ཚ) བོད་ཀྱི་མཛེས་རིག་ལག་རྩལ།

ཚ) བོད་ཀྱི་མཛེས་རིག་ལག་རྩལ།

བོད་ཀྱི་རི་མོའི་ལག་རྩལ་ནི་ཕྱི་ལོའི་དུས་རབས་བདུན་པའི་གོང་ནས་དར་འཕེལ་བྱུང་ཡོད། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཆེན་པོར་དབང་སྒྱུར་གནང་སྐབས། ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གསར་བཞེངས་མཛད་པའི་ལྡེབས་རིས་དང༌། ཀ་གདུང་གི་ལྡེབས་སུ་གནའ་རབས་བོད་ཀྱི་རོ་སྒྲུང་གི་གཏམ་བརྒྱུད་དང༌། ཕོ་བྲང་པོ་ཏ་ལ་དང༌། གཙུག་ལག་ཁང་བཞེངས་མཛད་པའི་ལོ་རྒྱུས་སྐོར་རི་མོའི་ཐོག་བྲིས་ཡོད་པ་མ་ཟད། དེ་དག་གི་ཁྲོད་ནས་སྲོང་བཙན་སྒམ་པོའི་སྐབས་ཀྱི་ཕོ་བྲང་པོ་ཏ་ལའི་བཟོ་དབྱིབས་དང༌། སྐབས་དེའི་དམག་མིའི་ཆས་དང་རུ་དར་སོགས་རི་མོར་བྲིས་པ་རྣམས་གཙུག་ལག་ཁང་གི་ལྡེབས་རིས་ནང་དེང་སྐབས་ཀྱང་དངོས་སུ་མཇལ་རྒྱུ་ཡོད།

ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ལྷ་སྐུའི་རི་མོ་ཐོག་མ་ནི་བལ་བཟའ་ཁྲི་བཙུན་བཙུན་མོར་ཕེབས་སྐབས་བལ་པོའི་ལྷ་བཟོ་བ་དང༌། ལྷ་བྲིས་པ་ཁག་གཅིག་བོད་དུ་ཁྲིད་ཡོང་བ་དེ་དག་གི་དྲུང་ནས་སློབ་སྦྱོང་བྱས་ཤིང༌། རི་མོ་དེའི་ལག་རྒྱུན་ལ་བལ་རིས་ཞེས་བརྗོད་པ་དང༌། ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་དང་རྗེ་ཙོང་ཁ་པའི་སྐུ་དུས་ནས་བཟུང་བོད་ཀྱི་རི་མོ་མཁས་པ་རྣམས་ནས་རྒྱ་རིགས་ཀྱི་རི་མོ་འབྲི་སྟངས་དང་ཚོན་གཏོང་སྟངས་ལ་སློབ་སྦྱོང་བྱེད་འགོ་ཚུགས་པ་དང༌། བོད་ཀྱི་རི་མོའི་ལག་རྩལ་ལ་ཡང་ཡར་རྒྱས་གསར་པ་བྱུང་བའི་འགོ་ཚུགས་པ་སྟེ། དཔེར་ན༑ ཙོང་ཁ་པ་ཆེན་པོ་ཞི་བར་གཤེགས་རྗེས་སུ་བྱུང་བའི་ལྷོ་བྲག་གི་སྨན་བླ་དོན་གྲུབ་ཞུ་བས་ཐོག་མར་རྡོ་པ་བཀྲ་ཤིས་རྒྱལ་པོའི་སར་བལ་པོའི་རི་མོ་འབྲི་སྟངས་སློབ་སྦྱོང་གནང་ཞིང༌། རྗེས་སུ་མཚུར་ཕུ་དགོན་པའི་ནང་ནས་མིང་རྒྱལ་རབས་སྐབས་འཐག་པའི་སི་ཐང་མཐོང་ནས་རྒྱ་རིགས་ཀྱི་རི་མོ་འབྲི་སྟངས་སློབ་སྦྱོང་གནང་ཐོག་བོད་ཀྱི་རི་མོའི་ལག་རྒྱུན་དང་རྒྱ་རིགས་ཀྱི་གནའ་རབས་རི་མོ་འབྲི་སྟངས་ཟུང་འབྲེལ་བྱས་པའི་རི་མོ་འབྲི་སྟངས་གསར་པ་ཞིག་བྱུང་བ་དེར་བོད་ཀྱི་ལོ་རྒྱུས་ཐོག་སྨན་ལུགས་ཞེས་གྲགས།

