ཞེ་དགུ། ༸ རྒྱལ་བའི་ཡབ་གཞིས་ཁག

ཞེ་དགུ། ༸ རྒྱལ་བའི་ཡབ་གཞིས་ཁག

༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ཡབ་གཞིས་ལ་གོ་གནས་མཐོ་པོ་དང༌། གཞིས་ཀ་ཆེན་པོ་གནང་སྲོལ་ཡོད་པ་ནི་ལུགས་སྲོལ་རྙིང་པ་ཞིག་མིན་པར་འདི་ནི་དུས་ཕྱིས་སུ་བྱུང་བ་ཞིག་ཡིན། དེ་ཡང་༸རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་ནས་སྐུ་ཕྲེང་དྲུག་པ་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་བར་གྱི་སྐུ་ཕྲེང་དྲུག་གི་ཡབ་གཞིས་རྣམས་ལ་གོ་གནས་མཐོ་པོ་དང༌། གཞིས་ཀ་ཆེན་པོ་གང་ཡང་གནང་སྲོལ་བྱུང་མེད་པ་འདི་ལས་མཁྱེན་རྟོགས་ཐུབ་པ་ཡིན།

སྤྱི་ལོ་ ༡༥༡༨ ལོར་སྣེ་གདོང་གོང་མ་ངག་དབང་བཀྲ་ཤིས་གྲགས་པས་སྡེ་སྲིད་ཕག་གྲུ་རིམ་བྱོན་འབྲས་སྤུངས་སུ་ཕེབས་སྐབས་ཀྱི་བཞུགས་གནས་རྡོ་ཁང་སྔོན་པོ་ཞེས་པ་དེ་༸རྒྱལ་བ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པར་ཕུལ་བས། རྗེ་ཉིད་ཀྱིས་སྐལ་ལྡན་རྣམས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་འདྲེན་པའི་རྟེན་འབྲེལ་གྱི་སླད་དུ་དགའ་ལྡན་ཕོ་བྲང་ཞེས་མཚན་འདོགས་གནང་མཛད། ཐོག་མའི་རྡོ་ཁང་སྔོན་མོར་གྲགས་པ་དེ་ཉིད་༸རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་སྤྱི་ལོ་ ༡༥༧༡ ལོར་སོག་ཡུལ་དུ་ཕེབས་ཤུལ་དུ་རྒྱས་སྐྲུན་གནང་ཞིང༌། དེ་རྗེས་༸རྒྱལ་བ་སྐུ་ཕྲེང་བཞི་པ་བར་གྱི་བཞུགས་གནས་གཙོ་བོར་མཛད། ༸རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ཀྱང་དེར་སྐུ་བཞུགས་གནང༌། སྤྱི་ལོ་ ༡༦༤༢ ལོར་༸རྒྱལ་མཆོག་ལྔ་པ་ཆེན་པོས་བོད་ལྗོངས་ཆོས་སྲིད་ཡོངས་རྫོགས་ཀྱི་བདག་པོར་བཞེས་པ་ནས་གནམ་བསྐོས་གཞུང་ས་དགའ་ལྡན་ཕོ་བྲང་པ་ཞེས་བླ་བྲང་གི་མིང་གཞུང་ལ་འདོགས་གནང་མཛད་པས་ད་བར་བོད་གཞུང་གི་མིང་ལ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་འབོད་པ་ནི་ད་བར་མི་ལོ་ ༣༦༧ ཕྱིན་ཡོད་ལ། ༸རྒྱལ་མཆོག་སྐུ་ཕྲེང་དེ་དག་གི་ཡབ་གཞིས་ལ་དམིགས་བསལ་གྱི་ཐོབ་གོ་ས་སོགས་གང་ཡང་ཞུ་སྩལ་བྱུང་མེད་པ་ལོ་རྒྱུས་ཁག་ཏུ་ཤིན་ཏུ་གསལ་ལོ།།

