ཏ) བོད་ཀྱི་ལྕགས་བཟོའི་ལག་རྩལ།

ཏ) བོད་ཀྱི་ལྕགས་བཟོའི་ལག་རྩལ།

བོད་ཀྱི་ལྕགས་བཟོའི་ལག་རྩལ་ནི། ལྕགས་བཞུ་བཏུལ་བྱས་ཏེ་དངོས་རིགས་སྣ་ཚོགས་བཟོ་བ་དང༌། ཚགས་རྒྱག་པ། ལུགས་སུ་བླུགས་པ། ཕྱེ་མ་བཟོ་བ། ལྕགས་སྐུད་འཐེན་པ། མཉམ་བསྲེས་ཁྲོ་ལྕགས་བཟོ་བ་སོགས་ཀྱི་ལག་རྩལ་ལ་ལྕགས་བཟོ་ཞེས་ཟེར། དེ་ཡང་བོད་ཀྱི་ལྕགས་བཟོའི་ལག་རྩལ་ནི་ད་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་ཁག་ཏུ་འཁོད་པ་ལྟར་ན། ཕྱི་ལོའི་དུས་རབས་དང་པོའི་གཡས་གཡོན་དུ་བོད་ཀྱི་རྒྱལ་པོ་གྲི་གུམ་བཙན་པོའི་དུས་སྐབས་སུ་གྲི་བཟོ་བ་ལ་མཁས་པ་ཟིམ་པོ་སྤུན་དགུ་ཟེར་བ་བྱུང་ཞིང༌།

དེ་དག་གིས་བརྡུངས་པའི་གྲི་ལ་དགུ་ཟི་ཟེར་བའི་མིང་ཐོགས་པ་དང༌། དེ་དུས་སྨར་ཁམས་སུ་ལྕགས་ཀྱི་ཁྲབ་བཟོ་བའི་ལག་རྩལ་དར་ནས་གྲི་གུམ་བཙན་པོས་གྱོན་པའི་ཁྲབ་ཀྱང་སྨར་ཁམས་ནས་བླངས་ཞེས་གསལ་བ་དང༌། ཐང་ཧྲུའུ་ཧཕན་ཀྲོན་ཞེས་པའི་ནང་བོད་ཀྱི་ཁྲབ་ནི་མིག་གཉིས་མ་གཏོགས་ལུས་པོ་ཡོངས་རྫོགས་ཁེབས་ཐུབ་པ་དང༌། མདའ་གྲི་རྣོན་པོས་ཀྱང་ཆོད་དཀའ་བའི་བཙན་པོ་ཡོད་ཅེས་འཁོད་ཅིང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་དམག་དཔོན་བྱས་རྗེས་ཅན་ལ་ལྕགས་ཀྱི་བྱང་བུའི་ཡི་གེ་གནང་བ་བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་པོར་འཁོད་ཡོད།

ཡང་ཐང་ཧྲུའུ་ཧཕན་ཀྲོན་ཟེར་བའི་ནང་འཁོད་དོན་དུ། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་སྲིད་དབང་བཟུང་སྐབས། ཕྱི་ལོའི་དུས་རབས་བརྒྱད་པའི་འགོར་དབྱང་དང་པིས་ཟེར་བའི་ས་ཆར་ཆུ་ཆེན་པོའི་ཐོག་བོད་དམག་གིས་ལྕགས་ཀྱི་ཀ་བ་རིང་པོ་ཞིག་བཙུགས་པ་དེའི་ཐོག་སྐབས་དེའི་དམག་དོན་ལོ་རྒྱུས་རྣམས་བོད་ཡིག་ཏུ་བརྐོས་ཡོད་པ་གསལ་བར་གཞིགས་ན་ཕྱི་ལོའི་དུས་རབས་དང་པོའི་ཡས་མས་ནས་བོད་རིགས་ཀྱིས་གྲི་དང་ཁྲབ་བཟོ་བའི་ལག་རྩལ་ཤེས་ཡོད་པ་དང༌། དུས་རབས་བརྒྱད་པའི་འགོར་སླེབས་དུས་བོད་མི་རིགས་ཀྱི་ཆུ་ཆེན་པོའི་ཐོག་ལྕགས་ཟམ་འཛུགས་པའི་ལག་རྩལ་ཤེས་ཟིན་པ་གསལ་པོར་མཐོང་ཐུབ། ལྕགས་ཁྲབ་དང་ལྕགས་ཟམ་བཟོ་རྒྱུ་ནི་སྤྱིར་བཏང་གི་ཐོན་སྐྱེད་ཡོ་བྱད་བཟོ་རྒྱུ་ལས་ཧ་ཅང་དཀའ་ཞིང༌། ལག་རྩལ་ཆུ་ཚད་མཐོ་པོ་མེད་ན་བཟོ་མི་ཐུབ་པ་དང༌། ལྕགས་ཁྲབ་དང་ལྕགས་ཟམ་བཟོ་ཐུབ་ན་སྤྱིར་བཏང་གི་ཐོན་སྐྱེད་ཡོ་བྱད་བཟོ་ཐུབ་པ་ནི་སྨོས་ཅི་དགོས། འོན་ཀྱང་ཕྱི་ལོའི་དུས་རབས་དང་པོའི་ཡས་མས་ནས་རྨོན་པ་བརྒྱབ་ནས་ས་ཞིང་འདེབས་ལས་བྱེད་འགོ་བཙུགས་ཏེ་དེ་ནས་བཟུང་ལོ་སྟོང་ཕྲག་གཅིག་ལྷག་ཙམ་གྱི་བར་བོད་ཀྱི་ཞིང་ལས་ཐོག་གཤོལ་ལྕགས་བེད་སྤྱོད་མ་བྱས་པ་དེས་ལྕགས་བཟོས་ཐོན་སྐྱེད་ཡོ་བྱད་བཟོ་མ་ཤེས་པ་དང༌། ལྕགས་བཟོའི་ལག་རྩལ་མཐོ་པོ་མེད་པའི་གསལ་བཤད་བྱེད་མི་ཐུབ་ཅིང༌། དུས་ཡུན་རིང་པོའི་ནང་བོད་ཀྱི་ཞིང་ལས་ཐོག་ལྕགས་བཟོའི་ཐོན་སྐྱེད་ཡོ་བྱད་བེད་སྤྱོད་མ་བཏང་བ་ནི་མཁྲེགས་ཤིང་བེ་དོ་ཤིང་སོགས་ཀྱིས་བཟོས་པའི་མཐོང་གཤོལ་དེས་ལྕགས་བཟོས་མཐོང་གཤོལ་དང་འདྲ་བའི་ནུས་པ་ཐོན་པར་བརྟེན། ལྕགས་བཟོས་མཐོང་གཤོལ་ལས་མ་གནས་ཆུང་བ་དང༌། སྟབས་བདེ་བ། ལྕགས་བཟོ་བ་མེད་ཀྱང་ཤིང་བཟོ་སྤྱིར་བཏང་ཤེས་པ་ཞིག་གིས་ཀྱང་བཟོ་ཐུབ་པ་སོགས་ཀྱི་ཁྱད་ཆོས་མང་དུ་ཡོད་པའི་རྒྱུ་མཚན་ལས་བྱུང་བ་ཡིན།

