ཉ) བོད་ཀྱི་ཟངས་བཟོའི་ལག་རྩལ།

ཉ) བོད་ཀྱི་ཟངས་བཟོའི་ལག་རྩལ།

བོད་ཀྱི་ཟངས་བཟོའི་ལག་རྩལ་ནི། ཟངས་བཞུ་བཏུལ་བྱས་ཏེ་རྡུང་བ་དང༌། ཚགས་རྒྱག་པ། ལུགས་སུ་བླུགས་པ། ཟངས་ཤོག་དང་ཟངས་ཕྱེ་བཟོ་བ་བཅས་ཀྱི་ལག་རྩལ་ལ་ཟངས་བཟོ་ཞེས་ཟེར་ཞིང༌། བོད་ཀྱི་ཟངས་བཟོའི་ལག་རྩལ་ནི་ད་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་འགའ་ཞིག་ཏུ་གསལ་བ་ལྟར་ན། ཕྱི་ལོའི་དུས་རབས་དང་པོའི་ཡས་མས་སུ་རྒྱལ་པོ་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་འཐབ་ནས་བློན་པོ་ལོ་ངམ་གྱིས་རྒྱལ་པོ་བཀྲོངས་ཐོག་རྒྱལ་པོའི་སྤུར་ཟངས་ཀྱི་སྒམ་དུ་བཅུག་སྟེ་ལྕགས་གཟེར་བརྒྱབ་ནས་ཉང་ཆུའི་ནང་བསྐྱུར་བ་དང༌།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བློན་པོ་རིམ་པ་བཞི་པ་ལ་ཟངས་ཀྱི་བྱང་བུའི་ཡི་གེ་བྱ་དགར་གནང་བ༑ སྐུ་གཤེགས་ཁར་ཞལ་ཆེམས་བཞག་པ་རྣམས་ཟངས་ཀྱི་བྱང་བུའི་ཐོག་ཡི་གེར་བྲིས་ནས་བང་མཛོད་དུ་བཅུག་པ་དེ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་གཟིགས་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་བ་སོགས་གསལ་བ་དེས་སྔ་རབས་བོད་མི་དང་མི་རིགས་གཞན་དག་བར་འབྲེལ་བ་མ་བྱུང་བའི་ལོ་ངོ་ཆིག་སྟོང་ལྷག་གི་གོང་རོལ་ནས་བོད་མིས་ཟངས་བཟོའི་ལག་རྩལ་ཤེས་ཟིན་པ་ར་སྤྲོད་བྱེད་ཐུབ།

དུས་རབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ནང་བོད་ཀྱི་ཟངས་བཟོའི་ལག་རྩལ་ཆུ་ཚད་མཐོན་པོར་སླེབས་ཡོད་པ་ནི་མཚུར་ཕུ་དང༌། གདན་ས་མཐིལ། འབྲི་གུང༌། འབྲུག་ར་ལུང༌། ཚལ་གུང་ཐང་བཅས་ཀྱི་དཀར་ཆག་ནང་བོད་རིགས་ཟངས་བཟོ་བ་འགའ་ཞིག་གི་མིང་འཁོད་འདུག་པ་དེ་དག་ཏུ་གཟིགས་ན་མཁྱེན་པར་ནུས། གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས་སྐབས་བོད་དུ་ཡོད་པའི་ཟངས་མགར་མཁས་པ་བལ་པོ་དང་བོད་པ་ཡོད་ཚད་བསྡུས་པའི་ནང་བོད་པ་ཟངས་མགར་བ་ལ་རིམ་པ་གསུམ་དུ་ཕྱེ་བའི་རིམ་པ་དང་པོ་དབུ་མཛད་ཆེ་བ་ལྷོ་པ་ལྷས་ནང་པ་མི་གཅིག རིམ་པ་གཉིས་པ་དབུ་ཆུང་ལྷོ་པ་རབ་བརྟན་སོགས་མི་གསུམ། རིམ་པ་གསུམ་པ་བྱིངས་དཀྱུས་བྱང་པ་ཁྲི་རིང་ངག་དབང་སོགས་མི་ཞེ་གཉིས་བཅས་ཡོད་པ་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་གཟིངས་སུ་གསལ་ཡོད།།    །།

བརྒྱུད་སྐུལ།

མཆན་སྤེལ།