ཙ) བོད་ཀྱི་ཚགས་བཟོའི་ལག་རྩལ།

ཙ) བོད་ཀྱི་ཚགས་བཟོའི་ལག་རྩལ།

གསེར་དངུལ་ཟངས་ལྕགས་སོགས་ལས་བཟོས་པའི་དངོས་རིགས་ལ་མཛེས་བྱེད་རྒྱས་སྤྲོས་སུ་ཚགས་རིས་རྒྱག་པའི་ལུགས་སྲོལ་ཡོད་པ་དང་དེའི་ལག་རྩལ་མི་སྣ་ལ་ཚགས་པ་ཞེས་ཟེར། ཚགས་རྒྱག་སྟངས་ལ་ནང་གསེས་འཇམ་ཚགས་དང༌། འབུར་ཚགས། གཏིར་ཚགས་བཅས་མི་འདྲ་བ་གསུམ་ཡོད། ༡༽ འཇམ་ཚགས་ནི་གཞི་འཇམ་སང་གི་སྟེང་དུ་རི་མོ་འབུར་ཐོན་མ་བྱས་པར་ཚགས་བརྒྱབ་པ་ལ་ཟེར་ཞིང༌། ༢༽ འབུར་ཚགས་ནི། རི་མོ་མང་ཆེ་བ་འཇམ་ཚགས་ཡིན་ཀྱང་གལ་ཆེ་བའི་རི་མོ་རྣམས་འབུར་དུ་ཐོན་པར་བྱས་པ་གཅིག་དང༌། རི་མོ་ཡོངས་རྫོགས་འབུར་ཐོན་བྱས་པ་གཉིས་ཡོད།

༣༽ གཏིར་ཚགས་ནི། གཞི་ལྕགས་ཀྱི་སྟེང་དུ་ཐོག་མར་འཇམ་ཚགས་ཀྱིས་རི་མོ་གཏོད་རྗེས་དེའི་སྟེང་དུ་ལྕགས་ཟ་ཐུབ་པའི་རྫས་འགྱུར་གྱི་ཆུ་བླུགས་ན་རི་མོའི་ཤུལ་ཡོད་ཚད་ཀོང་ཀོང་ཆགས་འགྲོ་བ་དང༌། ཀོང་ཀོང་དེའི་ནང་དུ་དངུལ་ཆུ་དང་གསེར་བླུགས་ན་གསེར་ཚགས་དང་དངུལ་ཚགས་ཡོང་གི་ཡོད་པ་དེ་རེད།

ཕྱི་ལོའི་དུས་རབས་བཅུ་གཅིག་པའི་སྐབས་མངའ་རིས་གུ་གེའི་རྒྱལ་པོ་ལ་མཚོ་སྔོན་ཁུལ་ནས་ཕྱག་རྟགས་སུ་ཕུལ་བའི་ཁྲབ་དང༌། རྨོག་ཁག་གཅིག་ནི་ལྕགས་གཏིར་ཚགས་སྤུས་ལེགས་ཤ་སྟག་དང༌། དེ་རིགས་ཀྱི་རྟ་སྒ་དང༌། གྲི་ཤུབས་ཀྱང་མཐོང་རྒྱུ་ཡོད་སྐད་འདུག ལྕགས་ལ་གསེར་དང་དངུལ་གྱིས་གཏིར་ཚགས་རྒྱག་པའི་ལག་རྩལ་མཐོ་ཤོས་ཏེ་ཕོ་བྲང་པོ་ཏ་ལའི་ལྷ་ཁང་ཁག་གི་སྒོ་འབོར་དང༌། སྒོ་ཤན་ཁག་གཅིག་ནི་ལྕགས་གཏིར་ཚགས་མ་དང༌། ཁག་གཅིག་ནི་འབུར་ཚགས་དཀྲོལ་མ་ཕྱི་ནང་གཉིས་ལྡན་བྱས་པ་སྤུས་ལེགས་ཤ་སྟག་ཡོད་པ་དེ་རེད། སྐབས་དེར་ཚགས་པ་ལ་རིམ་པ་གསུམ་དུ་ཕྱེ་ནས་རིམ་པ་དང་པོ་དབུ་མཛད་དངོས་གྲུབ་མི་གཅིག་དང༌། རིམ་པ་གཉིས་པ་བྱིངས་གྲས་ལ་ར་སྒང་ནོར་བུ་སོགས་བརྒྱ་དང་ཉི་ཤུ་རྩ་བརྒྱད་ཡོད་པ་གསེར་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་གཟིངས་སུ་གསལ་ལོ།།   །།

ཕོ་བྲང་པོ་ཏ་ལའི་དཀར་ཆག་རྒྱས་པ་བོད་ཡུལ་རྒྱན་གཅིག་ལས་བཏུས།ཕོ་བྲང་པོ་ཏ་ལའི་དཀར་ཆག་རྒྱས་པ་བོད་ཡུལ་རྒྱན་གཅིག་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།