དེ་ནས་བོད་ཀྱི་ལྕགས་ཕག་ཕྱི་ལོ་ ༡༤༣༡ ལོར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དགུང་ལོ་བདུན་ཅུ་དོན་གཅིག་ལ་ཕེབས་སྐབས་ཁོང་གིས་བཀོད་འདོམས་དང་རྒྱུ་ཆ་འདོན་སྤེལ་གནང་ནས་ལྷ་སའི་མདུན་ངོས་སྐྱིད་ཆུའི་ལྕགས་ཟམ་ཐོག་མར་བཙུགས་པ་ནས་དགུང་ལོ་བརྒྱ་དང་ཉེར་ལྔ་ལ་མ་ཕེབས་བར་སྟོད་ལུང་དང༌། ལྷ་རྩེ། ལྷ་ཕུ། རྣམ་གླིང་རྫོང༌། ལྷོ་ཁ། འོན། འཕན་པོ་བྲག་རལ། ཤར་གྲུ་ཁ། འབྲི་གུང༌། ལྕགས་ཟམ་ཆུ་བོ་རི། རྫ་ཆུ་ཁ། འབྲི་ཆུ། ཉག་ཆུ། དར་རྩེ་མདོ་སོགས་དབུས་གཙང་ཁམས་གསུམ་གྱི་ས་ཆར་ཁྱོན་བསྡོམས་ལྕགས་ཟམ་ལྔ་བཅུ་ང་བརྒྱད་བཙུགས་པའི་ཐ་མ་སྐུ་གཤེགས་ཁར་ལྷོ་ཁའི་ཉ་མགོ་གྲུ་ཁའི་ལྕགས་ཟམ་འཛུགས་གནང་མཛད་པ་རེད། ལྕགས་ཟམ་རྣམས་ཀྱི་ལྕགས་ཐག་བོང་ཚད་ཕྲུ་གུ་ལོ་བརྒྱད་ལོན་པའི་ལག་ངར་དང་མཉམ་པ་ཤ་སྟག་ཡོད་ལ། ལྕགས་ཟམ་གྱི་ལྕགས་ཐག་ཐོག་མགར་བ་ནོར་བུས་བརྡུངས་ཞེས་སོགས་བཟོ་པ་སོ་སོའི་མིང་བཀོད་ཡོད་ལ། ལྕགས་རྣམས་ཀྱང་གཞན་མི་འདྲ་བར་ལོ་ངོ་ལྔ་བརྒྱ་ལྷག་འདས་ཀྱང་རྩ་མི་རྒྱག་པ་སོགས་ཀྱི་ཁྱད་ཡོན་མང་པོ་ཞིག་ཀྱང་ལྡན་ཡོད། དེ་བཞིན་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་ནང་བཟོ་པ་མང་པོ་ཞིག་གི་མིང་གསལ་བས་ཐམས་ཅད་བོད་རིགས་བཟོ་པ་ཤ་སྟག་ཡིན་ལ། པོ་ཏ་ལའི་ཕོ་བྲང་དམར་པོ་གསར་དུ་བཞེངས་སྐབས་བོད་ས་གནས་ཡོངས་ཀྱི་ལྕགས་བཟོ་མཁས་པ་མང་པོ་བསྡུས་པའི་ནང་རིམ་པ་གཉིས་སུ་ཕྱེ་འདུག་པ་སྟེ། རིམ་པ་དང་པོ་དབུ་མཛད་དབོ་ཚང་པ་སོགས་མི་གསུམ། བྱིངས་དང་དཀྱུས་གྲས་གྲ་ཕྱི་ཐོད་དཀར་བ་སོགས་མི་གྲངས་བདུན་ཅུ་དོན་བཞི་བཅས་ཡོད་པ་གསེར་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཏུ་གསལ་ལོ།།    །།

བརྒྱུད་སྐུལ།

མཆན་སྤེལ།