སྔོན་བྱུང་ལོ་རྒྱུས་སུ་འཁོད་པར་གཞིགས་ན་ལུགས་སྲོལ་དེ་ནི་རྒྱ་མིས་གསར་གཏོད་བྱས་པ་ཞིག་ཡིན་སྐད། དེ་ཡང་ཕྱི་ལོ་ ༡༧༢༩ ལོར་༸རྒྱལ་བ་སྐུ་ཕྲེང་བདུན་པའི་ཡབ་ལ་གུང་གི་གོ་གནས་གནང་ཞིང༌། དེ་རྗེས་ཡབ་གཞིས་ཕལ་ཆེ་བར་གུང་གི་གོ་གནས་གནང་རྒྱུ་ནི་ལམ་སྲོལ་ལྟ་བུར་གྱུར་པ་ཞིག་ཡིན། འོན་ཀྱང་དོན་དངོས་སུ་གོ་གནས་དེ་བཞིན་རྒྱུད་འཛིན་ལྟར་གནང་མེད་པ་དཔེར་ན་༸རྒྱལ་བ་སྐུ་ཕྲེང་དགུ་པའི་ཡབ་གཞིས་ལ་གུང་གི་གོ་གནས་ལས་དམའ་བ་ཐའི་ཇི་རིམ་པ་དང་པོའི་གོ་གནས་ལས་ཐོབ་མེད།

གོ་གནས་དེ་ནི་༸རྒྱལ་བ་སྐུ་ཕྲེང་བདུན་པ་ནས་༸རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་བར་གྱི་ཡབ་གཞིས་རྣམ་པར་གནང་ཡོད་ཀྱང༌། ༸རྒྱལ་བའི་ཡབ་གཞིས་ཁྱིམ་ཚང་བདུན་ལས་བྱུང་མེད། དེ་ཡང་༸རྒྱལ་བ་སྐུ་ཕྲེང་བརྒྱད་པ་དང་སྐུ་ཕྲེང་བཅུ་གཉིས་ཡབ་གཞིས་ལྷ་ཀླུར་ཟླ་སྒྲིལ་བ་དང༌། སྐུ་ཕྲེང་དགུ་པ་གློ་བུར་དུ་ཞི་བར་གཤེགས་པས་ཡབ་གཞིས་མ་བྱུང་སྐད། ལོ་རྒྱུས་ཁག་ཏུ་ཡབ་གཞིས་བདུན་བྱུང་བ་འདི་ལྟར། ༸རྒྱལ་བའི་ཡབ་གཞིས་བདུན་ནི་ཡབ་གཞིས་བསམ་གྲུབ་ཕོ་བྲང་དང༌། ལྷ་ཀླུ། ཟུར་ཁང༌། གཡུ་ཐོག ཕུན་ཁང༌། གླང་མདུན། སྟག་འཚེར་བཅས་བདུན་ཡིན། ལ་ལར་ཡབ་གཞིས་དྲུག་ལས་བྱུང་མེད་ཚུལ་འཁོད་ཅིང༌། དེ་ཡང་སྐུ་ཕྲེང་དགུ་པར་ཡབ་གཞིས་བྱུང་མེད་སྐད་བཅས་སོ།།

