ཛ) བོད་ཀྱི་ཨར་ཀའི་ལག་རྩལ

ཛ) བོད་ཀྱི་ཨར་ཀའི་ལག་རྩལ

འདིར་བོད་ཀྱི་ཨར་ལས་འཛུགས་སྐྲུན་གྱི་ཁོངས་སུ་གཏོགས་པའི་མཐིལ་ཞལ་ཨར་ཀའི་སྐོར་རགས་ཙམ་ཞུ་བ་ལ། ཨར་ཀ་ཞེས་པའི་རང་བྱུང་དངོས་རྫས་ཤིག་བེད་སྤྱོད་ཀྱིས་བོད་མི་རིགས་ཀྱི་ཨར་ལས་བཟོ་རྩལ་གྱི་ཁོངས་སུ་གལ་ཆེའི་གནས་བབས་བཟུང་ཡོད། དེ་ཡང་རང་བྱུང་ས་འོག་ནས་ཐོན་པའི་ཨར་ཀ་ཞེས་པའི་དངོས་རྫས་འདི་ཉིད་བོད་མི་རིགས་ཀྱིས་ཐོག་མར་རིག་རྩལ་ཞིབ་འཇུག་ཇི་ལྟར་བྱས་ཏེ་གསར་དུ་རྙེད་མིན་དང༌། དུས་ནམ་ཞིག་བཀོལ་སྤྱོད་བྱས་པ། དེ་བཞིན་ཨར་ཀ་བཀོལ་སྤྱོད་བྱས་པའི་ལག་རྩལ་གྱི་ཉམས་མྱོང་གི་བརྒྱུད་རིམ་ཇི་ལྟར་གྲུབ་མིན་སོགས་ཀྱི་སྐོར་ལོ་རྒྱུས་དེབ་ཐེར་ཁག་གི་ཁྲོད་ནས་གཏན་ནས་རྙེད་སོན་མ་བྱུང་ཞིང༌། དམངས་ཁྲོད་དུ་གྲགས་པའི་གཏམ་སོགས་ཡོངས་གྲགས་ཤོད་རྒྱུན་ལྟར་ན། དམངས་ཁྲོད་ཀྱི་གཞས་ཚིག་གཅིག་ཏུ།

ཨར་ཀ་ས་ནི་མ་རེད། །ཨར་ཀ་རྡོ་ནི་མ་རེད། །

ཨར་ཀ་ས་མིན་རྡོ་མིན། །གཟིམ་ཆུང་འོད་ཀྱིས་ཁེངས་སོང༌། །

         ཞེས་གསལ་བའི་གཞས་ཚིག་ལྟར་ན། ཨར་ཀ་ནི་ས་རྡོ་གཉིས་སུ་མ་གཏོགས་པའི་ཨར་སྐྲུན་གྱི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་རྟོགས་ཐུབ། དེར་བརྟེན་བོད་མི་རིགས་ཀྱི་ཨར་ཀ་བཀོལ་སྤྱོད་བྱེད་འགོ་དུས་ནམ་ཞིག་བཙུགས་མིན་སོགས་ནི་མུན་ནག་འདོམ་འཇལ་གྱི་དཔེ་ལྟར་བསམ་བརྗོད་ལས་འདས་ཀྱང་ཚོད་དཔག་གིས་དཔེ་མཚོན་ལྟ་བུ་ཞུས་ན། དུས་རབས་བཅུ་བདུན་པའི་ནང་སྡེ་སྲིད་ཀྱི་ཐོག་མ་ྋམི་དབང་བསོད་ནམས་ཆོས་འཕེལ་གྱིས་ཕོ་བྲང་དཀར་པོ་གསར་བཞེངས་རྒྱ་བསྐྱེད་གནང་སྐབས་ཨར་ཞལ་གྱི་བཟོ་རྩལ་ཡང་རྩེར་སོན་ཡོད་པ་འགྲེལ་བརྗོད་ཞིབ་ཕྲ་མི་དགོས་པར་ས་ཡུལ་དངོས་ལ་གཟིགས་ན། མངོན་སུམ་གཟུགས་གྲུབ་ཀྱི་དན་རྟགས་དག་ལས་དེའི་སྔ་རོལ་ནས་བོད་ཡོངས་སུ་དར་ཁྱབ་དང༌། བཟོ་རྩལ་ལ་སྦྱངས་པ་ཐོན་པའི་བཟོ་ལས་གྲས་ཤིག་ཡིན་པ་ཡིད་གཉིས་ཐེ་ཚོམ་མེད་པ་ཞིག་ཡིན།

