ཞོལ་གྱི་རྡོ་རིང་ཕྱི་ནང་གཉིས་ངོ་སྤྲོད་དང་། རྡོ་རིང་གི་མ་ཡིག (1)  

ཞོལ་གྱི་རྡོ་རིང་ཕྱི་ནང་གཉིས་ངོ་སྤྲོད་དང་། རྡོ་རིང་གི་མ་ཡིག (1)   

ཞོལ་རྡོ་རིང་ཕྱི་མ།

 

ཞོལ་རྡོ་རིང་ཕྱི་མ་ནི། གངས་ལྗོངས་ལྷ་ལྡན་ཕོ་བྲང་པོ་ཏཱ་ལའི་མདུན་ ༼དེང་ཐང་ཆེན་གཞུང་ལམ་གྱི་ལྷོ་ངོས་འགྲམ།༽ དུ་བཙུགས་ཤིང༌། རྡོ་རིང་དེའི་རིང་ཚད་ལ་སྤྱི་ཁྲེ་བདུན་སྐོར་དང༌། རྡོ་བརྩིགས་ཀྱི་རྭ་སྐོར། ཞབས་སྟེགས་རྡོ་བརྩིགས་བང་རིམ་གསུམ། རྩེར་མོར་རྡོའི་ཆར་ཁེབས་གྲུ་བཞི་བང་རིམ་ཏོག་དང་བཅས་པ་དེའི་བྱང་ངོས་སུ་ཡིག་ཕྲེང་དྲུག་ཅུ་རེ་བརྒྱད་དང༌། ཤར་ངོས་སུ་ཡིག་ཕྲེང་བཅུ་དྲུག ལྷོར་ཡིག་ཕྲེང་བདུན་ཅུ་དོན་བཞི་བཅས་ངོས་གསུམ་ལ་བོད་ཡིག་བཀོད་ཡོད་པ་ལས་ནུབ་ངོས་སྟོང་པ་ཡིན།
རྡོ་རིང་དེ་ནི་བོད་དུ་ད་བར་མཐོང་བའི་རྡོ་རིང་ནང་གི་སྔ་ཤོས་ཡིན་ཞིང༌། དེ་ཡང་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བློན་པོ་སྟག་སྒྲ་ཀླུ་ཁོང་གིས་སྤྱི་ལོ་ ༧༦༣ མཚམས་སུ་རྒྱ་བོད་འཁྲུགས་དུས་བོད་ཀྱི་དམག་དཔོན་བྱས་ནས་རྒྱའི་རྒྱལ་ས་ཁྲང་ཨན་བླངས་ནས་བོད་ཀྱི་སྲིད་དོན་གྱི་ཆེད་དུ་མཛད་རྗེས་ཆེན་པོ་འཇོག་གནང་མཛད་པས། སྐབས་དེའི་བོད་ཀྱི་རྒྱལ་བློན་འབངས་ཐམས་ཅད་ཀྱིས་བློན་པོ་སྟག་སྒྲ་ཀླུ་ཁོང་གི་མཛད་རྗེས་ལ་བསྟོད་རྒྱུ་དང་བློན་པོ་དེས་བོད་ཀྱི་སྲིད་དོན་དུ་བཞག་པའི་མཛད་རྗེས་དེ་མི་རབས་ནས་མི་རབས་བར་དུ་མི་བརྗེད་པ་ཡོང་ཆེད་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རང་ཉིད་ཀྱི་ནང་བློན་ཆེན་པོ་སྟག་སྒྲ་ཀླུ་ཁོང་གི་བྱས་རྗེས་ལ་གཟེངས་བསྟོད་དང༌། ཞལ་བཞེས་བཀའ་གཙིགས་གནང་དོན་རྡོ་རིང་ཐོག་བཀོད་པ་ཞིག་ཡིན། རྡོ་རིང་གི་ནང་དོན་ལ་བརྟགས་ན་བོད་ཀྱིས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་བླངས་པའི་ལོ་སྟེ། སྤྱི་ལོ་ ༧༦༣ ལོའི་མཇུག་གམ་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་ལ་བཙུགས་པ་ཞིག་ཡིན།