ཀ༽ སྡེ་དཔོན་ཡབ་གཞིས་བསམ་གྲུབ་ཕོ་བྲང་ནི། སྐུ་ཕྲེང་བདུན་པ་༸རྒྱལ་བ་བསྐལ་བཟང་རྒྱ་མཚོ་མཆོག་གི་ཡབ་གཞིས་ཡིན་ཞིང༌། ལྷ་ལྡན་གཙུག་ལག་ཁང་གི་གསུང་ཆོས་ར་བའི་མདུན་ངོས་ཀྱི་ཁང་ཆེན་སྤེན་བད་ཅན་བསྡུས་མིང་དུ་བསམ་ཕོ་ཞེས་འབོད་པ་དེ་ཡིན། ཐོག་མའི་མིང་ལ་ཕུན་ཚོགས་རབ་བརྟན་དཔལ་འབྱོར་རམ་དཔལ་འབྱོར་རབ་བརྟན་ཞེས་འབོད་ཅིང༌། དེ་ནི་དུས་རབས་ ༡༧ པའི་ནང་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཕོ་བྲང་ཡིན་སྐད་དང༌། དུས་རབས་བཅོ་བརྒྱད་པའི་ནང་དཔལ་འབྱོར་རབ་བརྟན་དེ་བོད་གཞུང་ནས་༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡབ་ཡུམ་གྱི་བཞུགས་གནས་སུ་གསོལ་སྩལ་གནང་རྗེས་ཡབ་གཞིས་བསམ་གྲུབ་ཕོ་བྲང་ཞེས་པ་དེ་ནས་བྱུང་བར་གྲགས། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་ལས་ཡབ་གཞིས་ལྷ་སར་ཡོད་པ་ཐོག་མ་འདི་ཉིད་ཡིན་ལ། ཁང་པར་སྤེན་བད་ཡོད་པ་ཡང་དེ་ལྟར་ཡིན་ཞེས་ཟེར་རྒྱུན་འདུག

ཡབ་གཞིས་བསམ་གྲུབ་ཕོ་བྲང་ནི་རྒྱལ་ཡབ་བསོད་ནམས་དར་རྒྱས་ནས་དབུ་ཚུགས་པ་ཞིག་ཡིན་ལ། ཡབ་ལ་སྤྱི་ལོ་ ༡༧༤༤ ཟླ་ ༨ ཚེས་ ༢༣ ཉིན་རྒྱ་ནག་གོང་མས་གུང་གི་གོ་གནས་སྩལ་བས་དེ་ནས་བཟུང་སྐུ་ཕྲེང་རིམ་པའི་ཡབ་ལ་གུང་གི་གོ་གནས་གནང་སྲོལ་དར་བ་ཡིན། དེ་རྗེས་བཀའ་གུང་ཀུན་དགའ་བསྟན་འཛིན་དང༌། བཀའ་བློན་བཀྲ་ཤིས་རྣམ་རྒྱལ། ཐའི་ཇི་ཕྱག་རྡོར། ཐའི་ཇི་བསོད་ལྷུན་ཕུན་ཚོགས། བཀའ་བློན་རྒྱལ་མཚན་ཕུན་ཚོགས། ཐའི་ཇི་ནོར་བུ་དགྲ་འདུལ། ཐའི་ཇི་ཕྱག་རྡོར་དབང་ཕྱག བཀའ་བློན་དང་དམག་སྤྱི་ཚེ་དབང་རིག་འཛིན། མདའ་དཔོན་བསྟན་འཛིན་དོན་གྲུབ་སོགས་མི་རྒྱུད་རིམ་པར་གོ་གནས་སྩལ་ཐོབ་ལྟར་བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྲི་ཞུ་རིམ་པར་སྒྲུབ་གནང་མཛད་ཡོད།

