ཇ) བོད་ཀྱི་དངུལ་བཟོའི་ལག་རྩལ།

ཇ) བོད་ཀྱི་དངུལ་བཟོའི་ལག་རྩལ།

བོད་ཀྱི་དངུལ་བཟོའི་ལག་རྩལ་ནི། ང་ཚོའི་མཇལ་སྐལ་དུ་ཡོད་པའི་དཔྱད་གཞིའི་ཡིག་རིགས་ཁག་ཏུ། དངུལ་བཟོའི་ལག་རྩལ་ཡང་གསེར་བཟོའི་ལག་རྩལ་དང་འདྲ་བར་བཞུ་བཏུལ་དང༌། ལུགས་ལ་བླུགས་པ་སོགས་བྱ་ཐབས་སྣ་ཚོགས་ཡོད། ཕྱི་ལོའི་དུས་རབས་དང་པོའི་ཡས་མས་ཙམ་ལ་རྒྱལ་པོ་པུ་དེ་གུང་རྒྱལ་གྱིས་སྲིད་དབང་བཟུང་རྗེས་དངུལ་བཞུ་བཏུལ་བྱས་པ་དང༌། ཆོས་རྒྱལ་སྲོང་བཙན་སྒམ་པོས་བློན་པོ་རིམ་པ་གསུམ་པ་ལ་དངུལ་གྱི་ཡི་གེའི་བྱང་བུ་བྱ་དགར་གནང་ཚུལ་འཁོད་པ་སོགས་ལས་དངུལ་བཟོའི་ལས་རིགས་ཀྱང་དེ་སྐབས་ནས་བོད་མིས་བྱེད་ཤེས་པ་ཤིན་ཏུ་གསལ་ལ།

གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས་སྐབས་དེ་དང་ཆབས་ཅིག་དངུལ་བཟོས་ལྷ་སྐུ་དང་མཆོད་རྟེན་མང་པོ་བཞེངས་འདུག་པ་དེ་ཡང་རྒྱ་གར་ལུགས་ཀྱི་ལྷ་སྐུ་མཆོད་རྟེན་རྣམས་བལ་པོའི་བཟོ་པས་བཞེངས་པ་དང༌། བོད་ལུགས་ཀྱི་བླ་མའི་འདྲ་སྐུ་རྣམས་བོད་ཀྱི་བཟོ་པས་བཞེངས་པ་ཡིན་ངེས། འོན་ཀྱང་སྐབས་དེར་དངུལ་བཟོ་བའི་ནང་བལ་པོ་དང་བོད་པ་མི་གྲངས་ཇི་ཙམ་ཡོད་མེད་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ནང་མི་གསལ་ཞེས་དུང་དཀར་ཚིག་མཛོད་དུ་གསུངས་པ་ལྟར། ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་ཕྱོགས་བསྒྲིགས་དེབ་ཆུང་དང༌། ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་དཔྱད་གཞི་རགས་རིམ་སོགས་སུ་ཕོ་བྲང་དམར་པོ་བཞེངས་སྐབས་ལས་རིགས་ཁག་མི་འདྲ་བ་ཉི་ཤུ་ཙམ་ལ་ལས་མི་གྲངས་ ༡༩༧༦ དང༌། ལས་རིགས་དེ་དག་གི་འགོ་བྱེད་མི་སྣ་གྲངས་ ༧༦ དང༌། ཉེན་ཟོན་རྟོག་ཞིབ་པ་དམག་མི་ ༢༥ སྨན་པ་གྲངས་ ༢ བཅས་ཁྱོན་བསྡོམས་བོད་རིགས་ལས་མི་ ༡༧༧༤ དང༌། བལ་པོ་ ༡༩༡ རྒྱ་རིགས་ ༡༡༤ བཅས་ཁྱོན་བསྡོམས་ལས་མི་གྲངས་ ༢༠༧༩ ཡོད་པ་གསལ་ཡང༌། ལས་རིགས་དེ་དག་གི་ཁྲོད་དུ་དངུལ་བཟོ་བའི་སྐོར་གཏན་ནས་མ་གསལ་བས་དཔྱད་པར་འཚལ་ལོ།།

བརྒྱུད་སྐུལ།

མཆན་སྤེལ།