ན) བོད་ཀྱི་ལུགས་བཟོའི་ལག་རྩལ།  

ན) བོད་ཀྱི་ལུགས་བཟོའི་ལག་རྩལ།   

གསེར་དངུལ་ཟངས་ལྕགས་སོགས་བཞུ་བཏུལ་བྱས་ཏེ་ལུགས་པར་བརྒྱབ་པའི་མ་དཔེ་ལྟར་ལུགས་རྒྱག་མཁན་ལ་ཟེར། དེ་ལ་ཡང་རིན་པོ་ཆེ་སྣ་ཚོགས་བསྲེས་ནས་ལུགས་རྒྱག་དགོས་པ་ཛྷཻ་ཀྵིམ་དང༌། ལི་མ། ལྕགས་རིགས་མི་འདྲ་བ་སྣ་ཚོགས་བསྲེས་ཏེ་བླུགས་པའི་ཁྲོ་ལྕགས་སོགས་ཡོད། བོད་ཀྱི་ལུགས་རྒྱག་ལག་རྩལ་ནི་དུས་རབས་བརྒྱད་པའི་སྐབས་ནས་ཆུ་ཚད་མཐོན་པོར་སླེབས་ཡོད། དཔེར་ན་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་སྲིད་དབང་བཟུང་སྐབས་བོད་ཀྱི་མཐའ་མཚམས་ཆུ་མོ་གངྒཱའི་འགྲམ་དུ་བོད་དམག་གིས་ལྕགས་ཀྱི་ཀ་བ་རིང་པོའི་ངོས་སུ་སྐབས་དེའི་དམག་དོན་ལོ་རྒྱུས་འཁོད་པ་ཞིག་བཙུགས་ཡོད་པ་རྒྱ་ཡིག་གི་ཐང་དེབ་བོད་ཀྱི་ལོ་རྒྱུས་ཞེས་པའི་ནང་གསལ་ཡོད།

དེ་རྗེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་འབྲོ་བཟའ་བྱང་ཆུབ་སྒྲོན་མས་བསམ་ཡས་གཙུག་ལག་ཁང་གི་ལྕགས་རིའི་ཕྱི་རོལ་ནུབ་ངོས་སུ་དགེ་རྒྱས་ལི་མ་གླིང་གི་ལྷ་ཁང་བཞེངས་ཏེ་ལྷ་ཁང་དེའི་ནང་མཆོད་པའི་རོལ་མོ་དྲིལ་བུ་ཆེན་པོ་ཞིག་བླུགས་པ་དེར་བོད་ཡིག་བརྐོས་པའི་སྨོན་ཚིག་ཡོད་པ་དང༌། དེ་མཚུངས་བྲག་ཡེར་པའི་ལྷ་ཁང་གི་མདུན་ངོས་ཅོང་ཁང་དུ་དྲིལ་བརྡ་གཏོང་བྱེད་དྲིལ་བུ་ཆེན་པོ་མི་ཚད་ཙམ་ཟུར་བཅུ་དྲུག་ཡོད་པ་ལ་ཟུར་རེ་ནས་བརྡུངས་ན་སྐད་མི་འདྲ་བ་རེ་རེ་ཐོན་པ་དང༌། དྲིལ་བུའི་འདབ་མའི་ངོས་སུ་བོད་ཡིག་གི་སྨོན་ཚིག་ཀྱང་བཀོད་པ་སོགས་ཡོད་པར་གཞིགས་ན་སྐབས་དེ་དུས་ལུགས་རྒྱག་གི་ལག་རྩལ་ཧ་ཅང་ཆུ་ཚད་མཐོན་པོ་ཡོད་པ་མཐོང་ཐུབ་པ་ཡིན།

ཕྱི་ལོའི་དུས་རབས་བཅུ་གཅིག་པ་ཡས་མས་ནས་བོད་རིགས་ལུགས་པ་མཁས་དབང་མང་པོ་བྱུང་བ་དེ་དག་གིས་ལྷ་སྐུ་ལུགས་མ་མང་པོ་བཞེངས་ཐུབ་པའི་སྐོར་བོད་ཀྱི་བླ་མ་མང་པོ་ཞིག་གི་རྣམ་ཐར་ནང་ལྷ་སྐུ་ལུགས་མའི་བཟོ་རྩལ་མཁས་པ་ཚོའི་མཚན་གསལ་པོར་བཀོད་ཡོད། ལྷག་པར་དུ་རྗེ་བཙུན་ཙོང་ཁ་པའི་སྐུ་དུས་སུ་ལྷོ་ཁ་སླེའུ་ཆུང་དུ་འཁྲུངས་པའི་ལྷ་བཟོ་སྤྲུལ་སྐུ་སླེའུ་ཆུང་བ་ཞུ་བ་དེས་རིན་པོ་ཆེ་སྣ་ཚོགས་ལུགས་སུ་བླུགས་པའི་ཡི་དམ་རྡོ་རྗེ་འཇིགས་བྱེད་སོར་བཞི་ཙམ་བྱས་པ་ཞིག་བདེ་ཆེན་ཆོས་འཁོར་ཡོངས་འཛིན་རིན་པོ་ཆེའི་རྟེན་གྲས་སུ་བཞུགས་པ་དེ་ནི་རྡོ་རྗེ་འཇིགས་བྱེད་ཞལ་དགུ་ཕྱག་སོ་བཞི་པའི་ཕྱག་སོ་སོའི་ཕྱག་མཚན་མི་འདྲ་བ་རྣམས་ལ་ལག་པ་འཆང་ན་འགུལ་བསྐྱོད་བྱེད་ཐུབ་པའི་བཟོ་རྩལ་ཧ་ཅང་ངོ་མཚར་ཆེ་བ་ཞིག་ཡོད་འདུག དེ་མཚུངས་སྐུ་ཉུང་ཤས་ཤིག་སྔར་པོ་ཏ་ལའི་གཟིམ་ཆུང་ཁག་དང༌། བཀྲ་ཤིས་ལྷུན་པོའི་གཟིམ་ཆུང་ཁག་གི་ནང་མཇལ་རྒྱུ་ཡོད་སྐད་གོ་ཐོས་ཙམ་ལས་དེང་སང་བཞུགས་ཡོད་མེད་མི་ཤེས།

པོ་ཏ་ལའི་ཕོ་བྲང་དམར་པོ་གསར་བཞེངས་སྐབས་བོད་ལུགས་ལྷ་སྐུ་མང་པོ་ཞིག་སྔ་རབས་ཀྱི་བཟོ་རྩལ་ལེགས་གྲས་ལ་དཔེ་བལྟས་ནས་བཞེངས་པ་དང༌། དེ་ཡང་ལུགས་སུ་བླུགས་ནས་བཞེངས་ན་མ་དཔེ་དང་ཁྱད་མེད་ཡོང་ཐུབ་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཐོག་མར་འཇིམ་པ་དང་བྱེ་མ་བསྲེས་པའི་འདྲ་དཔེ་ཞིག་བཟོས་ཐོག་གཞི་ནས་ལུགས་དཔར་བཟོ་དགོས་པ་དང༌། ལུགས་དཔར་དེའི་ནང་རྒྱུ་ཆ་བླུགས་ནས་ལུགས་བརྒྱབ་ན་མ་དཔེ་ངོ་མ་དང་ཁྱད་མེད་པ་ཡོང་ཐུབ་ཀྱི་ཡོད་པ་བཅས་སོ༑༑   །།

བརྒྱུད་སྐུལ།

མཆན་སྤེལ།