ཞེ་བརྒྱད། ལྷ་སའི་གྲགས་ཅན་ཤིང་རྐང་ལྔ།

ཞེ་བརྒྱད། ལྷ་སའི་གྲགས་ཅན་ཤིང་རྐང་ལྔ།

ལྷ་སའི་ཕྱོགས་བཞིར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། རྒྱ་བཟའ་ཀོང་ཇོ་རྣམ་གཉིས་ཀྱིས་བཙུགས་གནང་མཛད་པའི་གནའ་ཤུལ་གྲགས་ཅན་རྒྱ་ལྕང་རྐང་ལྔ་སྟེ། ཀ༽ དབུས་སུ་ཇོ་བོ་དབུ་སྐྲ་ཞེས་པའི་རྒྱ་ལྕང་རྐང་གཅིག ཁ༽ ཤར་དུ་སྦྲ་ནག་ཞོལ་ལྕང་སྡོང་ཚང་དུ་རྒྱ་ལྕང་རྐང་གཅིག ག༽  ལྷོ་རུ་སྤོམ་མདའི་རྒྱབ་ཏུ་ཡོམ་འབོག་སྡོང་རྐང་གཅིག

ང༽ ནུབ་ཏུ་ཞོལ་ལྕང་མ་ཁང་གསར་དུ་རྒྱ་ལྕང་རྐང་གཅིག ཅ༽ བྱང་དུ་ར་མོ་ཆེ་ལྕང་རགས་ནང་དུ་རྒྱ་ལྕང་རྐང་གཅིག་བཅས་ལ་ལྷ་སར་ཡོད་པའི་གྲགས་ཅན་གྱི་ཤིང་རྐང་ལྔ་ཞེས་ཤོད་སྲོལ་ཡོད་པ་ལས། དབུས་སུ་ཇོ་བོ་དབུ་སྐྲའི་རྒྱ་ལྕང་རྐང་གཅིག་པོ་དེ་རིག་གནས་གསར་བརྗེའི་སྐབས་གཅོད་བྲེག་གིས་སྡོང་སྐམ་གྱི་རྩ་བ་རྗེས་ཤུལ་ཙམ་ལས་མེད་ལ། དེ་དང་རྡོ་རིང་གཉིས་ཀྱི་ཉེ་འགྲམ་དུ་ཤིང་སྡོང་ཞིག་གསར་འཛུགས་བྱས་ཡོད་པ་དེ་ཉིད་ལས་ཕྱོགས་བཞིའི་རྒྱ་ལྕང་དང༌། ཡོམ་འབོག་རྣམས་རིག་གསར་སོགས་དུས་ནམ་ཞིག་གཅོད་བྲེག་གིས་མེད་པ་གྱུར་མིན་ཆ་མ་འཚལ་ཡང༌། དེང་འཛུགས་སྐྲུན་གྱིས་ས་ཆ་ཡང་ངོས་འཛིན་དཀའ་བའི་གནས་སུ་གྱུར་འདུག་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།