བོད་ཁམས་སུ་ཡོད་པའི་རྡོ་རིང་གི་ཡི་གེ་སྔ་ཤོས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བློན་པོ་སྟག་སྒྲ་ཀླུ་ཁོང་ལ་གནང་བའི་བཀའ་གཙིགས་ཡི་གེ་འདིས་གཤམ་གསལ་གྱི་དོན་གནད་ཁག་བཞི་གསལ་བཤད་བྱས་ཡོད་པ་སྟེ། ༡༽ བྱས་རྗེས་ཡོད་པའི་བློན་པོ་ལ་ས་ཞིང་དང༌། འབྲོག་ཐང༌། ཕྱུགས་རིགས། བྲན་གཡོག་བཅས་མི་རབས་ནས་མི་རབས་བར་བརྒྱུད་འཛིན་བྱས་ཆོག་པའི་བྱ་དགའ་སྤྲོད་པ་དང༌། རབས་ཆད་ན་མུ་མཐུད་ནས་གཉེན་འབྲེལ་གཞན་ལ་གནང་བ། ༢༽ བྱས་རྗེས་ཡོད་པའི་བློན་པོའི་མི་རྒྱུད་ཀྱི་ནང་ནས་བཙན་པོར་ངོ་ལོག་བྱེད་མི་བྱུང་ན་ཉེས་ཅན་དེ་རང་ལ་ཁྲིམས་གཅོད་བྱེད་པ་ལས་ཁྱིམ་ཚང་གི་བུ་ཚ་སྤུན་མཆེད་གཞན་ལ་ཞོར་འདྲུད་མི་བྱེད་པ། ༣༽ བློན་པོ་འབལ་ལྡོང་ཚབ་དང་ལང་མེས་གཟིགས་གཉིས་ཀྱིས་བཙན་པོ་ཁྲི་ལྡེ་གཙུག་བཙན་སྐུ་བཀྲོངས་པ་དང༌། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡང་བཀྲོང་རྩིས་བྱས་པའི་གནས་ཚུལ་བློན་པོ་སྟག་སྒྲ་ཀླུ་ཁོང་གིས་མཁྱེན་ཏེ་རྒྱལ་པོར་ཞུས་རྗེས་བློན་པོ་གཉིས་སྲོག་ཐོག་ཏུ་བཏང་བ། ༤༽ བློན་པོ་སྟག་སྒྲ་ཀླུ་ཁོང་གིས་དམག་དཔོན་བྱས་ཏེ་ཐང་རྒྱལ་རབས་ཀྱི་མངའ་ཁོངས་སུ་དམག་དྲངས་པ་དང༌། རྒྱའི་རྒྱལ་ས་ཁྲང་ཨན་བླངས་པ། གོང་མ་ཧྲན་ཀྲོའུ་ལ་བྲོས་པའི་སྐོར་བཅས་གསལ་བཤད་བྱས་ཡོད་དོ།།

 

ཞོལ་རྡོ་རིང་ནང་མ།

ཞོལ་རྡོ་རིང་ནང་མ་ནི། གཞུང་ས་དགའ་ལྡན་ཕོ་བྲང་གི་སྡེ་སྲིད་མི་ཐོག་ལྔ་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་པོ་ཏཱ་ལའི་ཕོ་བྲང་དམར་པོ་འཛུགས་སྐྲུན་གནང་ནས་ཡོངས་རྫོགས་ལེགས་གྲུབ་ཟིན་པའི་དྲན་གསོའི་ཆེད་དུ་པོ་ཏཱ་ལའི་མདུན་གྱི་རི་ལྡེབས་རྡོ་སྐས་ཀྱི་གཤམ་དུ་བཙུགས་པའི་རྡོ་རིང་ཞིག་སྟེ། རྡོ་རིང་འདིའི་ངོས་སུ་ཡི་གེ་གང་ཡང་མེད་ཅིང༌། གོང་གསལ་རྡོ་རིང་དེ་ཉིད་ཞོལ་ལྕགས་རིའི་ཕྱི་ལོགས་སུ་གནས་པས་ཞོལ་རྡོ་རིང་ཕྱི་མ་ཞེས་མིང་ཐོགས་པ་དང༌། དེས་ན་རྡོ་རིང་ཕྱི་མར་ལྟོས་ནས་རྡོ་རིང་འདིར་རྡོ་རིང་ནང་མ་ཞེས་མིང་དེ་ལྟར་ཆགས་པར་གྲགས་སོ།།