དེ་ལྟའི་ཨར་ལས་འཛུགས་སྐྲུན་གྱི་རྒྱུ་ཆ་བོད་ས་གང་དག་ནས་ཐོན་པ་དང༌། ཨར་ལས་བཟོ་སྐྲུན་སྐབས་ཀྱི་བཟོ་རྩལ་ལམ། ལག་རྩལ་གྱི་རྒྱུད་རིམ་གཉིས་སུ་ཕྱེ་ནས་ཞུ་བ་ལ། དེ་ཡང༌། དང་པོ། ཨར་ཀ་ཞེས་པའི་དངོས་རྫས་འདི་ཉིད་བོད་ས་ཁྱོན་ཡོངས་ལ་ཡོད་པར་སེམས་ལ། ཡུལ་ལུང་ཕལ་མོ་ཆེའི་ནང་རང་རང་སོ་སོའི་ས་གནས་ནས་ཨར་ཀ་བཙལ་རྙེད་ཐུབ་ཡོད་པ་སྟེ། ཡུལ་ལུང་དེ་དང་དེའི་ནང་ཨར་ལས་བཟོ་སྐྲུན་གཞི་རྒྱ་ཆེ་ཆུང་གང་ཞིག་བྱས་ཀྱང་ཨར་ཀ་ཡུལ་དེ་རང་ནས་བཙལ་རྙེད་ཐུབ་པ་ལས། ཡུལ་ལུང་གཞན་ནས་དབོར་འདྲེན་བྱེད་དགོས་པའི་གནས་སྟངས་ཕལ་ཆེར་བྱུང་མྱོང་མེད།

ཡང་ཆོས་ལུགས་དང་འབྲེལ་བའི་ཐོག་ནས་བརྗོད་ནའང༌། ཨར་ཀ་ནི་ཀླུའི་དངོས་རྫས་ཤིག་ཡིན་པས། བསྔོག་འདོན་མ་བྱས་གོང་ཐོག་མར་ཀླུ་གཏོར་ཀླུ་བསངས་སོགས་ས་བདག་ཀླུ་ལ་སྤྲེལ་ལད་ཁྲབ་དགོས་པའི་རྒྱུན་སྲོལ་ཞིག་ཀྱང་ཡོད་ལ། བོད་ས་ཕལ་མོ་ཆེར་ཡོད་པ་ངོས་འཛིན་བྱེད་ཐུབ་པ་ལྟ་བུ་ཡོད།

