བཙན་ལ་གསེར་སྲང་སྟོང་ཚོ་ལྔ་བསྐུར་ནས་རྒྱ་བཟའ་ཀོང་ཇོ་བཙུན་མོར་སློང་བར་མངགས་པ་དང༌། ཐང་ཐའི་ཙུང་གིས་ཤར་ཕྱོགས་ཀའོ་ཧིའི་རྒྱལ་ཁབ་ལ་དམག་དྲངས་ནས་རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་ཞུ་ཆེད་དུ་སྲོང་བཙན་སྒམ་པོས་གསེར་ལས་བཟོས་པའི་བྱ་ངང་པའི་གཟུགས་དབྱིབས་ཅན་གྱི་འཁྲུང་བན་ནང་དུ་ཆང་བླུགས་པ་ཞིག་བློན་པོ་མགར་སྟོང་བཙན་ལ་བསྐུར་ནས་བཀྲ་ཤིས་བདེ་ལེགས་ཞུ་བར་མངགས་པ་སོགས་འཁོད་ཡོད།

བོད་ཡིག་གི་ལོ་རྒྱུས་དེབ་ཐེར་མང་པོའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་དགུང་བློན་ཆུང་བ་དང༌། ནང་བློན་འབྲིང་བ། བཀའ་བློན་ཆེ་བ་གསུམ་ལ་གསེར་གྱི་བྱང་བུ་ཆེན་པོའི་ཡི་གེ་དང༌། ནང་བློན་ཆུང་བ་དང༌། བཀའ་བློན་འབྲིང་ལ་གསེར་གྱི་བྱང་བུ་ཆུང་བའི་ཡི་གེ་བཅས་བྱ་དགར་གནང་ལུགས་གསལ་བ་སོགས་ལས། དུས་སྐབས་དེ་ཙམ་ནས་བཟུང་བོད་མིའི་གསེར་བཟོའི་ལག་རྩལ་ཆུ་ཚད་མཐོ་པོར་སླེབས་ཡོད་པ་ར་སྤྲོད་བྱེད་ཐུབ། གསེར་གདུང་འཛམ་གླིང་རྒྱན་གཅིག་གསར་བཞེངས་མཛད་སྐབས་བོད་དང་བལ་པོའི་ལྷ་བཟོ་བ་མཁས་པ་མང་པོ་བསྡུས་ཏེ་རང་རང་གི་ལག་རྩལ་ཁྱད་ཆོས་འདོན་སྤེལ་བྱེད་བཅུག་པ་མ་ཟད། གསེར་གདུང་ཆེན་མོ་དང༌། རྒྱ་གར་ལུགས་ཀྱི་ལྷ་སྐུ་རྣམས་བལ་པོའི་བཟོ་པར་བཞེངས་སུ་བཅུག་པ་དང༌། བོད་ལུགས་ཀྱི་ལྷ་དང་བླ་མའི་སྐུ་འདྲ་རྣམས་བོད་ཀྱི་ལྷ་བཟོ་བར་བཞེངས་སུ་བཅུག་ཡོད། དེའི་རྒྱུ་མཚན་ནི་བཟོ་པ་རྣམས་རང་རང་གི་སྲོལ་རྒྱུན་གོམས་གཤིས་ལ་རང་རང་རྒྱུས་མངའ་ཆེ་ཞིང༌། མི་རིགས་གཞན་གྱི་ཡུལ་སྲོལ་གོམས་གཤིས་ལ་ཆ་རྒྱུས་ཆུང་བའི་རྐྱེན་གྱིས་བཟོ་རྩལ་ལེགས་པོ་མི་ཡོང་བ་དང༌། རང་རང་སོ་སོའི་བཟོ་རྩལ་ཁྱད་ཆོས་ཀྱང་མི་འདྲ་བ་ཡིན། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ནང་གསེར་བཟོ་བ་བལ་པོ་ཇི་ཡོད་ཀྱི་གྲངས་དང་མིང་གསལ་ཡང་བོད་རིགས་གསེར་བཟོ་བའི་མིང་མི་གསལ་ཡང༌། གསེར་བཟོ་བ་ཁག་གཅིག་ལ་ཟླ་བ་རེར་རྩམ་པའི་ཕོགས་སྤྲད་པའི་གནས་ཚུལ་འཁོད་འདུག་པ་དེས་གསེར་བཟོ་བའི་ནང་བོད་རིགས་བཟོ་པ་ཡོད་པ་མཐོང་ཐུབ། འོན་ཀྱང་གསེར་གདུང་དཀར་ཆག་ནང༌། བོད་རིགས་གསེར་བཟོ་བ་མི་གྲངས་ཇི་ཡོད་དང་མིང་བཅས་མི་གསལ་བས་མཁས་པ་རྣམས་ཀྱིས་སླར་ཡང་ཞིབ་དཔྱད་གནང་བར་ཞུ་ཞེས་དུང་དཀར་ཚིག་མཛོད་དུ་གསུངས་ཀྱང༌། ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་ཕྱོགས་བསྒྲིགས་དེབ་ཆུང་དང༌། ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་དཔྱད་གཞི་རགས་རིམ་གཉིས་སུ་གསེར་བཟོ་བ་དབུ་ཆེན་དབང་ཕྱུག་སོགས་མི་གྲངས་བཞི་ཡོད་ཚུལ་གསལ་ལོ།།    །།

 

བརྒྱུད་སྐུལ།

མཆན་སྤེལ།