ལྷ་ས་ས་ཁུལ་གྱི་རྫོང་བདུན་གྱི་གཞི་རྩའི་ངོ་སྤྲོད།

ལྷ་ས་ས་ཁུལ་གྱི་རྫོང་བདུན་གྱི་གཞི་རྩའི་ངོ་སྤྲོད།

རྫོང་བདུན་གྱི་ས་ཆའི་རྒྱ་ཁྱོན་དང༌། མི་འབོར། ས་བབ་ཆགས་ཚུལ། གྲོང་ཚོའི་གྲངས་སོགས་གཤམ་གསལ།།

 

 

  དང་པོ།  སྟག་རྩེ་རྫོང༌།

 

སྟག་རྩེ་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་ཤར་དང༌། འཕན་པོ་ལྷུན་གྲུབ་རྫོང་གི་ལྷོ། མལ་གྲོ་གུང་དཀར་རྫོང་གི་ནུབ། གྲ་ནང་རྫོང་གི་བྱང་བཅས་དང་ས་འབྲེལ་དུ་གནས་ཤིང༌། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༡༣༧༠ དང༌། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༦།༨ ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་ ༡༧ མི་འབོར་ཁྲི་ ༢།༣ ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༤༥༠༠ ཙམ་གྱི་ས་བབས་བཅས་ཡིན། རྫོང་འདིར། ༡ ཐ་གད་ཤང་དང༌། ༢ གཙང་ཏོག་ཤང༌། ༣ བདེ་ཆེན་ཤང༌། ༤ འབྲོམ་ཐོད་ཤང༌། ༥ ལོ་ཕུ་ཤང༌། ༦ ཆུམས་མདའ་ཤང༌། ༧ ཡེར་པ་ཤང༌། ༨ ཞོག་ཕུ་ཤང༌། ༩ གྱེ་རི་ཤང༌། ༡༠ ཞོག་མདའ་ཤང༌། ༡༡ ཐང་དཀར་ཤང༌། ༡༢ བྲག་དཀར་ཞོལ་ཤང༌། ༡༣ བསམ་གྲུབ་གླིང་ཤང་བཅས་དང༌། ༡ ལ་མོ་ཆུས། ༢ འབྲོམ་ཐོད་ཆུས། ༣ ཐང་དཀར་ཆུས། ༤ བདེ་ཆེན་ཆུས་སོགས་ཆུས་དང༌། ཤང༌། གྲོང་ཚོ་བཅས་མི་ཉུང་བ་ཞིག་ཡོད་པ་བཅས་སོ།།

 

གཉིས་པ།  མལ་གྲོ་གུང་དཀར་རྫོང༌།

 

མལ་གྲོ་གུང་དཀར་རྫོང་ནི་སྟག་རྩེ་རྫོང་གི་ཤར་དང༌། འཕན་པོ་ལྷུན་གྲུབ་རྫོང་གི་ཤར་ལྷོ། ནག་ཆུ་ལྷ་རི་རྫོང་གི་ལྷོ། ཀོང་པོ་རྒྱ་མདའ་རྫོང་གི་ནུབ། ལྷོ་ཁ་སྣེ་གདོང་རྫོང་དང་ཟངས་རི་རྫོང་གཉིས་ཀྱི་བྱང་དུ་གནས་ཡོད། ད་ལྟའི་མལ་གྲོ་གུང་དཀར་རྫོང་གནས་ཡུལ་ནི་སྔོན་གྱི་མལ་གྲོ་གུང་དཀར་རྫོང་དང་ཉེ་བར་ཆགས་ཡོད། རྫོང་དེའི་སྤྱི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༥༥༡༢ དང༌། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༨་༦༣ རྩྭ་ཐང་མུའུ་ཁྲི་ ༤་༩ གླིང་ཁ་མུའུ་ཁྲི་ ༤༢ ཞིང་འབྲོག་མང་ཚོགས་དུད་ཚང་ ༨༠༠༠ ལྷག་ཙམ་དང་མི་འབོར་ཁྲི་ ༤༠༠༠༠༼༣་༨༽ བཅས་དང༌། ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༤༠༠༠ ལྷག་ཙམ་གྱིས་མཐོ་བའི་ས་བབས་དང༌། ཞིང་ལས་གཙོ་གཉེར་གྱིས་འབྲོག་ལས་ཀྱང་གཉེར་བའི་ས་མ་འབྲོག་གི་རྫོང་ཞིག་ཡིན།

 

གསུམ་པ།  འཕན་པོ་ལྷུན་གྲུབ་རྫོང༌།

 