གཉིས་པ། དེ་ལྟའི་ཐོན་རྫས་དེས་ཨར་སྐྲུན་གྱི་ཁོངས་སུ་གཙོ་གནད་ཀྱི་ནུས་པ་གང་ཞིག་ཐོན་གྱི་ཡོད་ཅེ་ན། གལ་གནད་ཆེ་ཤོས་ནི་སྟེང་ཐོག་ཏུ་ཆར་ཆུའི་གནོད་སྐྱོན་ལས་སྐྱོབ་ཐུབ་པ་དང༌། ཁང་པའི་ནང་དུ་མཐིལ་ཞལ་འཁོད་སྙོམས་འཇམ་ལེགས་སུ་བསྐྲུན་པ་སོགས་བྱེད་ལས་ཤིན་ཏུ་མང༌། དེ་ཡང་ལག་རྩལ་གྱི་རྒྱུད་རིམ་ངེས་གཏན་ཞིག་དགོས་ཤིང༌། དེའི་རྒྱུད་རིམ་རགས་ཙམ་ཞུས་ན། ཐོག་མར་ས་འོག་ནས་ཐོན་རྗེས་དེར་འབྱར་བའི་ས་དམར་སོགས་ས་གཞན་རྣམས་བརྡབ་གསིག་བྱས་ཏེ་གཙང་མ་བཟོ་དགོས་པ་ལས་ས་གཞན་དང་འདྲེས་ན་སྤུས་ཚད་ཉམས་ཏེ་འགན་ལེན་མི་ཐུབ་པར་འགྱུར་ཉེན་ཆེ་ལ། གཙང་བཟོ་ཟིན་རྗེས་ཨར་ཀ་གཅོག་ཡུལ་གྱི་རྒྱ་ཁྱོན་ལ་གཞིགས་པའི་རྡོག་པོ་ཆེ་ཆུང་སྣ་ཚོགས་བཟོ་དགོས་པ་དང༌། སྤྱིར་བཏང་ཀ་བ་བཞི་ཙམ་གྱི་རྒྱ་ཁྱོན་ཡིན་ན། ཨར་ཀ་སྟར་ཀའི་ཆེ་ཚད་ལྟ་བུའི་རྡོག་པོ་བཟོ་དགོས་པ་དང༌། གཞི་ཁྱོན་དེ་ཙམ་ཆེན་པོ་མེད་ཚེ་ཁམ་བུའམ་ཁམ་ཙིག་ཙམ་གྱི་རྡོག་པོ་ཆུང་ཆུང་བཟོ་དགོས། དཔེར་ན། གཞི་རྒྱ་ཤིན་ཏུ་ཆེ་བའི་ཕོ་བྲང་པོ་ཏ་ལའི་བདེ་ཡངས་ཤར་ལྟ་བུ་ཡིན་ཚེ་ཐོག་མར་ཨར་ཀ་ཡང་ཀུ་ཤུའི་ཆེ་ཚད་ཙམ་བསྒྲིགས་པ་རེད་ཅེས་ཤོད་སྲོལ་ཡོད།

སྤྱིར་བཏང་ཨར་ཀ་རྫོག་སྐབས་བཟོ་དབྱིབས་ལ་ངེས་གཏན་མེད་ཅིང༌། རྡོག་པོ་ཆུང་ཆུང་བཟོ་བའི་གོ་ས་ནས་ཐོན་པའི་ཞིབ་ཞིབ་རྣམས་ཚག་བརྒྱབ་ནས་ཨར་ཞིབ་ཅེས་ཟུར་དུ་གཅེས་ཉར་བྱེད་པ་དང༌། དེ་བཞིན་ཅུང་ཧྲོབ་པ་ནས་འབྲུའི་ཆེ་ཆུང་ཙམ་ཡོད་པ་དེ་དག་ཚག་བརྒྱབ་སྟེ་ནས་འདྲ་མ་ཞེས་གཅེས་ཉར་བྱེད་ཅིང༌། དེ་ལས་ཀྱང་ཧྲོབ་ཙམ་རྒྱ་སྲན་རློན་པའི་ཆེ་ཆུང་སོགས་བཟོ་དབྱིབས་ཆེ་ཆུང་དེ་ལྟར་དུ་དབྱེ་སྟེ་ནས་ཧྲོབ་ཅེས་ཟུར་དུ་གཅེས་ཉར་བྱས་ཤིང༌། དེ་ནས་སྟར་ཀ་ལས་མི་ཆེ་ཞིང་ཁམ་སྐམ་ལས་མི་ཆུང་བའི་རིགས་ལ་ཨར་ཧྲོབ་ཅེས་མིང་བཏགས་ནས་གཞི་རྟེན་ལྟ་བུ་མང་ཤོས་དེ་ཉིད་ཡིན།