ཁ༽ ཡབ་གཞིས་ལྷ་ཀླུ་དགའ་ཚལ་ནི། ཕོ་བྲང་པོ་ཏཱ་ལའི་རྒྱབ་ངོས་མི་རིང་བའི་ལྷ་ཀླུ་གྲོང་ཁུལ་དུ་གནས་པས་ལྷ་ཀླུ་ཞེས་གྲགས། ལྷ་སའི་དམངས་ཁྲོད་གླུ་གཞས་ལས། ལྷ་ས་ལྷ་ས་སྐྱིད་པ། །དེ་ལས་ལྷ་ཀླུ་སྐྱིད་པ། །ལྷ་ས་ལྷ་ཀླུའི་བར་ན། །རྫོང་རྒྱབ་ཀླུ་ཁང་སྐྱིད་པ། །ཞེས་པ་ལྟར་གྱི་ལྷ་ཀླུ་དེ་ཡིན་ལ། ལྷ་ཀླུ་དགའ་ཚལ་ནི་སྐུ་ཕྲེང་བརྒྱད་པ་༸རྒྱལ་བ་འཇམ་དཔལ་རྒྱ་མཚོ་མཆོག་གི་ཡབ་གཞིས་ཡིན། ཡབ་གཞིས་འདི་ནི་རྒྱལ་ཡབ་བསོད་ནམས་དར་མཆོག་ནས་དབུ་ཚུགས་ཤིང༌། ཁོང་གི་སྲས་བསོད་ནམས་བཀྲ་ཤིས་ལ་གུང་གི་གོ་གནས་ཐོབ་པ་དང༌། གུང་རབ་བརྟན་རྣམ་རྒྱལ་སོགས་ལ་གུང་གི་གོ་གནས་དང༌། དེ་བཞིན་བྱུ་རུའི་ཐེབས་དང་སྒྲོའི་ཏོག་ཅན་གྱི་དཔོན་རིགས་དུ་མ་ཞིག་བྱུང་ཞིང༌། གཞན་ཡང་རྗེ་བཙུན་དམ་པ་བཞི་པ་ཧོ་ཐོག་ཐུ་བློ་བཟང་ཐུབ་བསྟན་དབང་ཕྱུག་དང༌། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་བསྟན་པའི་ཉི་མ་སོགས་གཟིམ་ཤག་འདིའི་ནང་རི་བོ་དགེ་ལྡན་པའི་སྤྲུལ་སྐུ་མང་དག་ཅིག་འཁྲུངས་ཡོད།

མདོར་ན་༸རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་དང༌། སྐུ་ཕྲེང་བཅུ་གཉིས་པ་༸རྒྱལ་བ་འཕྲིན་ལས་རྒྱ་མཚོའི་ཡབ་གཞིས་ལྷ་ཀླུར་ཟླ་སྒྲིལ་ཞིང༌། དེ་ཡང་༸རྒྱལ་བ་འཕྲིན་ལས་རྒྱ་མཚོ་མཆོག་༸རྒྱལ་བ་སྐུ་ཕྲེང་བརྒྱད་པའི་ཡབ་གཞིས་ལྷ་ཀླུར་སྐུ་འཁྲུངས་པས་སྐུ་ཕྲེང་གཉིས་ཀྱི་ཡབ་གཞིས་ཟླ་སྒྲིལ་བ་ཞིག་ཡིན། ཡབ་གཞིས་ལྷ་ཀླུར་ལྷ་ཀླུའི་གཟིམ་ཤག་གོང་མ་དང༌། ལྷ་ཀླུའི་གཟིམ་ཤག་འོག་མ་ཞེས་གཉིས་ཡོད་པ་ལས་གཟིམ་ཤག་གོང་མ་ནི་སྐུ་ཕྲེང་བརྒྱད་པའི་གཟིམ་ཤག་དང༌། ༸རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པའི་གཟིམ་ཤག་ལ་ལྷ་ཀླུ་གཟིམ་ཤག་འོག་མ་ཞེས་བརྗོད།

