ཐ) བོད་ཀྱི་ཀོ་བཟོའི་ལག་རྩལ།

ཐ) བོད་ཀྱི་ཀོ་བཟོའི་ལག་རྩལ།

རི་དྭགས་སྣ་ཚོགས་ཀྱི་པགས་པ་མཉེད་འདུལ་བྱས་ཏེ་གོས་དང༌། ཞྭ་ལྷམ། ལྟོ་ཕད། ཕོར་པ༑ སྡེར་མ། སྒམ། ཁྲབ། ཀོ་གྲུ། མི་དང་སྲོག་ཆགས་འདྲ་མིན་གྱི་གཟུགས་བརྙན་བཟོ་བའི་ལག་རྩལ་ལ་ཀོ་བཟོའི་ལག་རྩལ་ཞེས་ཟེར། དེ་ཡང་བོད་གངས་ཅན་གྱི་ལྗོངས་སུ་གནའ་རབས་བསྐལ་པ་ཡ་ཐོག་གི་དུས་སུ་ཞིང་ལས་མ་དར་བའི་གོང་རོལ་དུ་འཚོ་བའི་རྟེན་ཁུངས་འབྲོག་ལས་དང༌། ཉ་ལས། རི་དྭགས་རྔོན་པ་སོགས་ཡིན་པས་ཐོན་སྐྱེད་བྱེད་པའི་གོ་རིམ་ནང་རི་དྭགས་དང་གཅན་གཟན་སྣ་ཚོགས་ཀྱི་འགུལ་བསྐྱོད་ཆོས་ཉིད་དང༌།

ལྤགས་པའི་ཁྱད་ཆོས། ནད་གསོ་བའི་ནུས་པ་བཅས་ཤེས་རྟོགས་ཐུབ་སྟེ་པགས་རིགས་ཀྱི་གྱོན་ཆས་དང༌། ཞྭ་ལྷམ་ལྟོ་ཕད་སོགས་ཀྱི་ཐོན་སྐྱེད་དངོས་རིགས་བཟོ་ཤེས་པ་དང༌། ཕྱི་ལོའི་དུས་རབས་དང་པོའི་ཡས་མས་སུ་སླེབས་སྐབས་ཀོ་བ་ལས་བཟོས་པའི་ཕོར་པ་དང༌། སྡེར་མ། སྟབས་བདེའི་གོ་ཁྲབ་སོགས་བཟོ་རྩལ་ཤེས་པར་གྱུར།

དུས་རབས་བརྒྱད་པའི་དུས་དཀྱིལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྲིད་དབང་བཟུང་སྐབས་རྒྱལ་པོས་རྒྱུན་དུ་བལྟ་ཀློག་གནང་རྒྱུའི་ཕྱག་དཔེའི་གྲས་འབུམ་རྒྱས་འབྲིང་བསྡུས་གསུམ་དང༌། གལ་ཆེའི་སྨན་གཞུང་འགའ་ཞིག་ཤ་བའི་པགས་པ་ལས་བཟོས་པའི་སྒམ་གྱི་ནང་དུ་འཇོག་པའི་དབང་གིས་མིང་ལའང་རྒྱལ་པོའི་བླ་ཡིག་ཤ་སྒྲོ་ཅན་ཞེས་འབོད་ཚུལ་སྐོར་བཀའ་འགྱུར་དཀར་ཆག་དུ་མའི་ནང་གསལ་པོར་འཁོད་ཡོད། ཀོ་གྲུ་ནི་ཕྱི་ལོའི་དུས་རབས་བདུན་པའི་འགོར་རྒྱ་བཟའ་ཀོང་ཇོ་བཙན་པོའི་བཙུན་མོར་ཕེབས་འབྱོར་སྐབས་དགའ་བསུ་ཞུས་པའི་དམངས་གཞས་ཁག་ཅིག་ནང༌།