ཡང་གཙང་གི་གོང་དཀར་སྒང་སྟོད་དུ་འཁྲུངས་པའི་རི་མོ་མཁས་པ་མཁྱེན་བརྩེ་ཞུ་བས་རི་མོ་འབྲི་སྟངས་སྨན་ལུགས་དང༌། མི་འདྲ་བ་ཞིག་གསར་གཏོད་གནང་བ་དེར་བོད་ཀྱི་ལོ་རྒྱུས་ཐོག་མཁྱེན་ལུགས་ཞེས་བརྗོད། ཡང་༸རྒྱལ་མཆོག་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་སྐུ་དུས་སུ་དྭགས་པོ་ཁུལ་དུ་འཁྲུངས་པའི་བྱིའུ་ལྷ་བཟོ་ཞེས་སྤྲུལ་པའི་རི་མོ་བ་ཡིན་པར་གྲགས་པ་དེ་ཉིད་སྐུ་ན་ཆུང་དུས་ནས་རི་མོ་ལ་ཐུགས་སྣང་ཆེ་ཞིང༌། སྐབས་དེར་བོད་དུ་སྐད་གྲགས་ཅན་གྱི་རི་མོ་མཁས་པ་ཡོད་ཚད་ཀྱི་དྲུང་ནས་རི་མོ་འབྲི་སྟངས་དང་ཚོན་གཏོང་སྟངས་སློབ་སྦྱོང་གནང་སྟེ་བོད་ཀྱི་རི་མོ་མཁས་པའི་ལག་རྩལ་ལེགས་གྲས་གཅིག་བསྡུས་བྱས་པའི་རི་མོ་འབྲི་སྟངས་གསར་པ་ཞིག་གསར་གཏོད་གནང་བ་དེར་བྱིའུ་རིས་ཞེས་གྲགས། དེ་དག་ནི་ལག་རྩལ་ཧ་ཅང་ལེགས་པའི་གྲས་ཤིག་རེད།

༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་དུས་སུ་ཕོ་བྲང་དཀར་པོ་དང་དམར་པོ་གསར་བཞེངས་གནང་སྐབས་བོད་ཀྱི་རི་མོ་མཁས་པ་ཡོད་ཚད་བསྐོངས་ནས་པོ་ཏ་ལར་རི་མོ་འབྲི་བཅུག་པ་དང༌། སྐབས་དེར་སྐད་གྲགས་ཆེ་བའི་བོད་ཀྱི་རི་མོ་མཁས་ཤོས་གཙང་པ་དབུ་ཆེན་ཆོས་དབྱིངས་རྒྱ་མཚོ་དང༌། ལྷོ་བྲག་སྨན་ཐང་པ་བསྟན་འཛིན་ནོར་བུ་གཉིས་ཡིན་ཅིང༌། དབུ་ཆེན་ཆོས་དབྱིངས་རྒྱ་མཚོས་པོ་ཏ་ལའི་ཕོ་བྲང་དཀར་པོའི་ལྡེབས་རིས་གལ་གནད་ཆེ་ཤོས་ཚང་མ་བྲིས་པ་དང༌། ལྷོ་བྲག་སྨན་ཐང་པ་བསྟན་འཛིན་ནོར་བུས་ཕོ་བྲང་དམར་པོའི་ནང་གི་ལྡེབས་རིས་གལ་ཆེ་བ་རྣམས་བྲིས་པ་དེང་སང་ཡང་མཇལ་རྒྱུ་ཡོད།

༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་དང་དུས་མཉམ་ཡིན་པའི་སྡེ་དགེ་ཀ་ཐོག་སི་ཏུ་པཌཎི་ཏ་ཆོས་ཀྱི་འབྱུང་གནས་སྐུ་ན་ཆུང་དུས་ནས་བོད་ཀྱི་རིག་གནས་དང༌། སྨན་རྩིས། རི་མོ་བཅས་ལ་ཐུགས་བརྩོན་ཆེན་པོས་སློབ་སྦྱོང་གནང་སྟེ་ཕྱག་དཔེ་ཡང་མང་དུ་བརྩམས་པ་མ་ཟད། རྒྱ་རིགས་ཀྱི་རི་མོ་འབྲི་སྟངས་ཀྱང་སློབ་སྦྱོང་བྱས་ཤིང༌། ལྷ་སྐུ་དང༌། མི། སྲོག་ཆགས་བཅས་འབྲི་སྟངས་བོད་ལུགས་གོང་གསལ་ཁག་གསུམ་གཞིར་བཟུང་ཐོག ཡུལ་ལྗོངས་དང༌། རི་བྲག ཤིང་དང་ཆུ། གནམ། རྩི་ཤིང༌། ཁང་པ་སོགས་འབྲི་སྟངས་དང༌། ཚོན་གཏོང་སྟངས་རྒྱ་རིགས་ཀྱི་རི་མོ་འབྲི་སྟངས་ལྟར་བྱས་ཏེ། སྟོན་པའི་མཛད་པ་བཅུ་གཉིས་དང༌། མི་ལ་རས་པའི་རྣམ་ཐར། གནས་བརྟན་བཅུ་དྲུག་བཅས་བྲིས་ནས་རི་མོ་དེ་གཞིར་བཟུང་ནས་ཤིང་པར་དུ་བརྐོས་པ་ད་ལྟའང་སྡེ་དགེ་པར་ཁང་དུ་ཡོད།

