ལྕགས་པོ་རི་སྨན་རྩིས་ཁང༌རིག་བྱེད་འགྲོ་ཕན་གླིང་།

ལྕགས་པོ་རི་སྨན་རྩིས་ཁང༌རིག་བྱེད་འགྲོ་ཕན་གླིང་།

ལྷ་ས་ལྕགས་པོ་སྨན་རྩིས་ཁང་ནི། རབ་བྱུང་བཅོ་ལྔ་པའི་མེ་འབྲུག་སྤྱི་ལོ་ ༡༩༡༦ ལོའི་ཟླ་ ༩ པར་གསར་དུ་བཙུགས་ཤིང༌། ཁང་པ་དབུས་མ་གཉིས་ཐོག་དང༌། ཤག་ཁོར་ཐོག་གཅིག་མ། མདུན་ངོས་སུ་སྔོ་སྨན་འདེབས་འཛུགས་བྱེད་སའི་ལྡུམ་རྭ་སོགས་ཡོད། དེ་གར་བོད་སྨན་དང༌། སྐར་རྩིས། སྙན་སུམ། སྒྲ་རིག་པ་སོགས་སློབ་གཉེར་གཙོ་བོར་གནང་ས་ཡིན་པ་དང༌། ཐོག་མར་འཛུགས་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུའི་བླ་སྨན་དངོས་གཞི་བྱམས་པ་ཐུབ་དབང་གིས་སྤྱི་ཁྱབ་དང༌།

Image may contain: 1 person, sitting

གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་མཁས་དབང་བླ་སྨན་མཁྱེན་རབ་ནོར་བུ་མཆོག ཕྱི་ལོ། 1956 པར་པ། རྒྱ་རྒན། Chen Zonglie

མཁས་དབང་མཁྱེན་རབ་ནོར་བུས་དོ་དམ་པའི་ཐུགས་འགན་བཞེས་ཤིང༌། ལོ་འཁོར་གཏོང་གྲོན་དངུལ་འབབ་རྩེ་རྣམ་གན་དངུལ་བསྐྱེད་དོ་དམ་ནས་ཞུ་དགོས་པ་དང༌། དབུས་གཙང༌། ལྷོ་ཁ། དྭགས་ཀོང་བཅས་ཀྱི་གཞིས་དགོན་ཁག་ནས་སྨན་རྩིས་སློབ་གསར་ཤེས་རིག་ལྡན་པའི་གྲྭ་གཞོན་སྐོང་བསྡུ་བྱས་ཆོག་པའི་འགན་དབང་ཡོད་པ་དང༌། སློབ་མ་རྣམས་སྨན་རྩིས་དང་སྒྲ་རིག་སོགས་ལ་སློབ་གཉེར་མཐར་ཕྱིན་བྱུང་རྗེས་སློབ་ཐོན་ལག་ཁྱེར་བླངས་ཏེ་རང་གནས་སུ་ལོག་སྲོལ་ཡོད། སྨན་རྩིས་ཁང་དུ་སྨན་དང༌། རྩིས། སྒྲ་རིག་པ་སོགས་ཀྱི་དཔེ་ཆའི་པར་ཤིང་དང༌། སྨན་ཐང་སོགས་རིག་གནས་ཀྱི་སློབ་སྦྱོང་ལ་མཁོ་བའི་དཔེ་རིས་མང་པོ་ཡོད། རིག་གསར་སྐབས་རྩ་གཏོར་སོང་སྟེ་དེང་བོད་ལྗོངས་སྨན་རྩིས་ཁང་ནི་གཙུག་ལག་གི་མདུན་ངོས་སུ་ཆགས་ཡོད་པ་བཅས་སོ།།

 

ལྷ་སའི་དངོས་བྱུང་བདེན་དབང་ལས་བཏུས།

 