 

༄༅། །ཞོལ་རྡོ་རིང་ཕྱི་ནང་གཉིས་ལས་རྡོ་རིང་ཕྱི་མར་གྲགས་པའི་ཞལ་བཤུས་ཡི་གེ་འདི་ལྟར།།

     བྱང་ངོས་སུ།

 

༡ ༄། །བློན་སྟག་སྒྲ་ཀླུ་ཁོང༌།

༢ དཀུ་རྒྱལ་གཙིགས་གནང་

༣ བའྀ་མདོ་རྡོ་རིངས་ལ་ཡྀག་གྲུ་

༤ བྲིས་པའ། །

༥ ༄བཙན་ཕོ་ཁྲྀ་སྲོང་ལྡེ་བརྩན་

༦ གྱི་ཞ་སྔ་ནས་དབུ་སྙུང་གནང་

༧ སྟེ། བློན་སྟག་སྒྲ་ཀླུ་ཁོང་གི་བུ་ཚ་

༨ རྒྱུད་འཕེལད་ལ་ནམ་ནམ་ཞ་ཞར་

༩ དངུལ་གྱྀ་ཡི་གེ་ཆེན་པོ་གཅིག། །

༡༠ ན་མྱྀ་དབབ་པར་གཡུང་དྲུང༌།

༡༡ དུ་སྩལད་ཕར་གནང་ངོ༌། །

༡༢ བརྩན་པོ་སྲས་དབོན་སྐུ་ཚེ་རབས་

༡༣ རེ་ཞིང་ཡང༌། ཟླ་གོང་གྀ་བུ་ཚ་རྒྱུད་

༡༤ འཕེལད་ལས་གཅྀག ཞམ་འབྲིང་

༡༥ ན་ནང་ཀོར་ཡན་ཅད་དུ་གཞུག་

༡༦ ཅིང་ཚལ་ཟར་རྟག་དུ་མཆྀས་པར་

༡༧ གནང་ངོ༌། །ཟླ་གོང་གི་བུ་ཚ་རྒྱུད་

༡༨ འཕེལད་ལ་རྗེ་བླས་གྱྀ་རྔོ་ཐོག་པའི་

༡༩ རྣམས་ཇི་ཙམ་དུ་རྔོ་ཐོག་པར་བཀས་

༢༠ བཀུར་ཞྀང་བསྟོད་པར་གནང་ངོ༌། །

༢༡ ཟླ་གོང་གྀ་བུ་ཚ་རྒྱུད་གྱིས། །བཙན་པོ་

༢༢ ཞ་སྔར། གློ་བ་མ་རྀངས་ན། ནོངས་

༢༣ མྱིག་གཞན་ཅྀ་བྱུང་ཡང་རུང༌། སྲོག །

༢༤ སྲིད་ལ་མྱྀ་དབབ་པར། བཀའ་གྱོད་གྱི་

༢༥ ཚིགས་ཅྀ་ལ་བབ་པ་ལས། །བཀའ་གྱོད་

༢༦ ན་གཅིག་གིས་སླད་ཅྀང་བསྐྱང་བར་

༢༧ གནང་ངོ༌། །ཟླ་གོང་གི་བུ་ཚ་པེལད་ལས་

༢༨ ལ་ལ་ཞིག །རབས་ཆད་ན་རབས་ཆད་