དེ་ནས་ལས་ཡུལ་དངོས་སུ་སླེབས་སྐབས་ཞལ་དཔོན་ནམ་དགེ་རྒན་ནས་འགན་འཁུར་ཏེ་ཨར་ཀ་གཅོག་ཡུལ་གྱི་ཁང་པའམ་ཐོག་སྟེང་གང་ཡིན་གྱི་རྒྱ་ཁྱོན་ཇི་ཡོད་ལྟར་ཨར་ཧྲོབ་གཅལ་འགྲེམས་ཀྱིས་སྲབ་མཐུག་དང༌། ངོས་སྙོམས་བྱ་རྒྱུ་སོགས་འགན་ལེན་དང་བཅས་བཀྲམས་ཟིན་རྗེས་ལས་མི་ཡོངས་ནས་གོམ་བགྲོད་ཟབ་ནན་གྱིས་ཨར་ཀ་གཅོག་བྱེད་བོག་རྡོ་རྡོ་ལེབ་དཀྱིལ་དུ་བུ་ག་ཡོད་པ་ཤིང་ལྕང་མ་གཞོན་ནུའི་ཡུ་བ་ཅན་དེ་རིགས་རེ་འཁྱེར་ནས་ག་ལེར་རྡུང་དགོས་པ་ཡིན། དེ་ཡང་དང་པོ་ཨར་ཧྲོབ་རྡུང་སྐབས་ཀྱི་བོག་རྡོའི་ལྗིད་ཚད་ལ་རྒྱ་ཕྱེད་ལྷག་ཙམ་ལས་མེད། གང་ལགས་ཤེ་ན། ཨར་ཧྲོབ་རྡུང་སྐབས་ཧ་ཅང་ཡིད་གཟབ་ཀྱིས་ག་ལེར་བྱེད་པ་ལས། ཧོལ་རྒྱུག་དང་སྣང་མེད་གཏན་ནས་བྱེད་ས་མེད་པ་མ་ཟད། དེ་བས་ཤུགས་རྒྱག་ས་མེད། ཞལ་དཔོན་གྱིས་དུས་བསྟུན་ཆུ་འཇམ་པོ་གཏོར་བ་ལས་ཧོལ་རྒྱུག་བྱེད་ས་མེད། འདི་ལྟར་ཆུ་ཚོད་ ༢༤ ཙམ་རིང་ཧ་ཅང་གཟབ་ནན་བྱེད་དགོས། དེ་རྗེས་བབ་བསྟུན་གྱིས་ཆུ་མང་ཉུང་དང༌། ཤུགས་ཚད་ཆེ་ཆུང་སོགས་འགན་འཁུར་བས་བཀོད་ཁྱབ་ནན་པོ་གནང་བ་ལྟར་དོ་ནན་བྱེད་དགོས། སྤུས་ལེགས་ཡོང་ཐབས་བྱེད་འཆར་ཡོད་ན་ཆུ་ཚོད་ ༣༦ ཙམ་སྐམ་རྡུང་བྱས་རྗེས་ཞལ་དཔོན་ནས་ཧྲོབ་ཅེས་པ་ཆེ་ཚད་རྒྱ་སྲན་རློན་པ་ཙམ་ཡོད་པ་དེ་རིགས་གཏོར་འགྲེམས་གྱིས་ཁོད་སྙོམས་བཟོས་ཏེ་མུ་མཐུད་རྡུང་དགོས། འདི་སྐབས་བོག་རྡོའི་ལྗིད་ཚད་རྒྱ་མ་གང་ལས་མི་ཆུང་བ་དགོས་ལ། རྡུང་ཤུགས་ཀྱང་ཇེ་ཆེར་བཏང་ནས་གཅག་དགོས། འདི་ལྟར་ཆུ་ཚོད་ ༡༦ ཙམ་སོང་མཚམས་ཞལ་དཔོན་གྱིས་མཚམས་ཚོད་བྱས་ཏེ་ནས་འདྲ་མ་ཞེས་པ་བཀྲམས་ནས་ཆུ་རྒྱག་བཞིན་ཆུ་ཚོད་ ༨ ཙམ་སོང་མཚམས་གཉག་ཤོ་བསླངས་བ་ཞེས་ལས་མི་རྣམས་ཀྱིས་ལག་ཏུ་ཡོད་པའི་བོག་རྡོ་ལྗིད་ཚད་རྒྱ་མ་གང་དང་ཕྱེད་ཙམ་ཅན་རེ་འཁྱེར་ཏེ་ལུས་ཤུགས་ཡོད་ཚད་བཏོན་ནས་རྡུང་དགོས། དེ་ཉིན་ལྟོ་ཚོད་རྒྱག་ཚད་ཟ་བ་དང༌། སྦྱིན་བདག་གིས་ཇ་ཆང་འདྲེན་པ་སོགས་བྱེད་ཅིང༌། ལས་གཞས་ཀྱང་ཧ་ཅང་སྙན་པོ་དང་ངར་པོ་གཏོང་སྲོལ་ཡོད། དེ་ཉིན་ཤོག་འཐེན་བྱས་ནས་ཆུ་ཚོད་ ༨ ཙམ་རིང་དཀའ་ལས་རྒྱག་དགོས་པ་མ་ཟད། མཇུག་ཏུ་དཔལ་ལྡན་ཞབས་སྐོར་ཞེས་ལས་མི་ཚང་མ་བང་བསྒྲིགས་ཀྱིས་མཐའ་སྐོར་རྩིག་མཚམས་ལ་རྡུང་བཞིན་གཞས་ཚིག་ཀྱང་ཧ་ཅང་སྙན་པོ་གཏོང་སྲོལ་ཡོད།