མ་བསྒྲུབ་ལྷུན་གྱིས་གྲུབ་པའི་དོན་དུ་གོ་ཞིང་སྔོན་མིང་ལྷུན་གྲུབ་རྫོང་གི་མིང་རང་སོར་བཞག་པ་དང༌། སྔོན་གྱི་ལྷུན་གྲུབ་རྫོང་ནི་ད་ལྟའི་རྫོང་གནས་ཡུལ་ནས་བྱང་ངོས་ཆག་ལའི་ཕྱོགས་སུ་སོང་ན་སྤྱི་ལེ་བཞི་ལྔ་ཙམ་གྱི་ས་ན་རྫོང་ཞོལ་ཞེས་པར་གནས་ཡོད། ད་ལྟའི་རྫོང་གནས་ཡུལ་ནི་ལྷ་ས་ནས་སྤྱི་ལེ་ ༦༥ ཙམ་སོང་ན་འཕན་པོ་དགའ་ལྡན་ཆོས་འཁོར་དུ་གནས་ཡོད། རྫོང་དེའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༤༥༡༧ དང༌། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༡༨ རྩྭ་ཐང་མུའུ་ ༣༧༡༨ ཤིང་ནགས་རྒྱ་ཁྱོན་མུའུ་ཁྲི་ ༡༣༢ མི་འབོར་ཁྲི་ ༥།༢ ལ་ཉེ་བ། ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༣༩༠༠ ཙམ་མཐོ་བའི་ས་བབས་ཅན་གྱི་ཞིང་ལས་གཙོ་བོར་བྱེད་ལ་ས་མ་འབྲོག་གི་རྫོང་ཞིག་ཡིན།

 

བཞི་པ། སྟོད་ལུང་བདེ་ཆེན་རྫོང༌།

 

སྟོད་ལུང་བདེ་ཆེན་རྫོང་ནི། སྔོན་མིང་རང་འཇགས་བཞག་པའི་རྫོང་ཞིག་ཡིན་པ་དང༌། སྟོད་ལུང་ཞེས་པ་ནི། སྟོད་ལུང་མ་ཆུ་སྟེ་སྐྱ་བ་ཆུ་ཟེར་བའི་ཆུ་གཞུང་གི་སྟོད་དུ་ཆགས་པའི་ལུང་པར་སྟོད་ལུང་ཞེས་ཟེར། དེའང་ཐོག་མར་ད་ལྟའི་མཚོ་སྨད་ཤང་ཁོངས་ཚལ་པོ་ཞེས་ཤིང་གླ་བའི་ཚལ་ཡོད་ས་ཞིག་ཏུ། སྟོད་ལུང་ཚལ་པོ་རྫོང་ཞེས་ཡོད་པ་ལ་དེ་རྗེས་བདེ་ཆེན་དགོན་སྟོངས་ཤུལ་དུ་རྫོང་དེ་སྤོས་པ་ནས་བཟུང་བདེ་ཆེན་རྫོང་ཞེས་པའི་མིང་ཐོགས། ད་ལྟའི་རྫོང་གནས་ཡུལ་ནི་གྲོང་ཁྱེར་ལྷ་ས་ནུབ་ངོས་སྤྱི་ལེ་ ༡༠ ཙམ་གྱི་སར་ནམ་མཁའ་དངོས་གཞི་ཞེས་པར་ཆགས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༢༦༨ དང༌། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༩།༦ མི་འབོར་ཁྲི་ ༣།༧ ས་དབྱིབས་ནི་ཤར་ན་དམའ་ཞིང་ནུབ་ངོས་མཐོ་བ་དང༌། རྒྱ་མཚོའི་ངོས་ལས་མཐོ་ཤོས་ལ་སྤྱི་ཁྲེ་ ༥༥༠༠ དང༌། དམའ་ཤོས་ལ་སྤྱི་ལེ་ ༣༦༤༠ ཙམ་བཅས་ཀྱི་ཞིང་ལས་གཙོ་གྱུར་གྱི་ས་མ་འབྲོག་གི་རྫོང་ཞིག་ཡིན།

 

ལྔ་པ། ཆུ་ཤུར་རྫོང༌།

            ཆུ་ཤུར་ཞེས་པ་ནི། ཆུ་བོའི་རྒྱུགས་ཤུལ་དུ་ཆགས་པའི་ཡུལ་ལ་ཆུ་ཤུར་ཞེས་སྔོན་མིང་རང་འཇགས་བཞག་པའི་རྫོང་ཞིག་ཡིན་པ་དང༌། ད་ལྟའི་རྫོང་ཆགས་ཡུལ་ནི་ཞོལ་གྲོང་ཚོ་ཞེས་པར་ཡིན། རྫོང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༡༦༢༤ དང༌། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༦།༦༧ དང༌། ནགས་ཚལ་མུའུ་ཁྲི་ ༡༩ རྩྭ་ཐང་མུའུ་ཁྲི་ ༡༦༠ མི་འབོར་ཁྲི་ ༢།༩ ས་བབས་དམའ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༣༥༠༠ དང༌། མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༥༨༩༤ ཙམ་གྱི་ས་བབས་ཅན་གྱི་ས་མ་འབྲོག་གི་རྫོང་ཞིག་ཡིན།