༢༩ གྱྀ་ཁོལ་ཡུལ་དང༌། ནོར་ཕྱུགས། བླར་མྱི་

༣༠ བཞེས་པར། བུ་ནུ་བོ་གང་ཉེ་བ་སྩལད་

༣༡ པར་གནངོ། །བློན་སྟག་སྒྲ་ཀླུ་ཁོང་

༣༢ གི་བུ་ཚ་རྒྱུད་པེལད། དཀུ་རྒྱལ་གྱི་ཡི་གེའ

༣༣ ལག་ན་འཆང་འཆང་བ་ཞྀག་རབས་ཆད་

༣༤ དམ་བཀྱོན་བབ་ན་ཡང༌། དངུལ་གྱྀ་ཡི་གེ་

༣༥ བླར་མྱྀ་བཞེས་པར། བློན་སྟག་སྒྲ་ཀླུ་ཁོང༌།

༣༦ དང༌། ཟླ་གོང་གི་བུ་ཚ་རྒྱུད་གང་ཉེ་བ་གཅྀག

༣༧ དངུལ་གྱྀ་ཡི་གེ་ཆེན་པོ་གཡུང་དྲུང་དུ་སྩལད་

༣༨ པར་གནང་ངོ༌། །བློན་སྟག་སྒྲ་ཀླུ་ཁོང་གི་

༣༩ ཕ་ཟླ་གོང་གི་བུ་ཚ་རྒྱུད་འཕེལད་གྱི་རྣམས་

༤༠ ཞང་ལོན་ཡི་གེ་པའི་ཐང་དང༌། དམག་སུམ་རྒྱར་

༤༡ གནང་ངོ༌། །སྐུ་སྲུངས་འཕན་ཡུལ་བའི།

༤༢ སྟོང་དཔོན་དུ་གཞན་སུ་ཡང་མྱི་གཞུག་པར་

༤༣ བློན་སྟག་སྒྲ་ཀླུ་ཁོང་གྀ་མྱེས་པོ་གསས་སླེབས་

༤༤ གྱི་བུ་ཚ་རྒྱུད་པེལད་ལས་གང་རྔོ་ཐོག་པའ།

༤༥ དམངས་འདྲང་བ་གཅིག། སྐུ་སྲུངས་འཕན་

༤༦ ཡུལ་བའྀ་སྟོང་དཔོན་གཡུང་དྲུང་དུ་སྩལད་

༤༧ པར་གནང་ངོ༌། །ངན་ལམ་གསས་སླེབས་

༤༨ གྱི་བུ་ཚ་རྒྱུད་འཕེལད། ནམ་ཞར་གྱང་སྡེ་སྐུ།

༤༩ སྲུངས་སུ་གནང་བ་ལས། སྡེ་ཆ་གུདུ་མྱྀ་སྤོའ་མྱི་

༥༠ བསྒྱུར་བར་གནང་ངོ༌། །ཟླ་གོང་གི་བུ་ཚའ་

༥༡ རྒྱུད་འཕེལད་གྱྀ་ལག་ན་བྲན་ཞིང་འབྲོག་སོག་

༥༢ ཚལ་ལས་སྩོགས་ཏེ་དབང་ངོ་ཅོག །བླར་མྱི་བཞེས་

༥༣ མྱི་དབྲྀ་གཞན་གྱིས་མྱི་དཕྲོག་ཁོང་ཏ་བདག་མྱྀ་

༥༤ དགའ་ན་ཉེ་རིང་དང་བཟང་ངན་མྱྀ་བརྗེ་བར་

༥༥ གནང་ངོ༌། །ཟླ་གོང་གི་བུ་ཚ་རྒྱུད་འཕེལད་ལ་

༥༦ ལ་ལ་ཞིག་གྀས་ཤ་ཁོན་གྱི་བག་དུ་སྲོག་སྲིད་ལ།

༥༧ དམའ་བར་བྱེད་པ་ཞྀག་ཡོད་ན། བཀའ་ནོན་བླ།

༥༨ ནས་མཛད་པར་གནང་ངོ༌། །ཟླ་གོང་གི་བུ་ཚ་

༥༩ རྒྱུད་འཕེལད་གྱྀས་གློ་བ་རྀངས་ན་ཕྲ་མ་མྱི་གསྩནྡ་

༦༠ གླན་ཀ་མྱི་བཙལ་མྱྀ་མྱྀ་བཀྱོན་བར་གནང་ངོ༌། །

༦༡ བུ་ཚ་འཕེལད་གྱི་ནང་ནས་ལ་ལ་ཞིག། །བཙན་པོ་

༦༢ ཞ་སྔར་གློ་བ་རིངས་ཡང་དག་པར་གྱུརད་ན་གང་

༦༣ ཉེས་པའྀ་སྒོར། བཀའ་གྱོད་རྨའོ། །ཕུ་ནུ་བོ་གཞན་

༦༤ ཁྲིན་ལ་མྱྀ་གདགས་སྲོག་སྲིད་ལ་མྱྀ་དབབ་པར་གནང་

༦༥ ངོ༌། །

༦༦ ༄མདོར་ནའ་བློན་སྟག་སྒྲ་ཀླུ་ཁོང་གི་ཕ་ཟླ་གོང་

༦༧ གི་བུ་ཚ་རྒྱུད་ཕེལད་སྲོག༌XXདང་སྲིད་དེ་བར་ཐུགས་

༦༨ གོང་མཛད་དེ༌XXXXXXXXX

 

          ཤར་ངོས་སུ།

 

༡༄། །བློན་སྟག་སྒྲ་ཀླུ་

༢ ཁོང༌། ནང་བློན་ཆེན་

༣ པོ་དང་ཡོ་གལ་འཆོས་

༤ པ་ཆེན་པོར། བཀའ་

༥ སྩལད་ཀྱིས་ཀྱང༌།

༦ བཀའ་ལུང་དང་འདྲ་

༧ བར་རྗེས་བླས་དཀའ་

༨ དགུ་ཉམསུ་བླངས་

༩ ཏེ་ཕྱི་ནང་གཉྀས་གྱི་

༡༠ ཆབ་སྲིད་ཁབ་སོX

༡༡ དཔེནད་པ་དང་ཆེ་

༡༢ ཆུང་གཉིས་ལ་དྲང་

༡༣ ཞིང་སྙོམས་ཏེ། བོད་

༡༤ མགོ་ནག་པོའི་སྲིད་

༡༥ ལ་ཕན་པ་ལེགས་

༡༦ དགུ་བྱས་སོ།།

 

        ལྷོ་ངོས་སུ།

 