འདི་སྐབས་ཆུ་རྒྱག་པ་དང༌། འདམ་བག་ལང་བ། དེ་དག་སྐམ་པ་སོགས་རིམ་བཞིན་ཐེངས་ཁ་ཤས་བྱེད་ཅིང༌། ཕྱི་ཉིན་ཞལ་དཔོན་ནས་ཆུ་ཡི་ཆག་ཆག་བྱེད་བཞིན་ཨར་ཞིབ་གཏོར་ནས་འབར་འབུར་དང༌། ཀོང་ཀོང་ཡོད་རིགས་ཁོད་སྙོམས་ཟིན་རྗེས་མུ་མཐུད་ཆུ་ཚོད་ ༨ ཙམ་རྡུང་དགོས། དེ་ནས་ཆུ་མཚམས་བཞག་སྟེ་སྐམ་རྡུང་ཆུ་ཚོད་ཁ་ཤས་བརྒྱབ་རྗེས་ལས་མི་རྣམས་ཀྱིས་དབུར་རྡོ་ཞེས་ངོས་འཇམ་པའི་རྡོ་དཀར་གོང་སྦར་མོའི་ནང་ཆུད་ཙམ་རེ་བཟུང་ནས་སྐབས་དེར་རྒྱ་ཁྱོན་གྱི་ས་ཆ་རང་ཉིད་ཀྱི་པང་གདན་ལ་ཚད་བཟུང་སྟེ་དབུར་རྡོ་འཁྱེར་ནས་དབུར་རྒྱག་དགོས་ལ། སྐབས་འདིའི་ལས་འགན་གཙོ་བོ་ནི་ཨར་ཀར་འཇམ་ཤ་འདོན་རྒྱུ་དེ་ཡིན། དེ་སྐབས་དབུར་རྡོའི་ལྡེབས་ལ་འདམ་བག་འབྱར་ཡོང་བ་དེ་ལ་ཨར་སྐྱག་ཅེས་བརྗོད་ཅིང༌། ཨར་སྐྱག་མང་ཉུང་གི་དབང་ལས་དབུར་མཁས་མིན་ལའང་ཁྱད་པར་ཆེན་པོ་ཡོད་ལ། ཨར་སྐྱག་ལ་བརྟགས་ནས་ཨར་ཀར་ས་འདྲེས་ཡོད་མེད་ཀྱང་རྟོགས་པར་བྱེད་ཀྱི་ཡོད་འདུག