རི་མོའི་སྒྱུ་རྩལ་ནི་པོ་ཏ་ལའི་བཟོ་སྐྲུན་སྒྱུ་རྩལ་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ལ། གཙོ་བོ་ལྡེབས་རིས་དང༌། ཞལ་ཐང་རི་མོ། པར་རིས། ཤིང་ཚལ་རི་མོ། འཇིམ་བཟོ་བཅས་མདོར་ན་ཕོ་བྲང་པོ་ཏ་ལའི་ནང་ཁུལ་དུ་ཚོན་མ་བཏང་བའི་ས་གཅིག་ཀྱང་མེད་པས། གོང་གསལ་དེ་དག་གི་ཐོག་ནས་བོད་ཀྱི་རི་མོ་མཁས་པ་རྣམས་ནས་རང་ཉིད་ཀྱི་རི་མོའི་ལག་རྩལ་གྱི་ཁྱད་ཆོས་རྒྱུན་འཁྱོངས་གནང་ཐོག་བལ་པོའི་རི་མོ་དང༌། རྒྱ་རིགས་ཀྱི་རི་མོའི་ལག་རྩལ་སློབ་སྦྱོང་བྱས་པ་དེས་བོད་མི་རིགས་རང་ཉིད་ཀྱི་རི་མོའི་ལག་རྩལ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དང་ཕན་ཐོགས་ཆེན་པོ་བྱུང་བར་གསལ་བཤད་བྱས་ཡོད།

རང་རེའི་ལྗོངས་འདིར་གནའ་རབས་ནས་བཟུང་རང་རིགས་ཀྱི་ལག་ཤེས་བཟོ་རྩལ་གོང་འཕེལ་འགྲོ་བའི་གོ་རིམ་ནང་ཆེད་ལས་མཁས་པ་མང་པོ་ཐོན་ཏེ་དེ་དག་གིས་དུས་རབས་དྲུག་པའི་འགོ་ནས་བཟུང་ད་བར་རྒྱལ་པོའི་ཕོ་བྲང་དང༌། ལྷ་ཁང༌། དགོན་པ། གཙུག་ལག་ཁང༌། སྤྱི་པའི་སྡོད་ཁང༌། སྐྱེད་ཚལ། ཟམ་པ་སོགས་ཀྱི་འཛུགས་སྐྲུན་དང༌། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་ཆ་དང༌། ཆས་གོས། སྐུ་གསུང་ཐུགས་རྟེན་སོགས་བཟོ་སྐྲུན་ཐད་ནམ་ཡང་མི་ཐུབ་པའི་སྒྱུ་རྩལ་གྱི་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པ་མ་ཟད། མེས་པོ་རྣམས་ཀྱི་ཕུལ་དུ་བྱུང་བའི་ལག་རྩལ་ལ་བོད་ཀྱི་དུས་རབས་རིམ་པའི་སྲིད་གཞུང་གིས་མཐོང་ཆེན་གནང་སྟེ་གླ་ཕོགས་དང༌། འཛུགས་སྒང་གྲོལ་གསུམ་གྱི་སྟོན་མོ། བྱ་དགའི་རིམ་པ་ཡང་སྲིད་གཞུང་སྔོན་མ་ཚོ་ལས་རྗེས་མ་ཚོས་ཇེ་རྒྱས་ཇེ་འཕར་དུ་སྤྲད་པར་བརྟེན། ཁོང་ཚོའི་ལག་རྩལ་ཆུ་ཚད་ཀྱང་མི་རབས་སྔོན་མ་ལས་རྗེས་མ་མཐོ་རུ་སོང་སྟེ། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་སུ་སླེབས་སྐབས་ཕོ་བྲང་པོ་ཏ་ལ་གསར་བཟེངས་མཛད་དེ་རང་རིགས་ཀྱི་ཆེད་ལས་བཟོ་རྩལ་མི་སྣའི་བློ་གྲོས་དང་སྒྱུ་རྩལ་ཕུན་སུམ་ཚོགས་པའི་དཔལ་ཡོན་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུའི་དཔེ་མཚོན་འཛམ་གླིང་ཡོངས་སུ་ངོམ་རིན་ཆོག་པ་ཞིག་བྱུང་ཡོད་པ་བཅས་སོ།།    །།

 

ཕོ་བྲང་པོ་ཏ་ལའི་དཀར་ཆག་རྒྱས་པ་བོད་ཡུལ་རྒྱན་གཅིག་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།