༡ བཙན་ཕོ་ཁྲྀ་ལྡེ་གཙུག་

༢ རྩན་གྱྀ་རིང་ལའ། །

༣ ༄། །ངན་ལམ་ཀླུ་ཁོང་གིས། །

༤ གློ་བ་ཉེ་བའི་རྗེ་བླས་བྱས་པ་

༥ ། །འབལ་ལྡོང་ཙབ་དང༌། ལང་

༦ མྱེས་ཟིགས། །བློན་པོ་ཆེན་ཕོ་

༧ བྱེད་བྱེད་པ་ལས། གློ་བ་རིངས་

༨ ནས། །བཙན་ཕོ་ཡབ་ཁྲི་ལྡེ་

༩ གཙུག་རྩན་གྱི་སྐུ་ལ་དརད་ཏེ་

༡༠ དགོང་དུ་གཤེགས་སོ། །

༡༡ བཙན་ཕོ་སྲས་ཁྲྀ་སྲོང་ལྡེ་བརྩན་

༡༢ གྱི་སྐུ་ལ་ནི་དརད་དུ་ཉེ། །བོད་

༡༣ མགོ་ནག་པོའི་སྲིད་ནྀ་འཁྲུག་དུ་

༡༤ བྱེད་པ་ལས། ཀླུང་ཁོང་གིས། འབལ་

༡༥ དང༌། ལང་གློ་བ་རིངས་པའྀ་གཏན་

༡༦ གཙིགས། །བཙན་ཕོ་སྲས་ཁྲྀ་སྲོང་

༡༧ ལྡེ་བརྩན་ཀྱི་སྙན་དུ་གསོལད་ནས་

༡༨ འབལ་དང༌། ལང་གློ་བ་རིངས།

༡༩ བདེན་པར་གྱུརད་ཏེ། ཁོང་ཏ་ནྀ་

༢༠ བཀྱོན་ཕབ་སྟེ། །ཀླུ་ཁོང་གློ་བ་ཉེའོ་

༢༡ ༄། །བཙན་ཕོ་ཁྲྀ་སྲོང་ལྡེ་བརྩན་གྱྀ་རྀང་

༢༢ ལ། ངན་ལམ་ཀླུ་ཁོང་གློ་བ་ཉེ་ལ་

༢༣ བཀའ་གྲོས་ཆེ་ནས། ཐུགས་བརྟནད་

༢༤ ཏེ། །ནང་བློན་བཀའ་ལ་གཏོགས་

༢༥ པར་བཅུག་ནས། །རྒྱའི་སྲིད་གྱྀ་ཉམ་

༢༦ དྲོད་རྟོག་ཅིང༌། ཁར་ཙན་ཕྱོགས་སུ་

༢༧ ཐོག་མ་དྲངས་པའི། དམག་དཔོན་

༢༨ དུ། བཀའ་སྩལད་གྱིས་ཀྱང༌། དགྲའ་

༢༩ ཐབས་མཁས་ལ་གྲོས་གྱིས་སོང་དེ།

༣༠ རྒྱའི་ཁམས་སུ་གཏོགས་པའི་འ་ཞ་

༣༡ དང་པོ་བསྡུས། རྒྱ་ལས་མནངས་ཕལ་

༣༢ ས་ཆ་བཅད་པས། རྒྱ་སྤ་གོང་སྟེ། །རྒྱའྀ་

༣༣ ཁམས་སུ་གཏོགས་པ་དབྱར་མོ་ཐང༌།

༣༤ XXXXXXXན་དང༌། ཙོང་ཀ་ཕྱོགས་

༣༥ XXXXXXདང་ནས་ལས་སྩོགས་

༣༦ པ༌XXXXXXXདང་ཕོ་གཅལད། ཀླུ་

༣༧ ཁོང་གིས  XXXXXའཁྲུགས་པའི་དགྲ་

༣༨ XXXXXXXཆབ་སྲིད་ཆེན་པོ་མཛྡ

༣༩ XXXXXXབཀའ་གྲོས་ཆེན་ཕོ་གསོལད་

༤༠ XXXXགློ་བ་ཉེ་ཞིང་ཆབ་སྲིད་ལ་དཔེནད་

༤༡ པའི་སེམས་དགའ་པ་བྱས་སོ། །བཙན་

༤༢ ཕོ་ཁྲྀ་སྲོང་ལྡེ་བརྩན་ཐུགས་སྒམ་ལའ་

༤༣ བཀའ་གྲོས་གྱྀ་རྒྱ་ཆེ་བས། ཆབ་སྲྀད་གར་

༤༤ མཛད་དོ་ཅོག་དུའང་ལེགས་སྟེ། རྒྱའི་ཁམས་