ལྷ་ཀླུའི་གཟིམ་ཤག་འོག་མ་ནི། ཐོག་མར་རྒྱལ་ཡབ་ཕུན་ཚོགས་ཚེ་རིང་ནས་དབུ་ཚུགས་ཤིང༌། གཞུང་གི་གཞིས་ཀ་ཡབ་གཞིས་གསར་པར་བགོ་འགྲེམས་གནང་མ་དགོས་པ་གཙོར་འདོན་གྱིས་ཕྱི་ལོ་ ༡༨༥༨ ལོར་བོད་གཞུང་ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པའི་རྒྱལ་ཡབ་དང་སྐུ་ཉེ་རྣམས་ཟླ་སྒྲིལ་དགོས་པའི་བཀའ་གནང་བར་བརྟེན་གཟིམ་ཤག་གོང་འོག་གཉིས་ཟླ་སྒྲིལ་བ་ཞིག་ཡིན། རྒྱལ་ཡབ་ལ་གུང་གི་གོ་གནས་དང༌། སྲས་ཡེ་ཤེས་ནོར་བུ་དབང་ཕྱུག་ལ་རིམ་པ་བཞི་པའི་གོ་གནས་དང་བྱ་སྒྲོའི་ཏོག་དང་དེ་རྗེས་བཀའ་བློན་གྱི་གོ་གནས་ཐོབ་པ་དང༌། གཞན་ཡང་ཛ་སག་འཇིགས་མེད་རྣམ་རྒྱལ་དང༌། གུང་ཕུན་ཚོགས་རབ་རྒྱས། རྩིས་དཔོན་ལུང་ཤར། བཀའ་བློན་ཚེ་དབང་རྡོ་རྗེ་སོགས་ལ་གོ་གནས་རིམ་པ་འདྲ་མིན་སྩལ་ཐོབ་བྱུང་ཡོད།

མདོར་ན་༸རྒྱལ་བ་སྐུ་ཕྲེང་བརྒྱད་པ་སྐུ་འཁྲུངས་རྗེས་གུང་སོགས་ཀྱི་གོ་གནས་དང༌། གཞིས་ཀ་མང་པོ་ཐོབ་སྟེ་བོད་ཀྱི་མི་དྲག་ཆེ་གྲས་སུ་གྱུར་ནས་དེང་སྐབས་ལྷ་ཀླུ་ཞེས་གྲགས་པ་དེ་ཡིན། དེ་ནི་ཕོ་བྲང་པོ་ཏཱ་ལའི་རྒྱབ་ངོས་ཐད་དྲངས་ལྷ་ཀླུ་དགའ་ཚལ་ཏེ་ལྷ་ཀླུ་གྲོང་ལྷན་ཁོངས་སུ་ཡོད་ལ། ཡབ་གཞིས་ལྷ་ཀླུ་ནི་དེང་སྐབས་ལྷ་ཀླུ་གྲོང་མི་ཨུ་ཡོན་ལྷན་ཁང་བྱེད་མུས་ཡིན།

ག༽ ༸རྒྱལ་དབང་སྐུ་ཕྲེང་དགུ་པ་འཇམ་དཔལ་རྒྱ་མཚོ་མཆོག་གི་རྒྱལ་ཡབ་བསྟན་འཛིན་ཆོས་སྐྱོང་མཆོག་ལ་སྔར་སྲོལ་ལྟར་གུང་གི་གོ་གནས་གནང་ཞིང༌། ཡབ་གཞིས་ཀྱི་མཚན་ལ་ཕྱིས་སུ་ལྕང་ལོ་ཅན་ཞེས་འབོད་ཅེས་དེབ་ཐེར་ཀུན་གསལ་མེ་ལོང་དུ་གསལ་ལ། དུང་དཀར་ཚིག་མཛོད་ལས། སྐུ་ཕྲེང་དགུ་པའི་ཡང་སྲིད་དང་ལྷན་དུ་ལྷ་སར་འབྱོར་རྗེས་གནས་ཐོབ་ཇེ་མཐོར་སོང་ཞིང་ཕྱིས་སུ་བོད་ཀྱི་སྐུ་དྲག་ཆེ་གྲས་ལྕང་ལོ་ཅན་ཞེས་པ་དེ་ཡིན་ཞེས་འཁོད། ལ་ལར་༸རྒྱལ་དབང་སྐུ་ཕྲེང་དགུ་པའི་ཡབ་གཞིས་ཟུར་ཁང་ཡིན་ཚུལ་དང༌། འགའ་ཞིག་ཏུ་༸རྒྱལ་དབང་སྐུ་ཕྲེང་དགུ་པ་མཆོག་དགུང་གྲངས་བཅུ་གཅིག་ཕེབས་པའི་སྐབས་གློ་བུར་དུ་ཞི་བར་གཤེགས་པས་ཡབ་གཞིས་མ་བྱུང་ཞེས་གསལ་བས་གཟུར་གནས་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ།