ཨར་ཀ་བཟོ་སྐྲུན་གྱི་གོ་རིམ་འདི་དག་ལ་ཉམས་ཞིབ་བྱས་ཚེ་གལ་འགངས་ཆེ་ཤོས་ནི་ཐོག་མའི་ཧྲོབ་རྡུང་དེ་ཡིན་འདུག་ལ། བཤད་སྲོལ་ལའང་སྐམ་རྡུང་བྱེད་སྐབས་ཆེ་མ་དྲགས་པ་དང༌། གཉག་ཤོ་བསླངས་སྐབས་ཆུང་མ་དྲགས་ཞེས་བརྗོད་སྲོལ་ཡོད་པར་གཞིགས་ན། ལས་ཡུལ་དངོས་ལ་མཐོང་ཆོས་སུ་སྐམ་རྡུང་སྐབས་ཀྱི་བོག་རྡོ་ཆེ་ཆུང་དེ་དག་མཐོང་ཚེ་ངེས་ཤེས་བརྙེད་ཅིང༌། གཞི་རྩའི་གནད་འགག་རྣམས་ཀྱང་རྟོགས་པར་གྱུར་རོ། །དཔེར་ན། ཨར་ཀའི་གོ་རིམ་ནས་བསམས་ན་ཨར་ཧྲོབ་བརྡུངས་བའི་མཐའ་འབྲས་སུ་འབར་འབུར་དང་ཀོང་ཀོང་ཡོང་རྒྱུར་དེ་དག་བསྐང་ཆེད་ཧྲོབ་ཅེས་པ་དེ་དང༌། ཡང་དེའི་མཐའ་འབྲས་བསྐང་ཆེད་ཨར་ཞིབ་དང་ནས་འདྲ་མ་བཅས་ཀྱི་བྱེད་ལས་རིམ་པར་ཡོད་པ་བཞིན་ལགས།

མདོར་ན་ཨར་བཅག་དུམ་བུ་རེར་ཉིན་གྲངས་བདུན་ཙམ་མ་མཐའ་དུས་འགོར་ཡོང་བ་དང༌། དེ་རྣམས་ཡོངས་སུ་ལེགས་གྲུབ་ཟིན་རྗེས་ཡོམ་ཤིང་གི་པགས་པ་ཧྲོབ་ཙམ་སྐམ་རྡུང་བྱས་ཏེ་ཁྲོ་ཟངས་སོགས་སུ་བསྐོལ་ནས་ཁུ་བ་གར་མ་བཟོས་པ་ལ་བཙག་ཏོག་ཙམ་རྒྱག་སྲོལ་ཡོད་པ་ཡོམ་ཤིང་གི་པགས་པ་དང་མཉམ་དུ་ཐེངས་གཉིས་གསུམ་བྱུག་དགོས་ཤིང༌། དེ་རྗེས་སྐམ་ཐག་ཆོད་པ་དང༌། བོད་སྣུམ་ནང་སྤོས་དཀར་བླུགས་ནས་ལེགས་པར་བསྐོལ་ཏེ་བྱུག་དགོས་པ་བཅས་མཐའ་འབྲས་དེ་དག་ལ་བརྟེན་ནས་སྟེང་ཐོག་ཡིན་ན་ཆར་ཆུ་དང་ཆུ་ཐིགས་སོགས་ཀྱི་ཉེན་ཁ་མེད་པ་དང༌། ཁང་པའི་ནང་ངོས་ཡིན་ན་འཇམ་ཞིང་འོད་འཚེར་བ་ཧ་ཅང་ཡག་པོ་ཡོད།

ཨར་ཀ་གཅེས་སྤྲས་བྱེད་ཐབས་ནི། ཐོག་སྟེང་ཡིན་ན་རྒྱུན་དུ་ཆུ་དང༌། ཚྭ། ཞག་རྩི་སོགས་ལ་དོ་སྣང་བྱས་ཏེ་ཆུ་དང་འབྲེལ་བ་གང་ཉུང་བྱེད་དགོས་ལ། ལྷག་པར་དགུན་དུས་སུ་གངས་ཁྱག་གི་གནོད་པ་ཚབས་ཆེ་བས་དགུན་ཁ་ཁྱག་ཏུ་ཤོར་ན་དབྱར་ཀ་སོབ་སོབ་ཏུ་གྱུར་ཉེན་ཆེ་ལ། ཁང་པའི་ནང་ངོས་ལྟ་བུ་ཡིན་ན་གཅེས་སྤྲས་ལེགས་ཤོས་ནི་དུས་ངེས་མེད་དུ་རྡོག་ཕྱིས་རྒྱག་རྒྱུ་དེ་ཡིན་ལ། ཇ་ཆང་དང་ཆུ་སོགས་བོར་ཚེ་འཕྲལ་དུ་ཕྱིས་དགོས་ཤིང༌། ཕྱིས་མ་ཐུབ་པར་ལུས་ན་འབར་འབུར་དུ་གྱུར་ཉེན་ཆེ།