༤༥ སུ་གཏོགས་པའྀ་ཡུལ་དང་མཁར་མང་པོ་

༤༦ བཅོམ་སྟེ་བསྡུས་ནས། །རྒྱ་རྗེ་ཧེའུ་འགྀ་ཝང་

༤༧ ཏེ་རྗེ་བློན་སྐྲག་སྟེ། ལོ་ཅྀག་ཅྀང་རྟག་དུ་དཔྱ་

༤༨ དར་ཡུག་ལྔ་ཁྲི་ཕུལ་ཏེ། རྒྱ་དཔྱའ་འཇལ་དུ་

༤༩ བཅུག་གོ། །དེའྀ་འོག་དུ། རྒྱ་རྗེ་ཡབ་ཧེའུ་འགྀ་

༥༠ ཝང་དེ་གྲོངས་སྟེ། རྒྱ་རྗེ་སྲས་ཝང་པེང་ཝང་

༥༡ རྒྱལ་པོར་ཞུགས་ནས། བོད་ལ་དཔྱའ་འཇལ་

༥༢ དུ་མ་རུང་སྟེ། །བཙན་ཕོ་ཐུགས་སྙུང་བའྀ་ཚེ་

༥༣ ངན་ལམ་ཀླུ་ཁོང་གིས། །རྒྱ་ཡུལ་གྱྀ་ཐིལད། རྒྱ་

༥༤ རྗེའྀ་ཕོ་བྲང་ཀེང་ཤིར། བོད་གྱྀས་དམག་དྲང་

༥༥ བའི་བཀའ་གྲོས་གྱྀ་མགོ་ཆེན་པོ་གསོལ་ནས་

༥༦ ཀེང་ཤིར་དྲང་བའྀ་དམག་དཔོན་ཆེན་ཕོར་

༥༧ ཞང་མཆིམས་རྒྱལ་ཟྀགས་ཤུ་ཐེང་དང༌། །

༥༨ བློན་སྟག་སྒྲ་ཀླུ་ཁོང་གཉྀས། བཀའ་སྩལད་ཏེ་

༥༩ ཀེང་ཤིར་དྲངས་ནས། ཅིའུ་ཅྀར་གྱི་རབ་ངོགས་

༦༠ སུ་རྒྱ་དང་ཐབ་མོ་ཆེན་པོ་བྱས་ཏེ། བོད་གྱིས་གཡུལ་

༦༡ བཟློག་ནས། །རྒྱ་མང་པོ་བདུངས་པས། རྒྱ་རྗེ་ཀྭང་

༦༢ པེང་ཝང་ཡང༌། ཀེང་ཤྀའི་མཁར་ནས་ཕྱུང་སྟེའ་

༦༣ ཤསེམ་ཅིའུར་བྲོས་ནས། ཀེང་ཤྀ་ཕབ་སྟེ་རྒྱ་རྗེའྀ་ནང་

༦༤ བློན་འགྱེའུ༌Xན་ཀེང་ལས་སྩོགས་ཏེ་དོང་ཀྭན་དང་

༦༥ བོ་ཀན་ཡ༌XXXXXXXXXབཙན་པོའི་

༦༦ འབངས༌XXXXXXXXབོད༌Xགང་

༦༧ དང་ཁྲ༌XXXXXXXཏེ། ཀིམ་ཤེང་ཀོང་

༦༨ ཅོའི་མིང་པོ༌XXXXXXXXXའཁྲས་ཤིང་

༦༩ XXXXXXXXXབློན་པོ་

༧༠ XXXXXXXXXXXརྒྱལ་ཕོ་ཆེ་ཆུང་

༧༡ XXXXXXXXXསྲིད་ཕུགསུ

༧༢ གྲ་བ༼སྲིང༽དང་གཏམ་ཡུན་དུ་སྙན་པར་བྱས་ཏེ། ཀླུ་ཁོང་གློ་

༧༣ བ་ཉེ་ཞིང་ཆབ་སྲིད་ལ་དཔེནད་པའྀ་སེམས་དགའ་

༧༤ བ་བྱས་སོ།།

 

མཆན། གོང་གསལ་ཁྲམ་རྟགས་ཏེ་ཀུ་རུ་ཁ་རྣམས་རྡོ་རིང་ངོས་ཀྱི་ཡི་གེ་རྣམས་གཏོར་སྐྱོན་སོང་སྟེ་མ་གསལ་བ་རྣམས་ཀྱི་ཚིག་འབྲུ་མཚོན་བྱེད་ཡིན།།

 

ཞོལ་གྱི་རྡོ་རིང་ཕྱི་མ།

 

 

 

བརྒྱུད་སྐུལ།

མཆན་སྤེལ།