ཟུར་ཁང་ཞེས་པའི་སྙན་གྲགས་ཅན་གྱི་གཟིམ་ཤག་འདི་ནི། བར་སྐོར་བྱང་ཆུབ་བྱོན་ལམ་གྱི་ཤར་ལྷོའི་ཤར་སྐྱ་རེངས་དར་ཆེན་གྱི་ཉེ་འགྲམ་དུ་གནས་ཤིང༌། ཟུར་ཁང་ཞེས་པའི་དོན་ནི། ངག་རྒྱུན་དུ་ཨེ་ལྷ་རྒྱ་རི་བའི་མི་རྒྱུད་ལ་བུ་མོ་ཞིག་བྱུང་བ་དང་པོར་བཙུན་མ་བྱས། རྗེས་སུ་ནང་ནས་ལོགས་སུ་ཐོན་ཏེ་ས་ཞིང་དང་ཁང་པ་སོགས་ཀྱི་སྐལ་བ་བླངས་ཏེ་ཁྱིམ་ཐབས་བསུས་ནས་ནང་བཟུང་བ་ལ་ཟུར་ཁང་ཞེས་མིང་ཐོགས་པ་ཡིན་ལ། ཨེ་ལྷ་རྒྱ་རི་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་པུར་རྒྱལ་བཙན་པོའི་མི་རྒྱུད་ཡིན།

ཟུར་ཁང་ཞེས་པའི་གཟིམ་ཤག་འདི་སྟོབས་འབྱོར་ཅན་ཞིག་ཡིན་ལ། གཟིམ་ཤག་འདི་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་དཔོན་རིགས་མང་པོ་ཞིག་བྱུང་མྱོང་ཡོད། དེ་ཡང་བཀའ་བློན་བླ་མ་ཟུར་ཁང་ཆེན་དགེ་ལེགས་ལགས་ཀྱང་གཟིམ་ཤག་འདིའི་མི་རྒྱུད་ཡིན། སྔར་གྱི་ཟུར་ཁང་གི་གཟིམ་ཤག་དེ་དག་རྩ་གཏོར་གྱིས་དེང་རྒྱ་ལུགས་ལྟ་བུའི་ཁང་པ་གསར་རྒྱག་གིས་སྟེང་ཤོད་ཡོངས་རྫོགས་རྒྱ་བོད་སོགས་མི་རིགས་འདྲ་མིན་གྱི་ཚོང་ཁང་དུ་གྱུར་ཡོད།

ང༽ ཡབ་གཞིས་གཡུ་ཐོག་ནི་༸རྒྱལ་དབང་སྐུ་ཕྲེང་བཅུ་པའི་ཡབ་གཞིས་ཡིན་ཞིང༌། ཡབ་གཞིས་འདི་ཉིད་གཡུ་ཐོག་ཟམ་པའི་ཉེ་འཁྲིས་སུ་གནས་ཡོད་སྟབས་ཡབ་གཞིས་ཀྱི་མིང་ལའང་གཡུ་ཐོག་ཅེས་ཐོགས་པར་གྲགས་ལ། ཡབ་གཞིས་གཡུ་ཐོག་ནི་རྒྱལ་ཡབ་བློ་བཟང་སྙན་གྲགས་ཀྱིས་འགོ་བཙུགས་པ་ཞིག་དང༌། ཕྱི་ལོ་ ༡༨༢༢ ལོར་ཐའི་ཇི་རིམ་པ་དང་པོའི་ཐེབས་དང་གོ་གནས་ཐོབ། ལོ་དེའི་ཟླ་བརྒྱད་པའི་ནང་ལྷ་སར་གཟུགས་ཁམས་འཕྲོད་མིན་དགོངས་ཞུས་ཀྱིས་རང་ཁྱིམ་དུ་གཟུགས་ཁམས་དྲག་སྐྱེད་སླད་ལོག ཁོང་ཕྱི་ལོ་ ༡༨༢༤ ལོར་གཤེགས། དེ་རྗེས་ཀྱི་གཡུ་ཐོག་གི་མི་རབས་མང་པོས་བཀའ་བློན་སོགས་ཀྱི་མཛད་འཁུར་བཞེས་ནས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྲི་ཞུ་སྒྲུབ་གནང་མཛད་ཡོད།