ཆུ་མོ་རྒྱ་ཆུ་རོང་ལ་ཞེད་དགོས་མེད། །

ཀོ་བ་ནག་ཆུང་བརྒྱ་ཡིས་བསུ་མ་ཡོད། །

ཅེས་གཏོང་སྲོལ་འདུག་ཅིང༌། དུས་རབས་བཅུ་གཅིག་པའི་མཇུག་ཏུ་བུ་མོ་སྣང་ས་འོད་འབུམ་ཉང་སྟོད་རི་ནང་ནས་རྒྱལ་རྩེར་བྲོས་བྱོལ་ལ་འགྲོ་སྐབས་མྱང་ཆུའི་ནང་ཀོ་གྲུ་བཏང་ནས་བྲོས་པའི་ཤོད་རྒྱུན་ཡང་ཡོད། དུས་རབས་བཅོ་ལྔ་པའི་འགོར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སྐུ་ན་ཕྲ་སྐབས་ཁོང་གི་འཁྲུངས་ཡུལ་གཙང་སྟོད་ལྷ་རྩེའི་ཤར་ཕྱོགས་དམ་ཕུག་ཟེར་བའི་ས་ཆར་ཀོ་གྲུའི་འབབ་ཚུགས་ཤིག་ཡོད་ཚུལ་རྣམ་ཐར་ནང་གསལ།

པོ་ཏ་ལའི་ཕོ་བྲང་དམར་པོ་གསར་བཞེངས་རྒྱ་བསྐྱེད་གནང་སྐབས་ཆུ་ཐོག་གི་སྐྱེལ་འདྲེན་ཡོ་བྱད་གཙོ་བོ་ནི་ཀོ་གྲུ་ཡིན་པ་དང༌། དེས་ཉིན་ལམ་གཅིག་གི་སར་འགྲུལ་བསྐྱོད་བྱེད་ཐུབ་པར་བརྟེན། ཨར་པོའི་རྒྱུ་ཆ་ཤིང་སོགས་ལྷོ་ཁ་ནས་ལྷ་སར་ཀོ་བའི་ནང་དབོར་འདྲེན་བྱེད་པ་དང༌། ལྷ་སའི་ལྷོ་ཕྱོགས་སྐྱིད་ཆུའི་འགྲམ་བདེ་ཆེན་ཀོ་ས་ནས་ལྷ་གདོང་ཤན་ཁའི་ཀོ་ས་བར་ཀོ་གྲུའི་ཐོག་དབོར་འདྲེན་གནང་བའི་གནས་ཚུལ་སྐོར། གསེར་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཐར་གླིང་གྲུ་གཟིངས་སུ་གསལ།

དེ་ཡང་ཀོ་བ་གྲུ་བཞི་ཆ་མཉམ་བཞི་མགོ་མཇུག་ཏུ་སྦྲེལ་བའི་སྟེང་དུ་སྤང་ལེབ་རྣམས་བཞག་ཐོག་ཀ་ཆེན་དང༌། རྡོ་ཆེན། ཀ་རིང་དང༌། རྡོ་རིང་བཅས་བསྙལ་ནས་བཞག་པས་ཆུ་ཐོག་གི་སྐྱེལ་འདྲེན་ལ་སྟབས་བདེ་བའི་ཁྱད་ཆོས་མང་པོ་ཡོད་པ་དང༌། ཆུ་དང༌། ཀོ་གྲུ། སྤང་ལེབ་གསུམ་གྱི་ལྡིང་ཤུགས་ལ་ཚན་རིག་དང་མཐུན་པའི་བེད་སྤྱོད་བྱས་པ་དེས་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་བློ་གྲོས་ཆུ་ཚད་གསལ་པོར་མཐོང་ཐུབ། སྐབས་དེར་ཀོ་བཟོ་བ་ཁག་གཅིག་གིས་ཀོ་གྲུ་བཟོ་བ་དང༌། ཁག་གཅིག་གིས་ཀོ་བའི་སྒམ་དང༌། ཀོ་འབོག འབྲེང་ཐག ཐབ་ཀའི་ཁ་ཤུར་སོགས་བཟོ་དགོས། མདོར་ན་ཕོ་བྲང་དམར་པོ་གསར་བཞེངས་གནང་སྐབས་༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀོ་བཟོ་མཁས་པ་ཡོད་ཚད་ཕྱོགས་བསྡུས་གནང་བའི་ནང་སྣེའུ་མགོན་པོ་སོགས་མི་གྲངས་བརྒྱད་ཅུ་གྱ་ལྔ་ཡོད་པ་བཅས་སོ།།   །།

བརྒྱུད་སྐུལ།

མཆན་སྤེལ།