གོང་ཞུས་ལྟར་ྋགོང་ས་ལྔ་པ་ཆེན་པོའི་སྐུ་དུས་སུ་ཕོ་བྲང་དཀར་པོ་ཐོག་མར་གསར་བཞེངས་གནང་སྐབས་ཨར་ལས་བཟོ་སྐྲུན་གྱི་བཟོ་རྩལ་ཕུན་སུམ་ཚོགས་པོ་ཡོད་ཁར། ཕོ་བྲང་གི་བཟོ་དབྱིབས་ཀྱང་གསང་སྔགས་དཀྱིལ་འཁོར་གྱི་གྲུབ་ཆའི་དབྱིབས་སུ་ཡོད་པ་སོགས་ཁྱད་ཡོན་བརྗོད་ཀྱིས་མི་ལང༌། སྐབས་སུ་བབས་པ་ཨར་ཞལ་བཟོ་སྐྲུན་གྱི་སྐོར་དཔེ་མཚོན་དང་སྦྲགས་ཞུས་ན༑ ཕོ་བྲང་གི་སྟེང་ཤོད་བར་གསུམ་ལ་ཨར་ཞལ་གྱི་ཕྱག་རྗེས་ནི་ཤིན་ཏུ་མང་ལ། སྤུས་ཚད་ཀྱང་ཧ་ཅང་ཚད་མཐོར་སོན་ཡོད། དཔེར་ན་གཟིམ་ཆུང་ཉི་འོད་བསོད་ནམས་ལེགས་འཁྱིལ་གྱི་མཐིལ་ཞལ་ལྟ་བུར་མཚོན་ན། ཕོ་བྲང་ནང་གི་མཐིལ་ཞལ་རྩེ་ཕུད་ཡིན་ཅིང༌། དངོས་སུ་མཇལ་སྐབས་སུའང་ངོས་སྙོམས་ལ་འཇམ་ཤ་དོད་པ། འོད་མདངས་འཚེར་བ། ཤེལ་ངོས་ལྟར་དངོས་སུ་གདོང་རིས་མི་མངོན་ཡང་འགུལ་བསྐྱོད་དང༌། འགུལ་བསྐྱོད་སྐབས་ཡན་ལག་ཚང་མ་མངོན་ཐུབ་ལ། ཕོ་བྲང་གི་ཞབས་ཞུ་བ་རྒན་གྲས་རྣམས་ཀྱི་ཤོད་རྒྱུན་ལ། དེ་སྔ་ཕྱི་རྒྱལ་བ་ཨར་དམ་བཟོ་སྐྲུན་ཐོག་ཚན་རིག་མཁས་ཅན་ཞིག་ཆེད་མངགས་ཞིབ་འཇུག་ལྟ་སྐོར་དུ་འབྱོར་ཞིང༌། ཞིབ་འཇུག་པ་དེ་ཉིད་ལ་ཨར་ཀའི་རྒྱུ་ཆ་བསྟན་ནས་དེ་ཉིད་ཀྱིས་མཐིལ་ཞལ་བཟོ་ལུགས་ངོ་སྤྲོད་བྱེད་སྐབས། ཁོ་པས་ཁོང་བགོད་བཅས་མགོ་བོ་གཡུག་པ་ལས་ཁས་ལེན་མི་བྱེད་ལ། རྒྱལ་ཁབ་གཞན་ལ་འདི་རིགས་མི་སྲིད་ཅིང༌། བོད་ཁོ་ན་ཡིན་པས་བདག་གཅེས་ཡག་པོ་བྱེད་དགོས། ཁོ་པ་ཡིད་ཆེས་མ་སོང་ཡང་རྒྱུ་གཞན་གང་ཞིག་མཉམ་བསྲེས་བྱས་ཡོད་པ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་བརྗོད་དེ་ཁོ་པ་ཧང་བསངས་ཚུལ་བརྗོད་སྲོལ་འདུག་པ་བཅས་སོ།།   །།

ཕོ་བྲང་པོ་ཏ་ལའི་དཀར་ཆག་རྒྱས་པ་བོད་ཡུལ་རྒྱན་གཅིག་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།