ཡབ་གཞིས་གཡུ་ཐོག་ས་དབང་དམ་པ་བཀྲ་ཤིས་དོན་གྲུབ་མཆོག་གི་སྐུ་ཚེའི་བྱུང་བ་ཆེ་ལོང་ཙམ་མ་བཅོས་ལྷུག་པར་བརྗོད་པ་ལས་ཕྱི་ལོ་ ༡༩༥༡ ཙམ་ལ་གཡུ་ཐོག་སྐུ་ངོ་རྒྱ་གར་ནས་བོད་དུ་ཕྱིར་ཕེབས་གནང་བ་དང༌། འདི་ལོར་རྒྱ་ཕྱོགས་ནས་གཡུ་ཐོག་གི་ལྷ་སའི་གཟིམ་ཤག་ཚོང་དགོས་ཡང་ཡང་ཞུས་ཀྱང་སྐུ་ངོ་མཆོག་ནས་ཚོང་གནང་མི་འདུག མཐར་བཀའ་ཤག་ནས་ས་ཚབ་གནང་རྒྱུར་ཚོང་དགོས་ཞེས་གསུང་སྟབས་ཚོང་དགོས་བྱུང་འདུག ལྷ་སའི་མི་དམངས་ནས་ཡབ་གཞིས་གཡུ་ཐོག་གཟིམ་ཤག་དེ་རྒྱ་མིར་བཙོང་པར་མི་འོས་པའི་གཏམ་མང་པོ་བཤད་པའི་གནས་ཚུལ་བྱུང་འདུག རྗེས་སུ་སྐུ་ངོ་གཡུ་ཐོག་མཆོག་ལྷ་སར་བཞུགས་ཤག་ཕྲེང་རིང་ནས་གནས་གཡར་ཞུས་ཏེ་བཞུགས་འདུག་ཅེས་གསལ་ཞིང༌། ཉེ་རབས་བཀའ་ཚབ་གྲགས་ཅན་གཡུ་ཐོག་བཀྲ་ཤིས་དོན་གྲུབ་ལགས་གཟིམ་ཤག་གཡུ་ཐོག་གི་མི་ངོ་ཡིན། དེང་སྐབས་ཡབ་གཞིས་གཡུ་ཐོག་དང༌། གཡུ་ཐོག་བཙན་ཁང༌། གཡུ་ཐོག་ཟམ་པ་བཅས་གནའ་ཤུལ་གྲགས་ཅན་ཁག་ལས་ལྷག་མར་གནས་པ་ནི་གཡུ་ཐོག་ཟམ་པ་ཙམ་ཡིན།