 

དྲུག་པ། སྙེ་མོ་རྫོང༌།

 

སྙེ་མོ་རྫོང་ནི། བོད་ཀྱི་ལྷོ་དབུས་སུ་གནས་པ་དང༌། ཡར་ལུང་གཙང་པོའི་ཆུ་བརྒྱུད་དཀྱིལ་གྱི་བྱང་ངོས་སུ་གནས། སྙེ་མོ་ཞེས་པ་ནི། ཡུལ་དེའི་སོ་ནམ་བྱེད་སྟངས་ལོགས་ཤིང་ལོ་ཐོག་གི་སྙེ་མའང་ཕོ་མོར་དབྱེར་ཏེ་ཕོ་ཞན་ཞིང་མོ་ལེགས་པར་རྩིས་ནས་སྙེ་མོ་ཞེས་པའི་མིང་དེ་ལྟར་བྱུང༌། ད་ལྟའི་རྫོང་ཆགས་ཡུལ་ནི་སྔོན་གྱི་སྙེ་མོ་རྫོང་ཤུལ་གྱི་ཤར་ངོས་དར་གྲོང་ཞེས་པར་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༣༢༧༥༼༣༢༣༧༽ དང༌། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་བཞི་སྟོང༌། ༼༤་༣༽ ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་ ༢༥་༦ རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་ཉི་ཤུ་རྩ་ལྔ་དང་སུམ་སྟོང༌། མི་འབོར་ཁྲི་ཉིས་ཁྲི་ལྔ་སྟོང་ ༼༢་༨༽ སྤྱིར་ཤར་ངོས་དམའ་ལ་ནུབ་ངོས་མཐོ་བའི་ས་བབས་དང༌། རི་བོ་མཐོ་ཤོས་ཇོ་མོ་གངས་དཀར་ནི་རྒྱ་མཚོའི་ལས་སྤྱི་ཁྲེ་ ༧༠༤༨ ཀྱི་མཐོ་བ་དང༌། ས་བབས་དམའ་ཤོས་ཡར་ཀླུངས་གཙང་འགྲམ་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་ ༣༧༠༠ཙམ་དང༌། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་ ༤༠༠༠ གིས་མཐོ་བའི་ཞིང་ལས་གཙོ་གྱུར་འབྲོག་ལས་ཀྱང་གཉེར་བའི་རྫོང་ཞིག་ཡིན་ལ། བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་སྤྱི་ལོ་ ༡༩༥༩ ལོར་དེ་གའི་མར་རྐྱང་རྫོང་དང༌། སྙེ་མོ་རྫོང་གཉིས་ཟླ་སྒྲིལ་ནས་ལྷ་ས་གྲོང་ཁྱེར་གྱི་ཐད་གཏོགས་སྙེ་མོ་རྫོང་བཙུགས་ཤིང༌། ཐད་གཏོགས་ཤང་བཅུ་གསུམ་དང༌། གྲོང་ཚོ་ཨུ་ཡོན་ལྷན་ཁང་བཞི་བཅུ་ཞེ་ལྔ་བཅས་ཡོད།

 

བདུན་པ། འདམ་གཞུང་རྫོང༌།

 

འདམ་གཞུང་རྫོང་ཞེས་པ་ནི། ན་འདམ་གྱི་གཤོངས་སམ་གཞུང་རྒྱ་ཆེན་པོ་ཞིག་ཡིན་སྟབས་འདམ་གཞུང་དང༌། ཡང་ས་དེ་སོག་པོས་བདམས་པའི་ལུང་གཞུང་ཞིག་ཡིན་སྟབས་འདམ་གཞུང་ཞེས་སོགས་བཤད་སྲོལ་མི་འདྲ། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༡༠༠༣༦ དང༌། བེད་སྤྱོད་ཆོག་པའི་རྩྭ་ར་མུའུ་ཁྲི་ ༡༠༥༠ མི་འབོར་ཁྲི་ ༣།༦ ས་བབས་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༧༢༠༠ དང༌། ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༤༢༠༠ མཐོ་བ། ས་ཁྱད་ནི་བྱང་ཤར་མཐོ་ལ། ལྷོ་ནུབ་དམའ་བ་བཅས་གཉན་ཆེན་ཐང་ལྷའི་རི་འདབས་དང༌། མཚོ་བོད་རླངས་འཁོར་འགྲོ་ལམ་གྱི་བརྒྱུད་དུ་ཆགས་པའི་འབྲོག་ལས་ཀྱི་རྫོང་ཞིག་ཡིན།

 

བརྒྱུད་སྐུལ།

མཆན་སྤེལ།