ཅ༽ ཡབ་གཞིས་ཕུན་ཚོགས་ཁང་གསར་རམ་ཡོངས་གྲགས་བསྡུས་མིང་དུ་ཡབ་གཞིས་ཕུན་ཁང་ཞེས་གྲགས་པ་ནི། ༸རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པའི་ཡབ་གཞིས་ཡིན་ལ། སྔར་སྲོལ་ལྟར་རྒྱལ་ཡབ་ཚེ་དབང་དོན་གྲུབ་ལ་གུང་གི་ཆོ་ལོ་དང༌། བཀའ་ཤག་ནས་སྒོས་གཞིས་རྒྱ་ཆེ་གནང་བ་དང༌། ཕུན་ཁང་གུང་བཀྲ་ཤིས་རྡོ་རྗེ་སོགས་བྱུང༌། ༸རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་ཚུལ་ཁྲིམས་རྒྱ་མཚོའི་ཡབ་གཞིས་ཕུན་ཁང་ནི་ཤ་གསར་ཟུར་གྱི་ནུབ་བྱང་མཚམས་སུ་གནས་ཡོདཅིང༌། དེང་སྐབས་སྟེང་ཐོག་གྲོང་མིའི་སྡོད་ཁང་དང༌། འོག་ཁང་རྣམས་ཟ་ཁང་དང༌། ཚོང་ཁང་སོགས་གྱུར་ཡོད།

ཆ༽ ཡབ་གཞིས་གླང་མདུན་ནི་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཡབ་གཞིས་ཡིན་ཞིང༌། དེ་ཡང་༸རྒྱལ་དབང་མཆོག་གནས་ཆེན་ཙ་རི་དང༌། རི་བོ་ཤན་ཏིའི་ཉེ་འདབས་ཤར་ཕྱོགས་དྭགས་སྨད་ཡུལ་གྱི་བྱེ་བྲག་གླང་གླིང་ལྷ་པར་གྲགས་པ། རི་བོ་གླང་ཆེན་འགྱིངས་པ་འདྲ་བའི་མདུན་དུ་གནས་པས་གླང་མདུན་ཞེས་གྲགས་པས། ཡབ་གཞིས་ཀྱི་མཚན་ལའང་གླང་མདུན་ཞེས་ཐོགས། ཡབ་གཞིས་གླང་མདུན་ནི་ཡབ་ཀུན་དགའ་རིན་ཆེན་ནས་དབུ་ཚུགས་ཤིང༌། ཡབ་ལ་སྔར་སྲོལ་བཞིན་གུང་གི་ཆོ་ལོ་དང༌། ནོར་བུའི་ཏོག རྨ་བྱའི་སྒྲོ་གདོང་བཅས་དང༌། སྒོས་གཞིས་རྒྱ་ཆེ་གནང་བས་ཡབ་གཞིས་གླང་མདུན་ཞེས་འབོད། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཡབ་གཞིས་གླང་མདུན་ནི་དམག་ཁུལ་ཁང་གི་ཉེ་འཁྲིས་སུ་ཆགས་ཡོད་པ་བཅས་སོ།།

ཇ༽ ཡབ་གཞིས་སྟག་འཚེར་ནི་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་གི་ཡབ་གཞིས་ཡིན་ཞིང༌། དེ་ནི་ལྷ་ལྡན་ལྕང་གསེབ་ཤར་དུ་ཡོད། ཡབ་གཞིས་སྟག་འཚེར་ནི་ཕྱི་ལོ་ ༡༩༤༡ ལོར་ལྷ་ལྡན་གྱི་ལྕང་གསེབ་ཤར་དུ་ལྷའུ་རྟ་ར་ཐུབ་བསྟན་བསྟན་དར་དང༌། བཤེར་དཔང་ང་ཕོད་སྲས་ངག་དབང་འཇིགས་མེད་རྣམ་གཉིས་ནས་ཡབ་གཞིས་སྟག་འཚེར་མ་ཁང་གསར་རྒྱག་གི་དོ་དམ་བསྐོ་གཞག་གནང་དོན་ལྟར་ལས་འཁུར་གྱིས་ཕྱི་ལོ་ ༡༩༤༥ ལོ་ཙམ་ལ་ལྕང་གསེབ་ཤར་དུ་ཡབ་གཞིས་མ་ཁང་ལེ་ལག་དང་བཅས་པ་གསར་བཞེངས་ལེགས་གྲུབ་ཟིན་པ་བཅས་སོ།།   །།

 

ལྷ་སའི་དངོས་བྱུང་བདེན་དཔང་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།