Image may contain: sky and outdoor

ལྕགས་པོ་རི་བཻཌཱུརྱ་ལྟ་ན་ངོ་མཚར་འགྲོ་ཕན་རིག་བྱེད་གླིང་།

དཔལ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོའི་འདབས་སུ་ཆགས་ཤིང་རིགས་གསུམ་མགོན་པོའི་བླ་རི་དམར་ལྕགས་བོང་གསུམ་དུ་གྲགས་པའི་ཡ་གྱལ། ཕྱག་ན་རྡོ་རྗེའི་བླ་རི་ལྕགས་རི་འདི་སེང་གེ་གནམ་དུ་མཆོངས་པ་ལྟ་བུའི་དབྱིབས་སུ་སྣང་བ་སོགས་བཀོད་པ་ངོ་མཚར་ཞིང་ལྕགས་དང་གསེར་ལ་སོགས་པའི་གཏེར་ཡང་ཡོད་པར་གྲགས། སྐྱེས་ཆེན་དུ་མས་མཆོད་པའི་གནས་སུ་མཛད་ཅིང་། ལྷག་པར་དུ་གྲུབ་པའི་དབང་ཕྱུག་ཐང་སྟོང་དགུང་ལོ་བདུན་ཅུར་ཕེབས་པ་རབ་བྱུང་བརྒྱད་པའིལྕགས་ཁྱི(༡༤༣༠)ལོར་སྒྲུབ་གནས་ལྟ་ན་སྡུག་པ་འདི་ཉིད་དུ་མཆོད་ཁང་དང་བཅས་པ་གསར་བཞེངས་ཐོག་ཡུན་རིང་བཞུགས། སྨན་རྒྱལ་མི་ཡི་ཟློས་གར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དཔལ་གྱིས་ཞབས་བཅགས་ཏེ་སྨན་གྱི་རི་བོའི་གཟིགས་སྣང་བསམ་གྱིས་མི་ཁྱབ་པ་བྱུང་བར་བརྟེན། དེ་སྔོན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་འབྲས་སྤུངས་སུ་དགའ་ལྡན་ཕོ་བྲང་ནུབ་མར་ཉི་ཐང་ཞབས་དྲུང་བློ་བཟང་རྒྱ་མཚོ་སློབ་དཔོན་དང་། བྱང་ངོས་པ་བསྟན་འཛིན་དར་རྒྱས་ནས་དོ་དམ་བྱེད་པའི་གསོ་རིག་འགྲོ་ཕན་གླིང་གསར་འཛུགས། དེ་བཞིན་གཞིས་རྩེ་བསམ་འགྲུབ་རྩེར་ཚ་རོང་པས་དོ་དམ་བྱེད་པའི་གསོ་རིག་དྲང་སྲོང་འདུས་པའི་གླིང་། རྩེ་ལྷ་དབང་ལྕོག་ཏུ་བྱང་ངོས་པ་དང་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་སོགས་ཀྱིས་དོ་དམ་བྱེད་པའི་གསོ་རིག་སློབ་གྲྭ་ཁག་ཅིག་བཅས་འཛུགས་གནང་མཛད་ཀྱང་ཡུན་རིང་གནས་མ་ཐུབ་པར་བརྟེན། གོང་ས་ལྔ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་ལོ་བཅོ་ལྔ་འཁོར་བ་རབ་བྱུང་བཅུ་གཉིས་པའི་མེ་བྱི(༡༦༩༦)ལོར་སྨན་པའི་སློབ་གྲྭ་ལྕགས་རི་བཻཌཱུརྱ་ལྟ་ན་ངོ་མཚར་འགྲོ་ཕན་རིག་བྱེད་གླིང་ཞེས་སུ་གྲགས་པ་ཕྱག་བཏབ་པར་མཛད་ཅིང་། གསོ་རིག་གི་ལག་ལེན་སློབ་རྒྱུད་འཕེལ་རྒྱས་འབྱུང་སླད་ས་གནས་ཀྱི་རིས་མེད་དགོན་སྡེ་ཁག་ནས་གྲྭ་སློབ་གོ་འཕེར་རེ་གཏན་འཛུགས་དགོས་པའི་བཀའ་རྒྱ་རྩ་ཚིག་དང་བཅའ་ཡིག་ཆེན་མོ། གྲྭ་རྒྱུན་འཛུགས་ཁོངས་ཀྱི་དགོན་དེབ་སྦུག་དམ་འབྱར་མ། གྲྭ་ཚང་དྲུག་བཅུ་རེ་བཞིར་འཚོ་རྟེན་ཆོས་གཞིས་དང་། དེའི་འབྱེད་ཁྲ། ཤེ་བམ་ཆེན་མོ་སོགས་སྦུག་དམ་འབྱར་མའི་གཏན་ཚིག་ཁག་བཅས་མ་ཁྱབ་པ་མེད་པའི་མཐུན་རྐྱེན་རྣམས་འཇོག་གནང་མཛད། སློབ་གྲྭའི་སློབ་དཔོན་དུ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་དང་། འགྲམ་པ་དགེ་སློང་བློ་བཟང་ངག་དབང་གཉིས་བསྐོ་གཞག་བསྩལ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ནས་གསོ་རིག་གི་སྐོར་ལ{{རྒྱུད་བཞིའི་འགྲེལ་པ་བཻཌཱུརྱ་སྔོན་པོ}}དང{{མན་ངག་ལྷན་ཐབས་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི}} {{གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན}} {{རྩིས་གཞུང་བཻཌཱུརྱ་དཀར་པོ}} {{བཻ་དཀར་གཡའ་སེལ}}ལ་སོགས་པ་རིག་གནས་གཞུང་ལུགས་ཆེན་པོ་ཇི་སྙེད་ཅིག་ཐུགས་རྩོམ་མཛད་པ་རྣམས་ཀྱི་མ་དཔེ་འཇོག་པ་གནང་ཡོད་ཅིང་། དུས་རབས་བརྒྱད་པའི་ནང་་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད་པའི{{རྒྱུད་བཞིའི་མ་ཕྱི་ནང་གསལ་མིའི་བྱང་ཁོག་ལུས་ཐོག་གི་རྩ་འགྲེལ}}ལས་གོང་སྨན་མཁས་དབང་བྲང་ཏེ་དཔལ་ལྡན་མཚོ་བྱེད་དང་། བྱང་ཟུར་རྣམ་གཉིས་སོགས་ཀྱི་དཔེ་རིས་་ཐོན་པའི་སྨན་ཐང་རེ་ཟུང་ཡོད་པ་གཞིར་དཔྱད་སྨན་གཞུང་སློབ་ཁྲིད་ཐོག་ལག་ལེན་་གྱི་ནུས་པ་ཐོན་ངེས་བཞིན་པའི་ཆེས་ཆ་ཚང་བ་དང་། ཆེས་གཞུང་དོན་ཚང་བའི་སྨན་ཐང་ཚོན་ཁྲ་ངོ་གྲངས་དོན་དགུ་དང་། བླ་རྒྱུད་ཀྱི་ཐང་ཀ་གཅིག་བཅས་བརྒྱད་ཅུ་ཐམ་པ་གསར་བསྒྲིགས་མཛད་པ་མ་ཟད། སྐབས་དེར་སྡེ་སྲིད་རིན་པོ་ཆེ་སྐུ་དངོས་ཀྱི་དགོངས་དཔྱད་ལྟར། ལྷ་བྲིས་པ་རི་མོ་མཁས་ཅན་ལྷོ་བྲག་བསྟན་འཛིན་ནོར་བུ་ཅན་ལ་ཐུགས་བཀོད་བསྩལ་བ་གཞིར་བཟུང་བྱང་ཁོག་ཕྱི་ནང་གི་རི་མོ་ཇི་བཞིན་བྲིས་པའི་ཐང་ཀ་གཅིག་བྲིས་ནས་སློབ་གཞིའི་དཔེ་རིས་ཡོངས་རྫོགས་འཇོག་གནང་མཛད་པ་མ་ཟད། རབ་བྱུང་བཅུ་གཉིས་པའི་མེ་གླང(༡༦༩༧)ལོའི་ཟླ༥ཚེས༢༥ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་དངོས་སློབ་གྲྭའི་ཚོགས་དབུས་སུ་ཕེབས་ནས་རྩ་རྒྱུད་ཀྱི་ལྗགས་ལུང་གནང་སྐབས་དྲུང་འཚོ་དར་མོ་བའི་སློབ་འཁོར་ཀྱང་ཞུ་བར་བཅར་མཁན་མང་བ་དང་། ལྕགས་རི་རིག་བྱེད་གླིང་སྨན་གྲྭ་ངག་དབང་རྒྱ་མཚོས་གསོ་རིག་རྩ་རྒྱུད་ཡོངས་རྫོགས་དང་། བཤད་རྒྱུད་ཀྱི་ལེའུ་བཅུ་གཉིས་པ། མན་རྒྱུད་ཀྱི་ལེའུ་དང་གཉིས་དང་། ལེའུ་དོན་ལྔ་པ། ཕྱི་རྒྱུད་ཀྱི་ལེའུ་བཞི་པ་དང་ཉེར་བདུན་པ། མཇུག་དོན་ཤོག་བུ་གཉིས་རྣམས་སྡེ་སྲིད་རིན་པོ་ཆེ་སྐུ་དངོས་ཀྱིས་རྒྱུགས་བཞེས་མཛད་པ་སོགས་བླ་ན་མེད་པའི་དགོངས་བཞེད་ཟབ་མོའི་ཐོག་སླད་ཕྱིན་མཁན་སློབ་ཡོངས་ནས་བྱེད་པོར་གཙོ་བོ་རིགས་པའི་གཞུང་ལུགས་དང་། སྨན་བཅོས་ལག་ལེན་ཟུང་འབྲེལ་གྱིས་ཕྱོགས་གང་ཅིའི་ཐད་སྣང་ཆུང་ལྷོད་གཡེངས་སུ་མ་སོང་བར་དོ་དམ་ཤུགས་སྣོན་ཆེན་པོས་ཧུར་བརྩོན་གྱི་སློབ་སྦྱོང་དང་སློབ་ཁྲིད་ནུས་པ་ཐོན་དགོས་པའི་བཀའ་སློབ་ཐིང་ནོན་བསྩལ་བར་བརྟེན་དགེ་སློབ་ཚང་མས་སྤྱི་བོར་དང་ལེན་ཞུས་པའི་སྙིང་པོར་ཐོག་མར་སྨན་གྲྭ་ངག་དབང་རྒྱ་མཚོས་སྡེ་སྲིད་རིན་པོ་ཆེར་རྒྱུགས་འབུལ་ཞུས་རྗེས་སློབ་གྲྭའི་ཚོགས་གཞུང་དུའང་རྒྱུད་བཞི་ཡོངས་རྫོགས་རྒྱུགས་འབུལ་ཞུས་པ་དང་། དེ་རྗེས་ལྕགས་རི་སྨན་གྲྭ་གྲགས་རྒྱལ་གྲོང་པ་སངས་རྒྱས་སྲིད་སྒྲུབ་ཀྱིས་གསོ་རིག་རྒྱུད་བཞི་ཆ་ཚང་རྒྱུགས་འབུལ་ཞུས་གནང་ཞིང་གོང་ས་ཆེན་པོའི་སྐུའི་བླ་སྨན་པ་ཞབས་ཞུ་དང་། གདན་ས་གསུམ་ལ་སྨན་སྦྱིན་པ་རེ་གཏོང་བ། ལྷག་པར་ཚད་ལྡན་གྱི་སློབ་མ་མང་པོ་ཐོན་ནས་གསོ་རིག་ཀྱི་བསྟན་པའི་མིག་རྒྱན་དུ་གྱུར་པ་དང་། དེ་མཚུངས་དུས་སྐབས་དེ་དག་གི་ཡས་མས་སུ་མདོ་སྨད་བྱང་ཤར་ཁུལ་དང་སོག་ཡུལ་སོགས་ལ་ཡང་བོད་སྨན་གྱི་གསོ་བ་རིག་པ་ཁྱབ་གདལ་དུ་ཕྱིན་ཡོད་པ་དཔེར་ན། ཕྱི་སོག་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པའི་བླ་སྨན་དུ་ལྕགས་རི་སྨན་པ་བློ་བཟང་ཆོས་འཕེལ་དང་སྐལ་བཟང་ཡར་འཕེལ་སོགས་སྔ་རྗེས་མཁས་པ་མང་པོ་གཏོང་གནང་མཛད་པ་དང་། དེ་བཞིན་གོང་མའི་དབུ་བླ་ལྕང་སྐྱ་རོལ་པའི་རྡོ་རྗེའི་བླ་སྨན་དུ་ལྕགས་རི་སྨན་པ་ཏཱ་བླ་མ་འཇམ་དབྱངས་མཁས་གྲུབ་གཏོང་གནང་མཛད་པ། རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་བླ་བྲང་བཀྲ་ཤིས་འཁྱིལ་འཇམས་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་པོ་དང་། མཚོ་སྔོན་གྱི་བསྟན་འཛིན་ཆིང་ཝང་གཉིས་ནས་རེ་ཞུས་ལྟར་ལྕགས་རི་སྨན་པ་གཙང་སྨན་ཡེ་ཤེས་བཟང་པོ་ཞུ་བ་བཀྲ་ཤིས་འཁྱིལ་སྨན་པ་གྲྭ་ཚང་གི་སློབ་དཔོན་དུ་གཏོང་གནང་མཛད་པ། ཀུན་མཁྱེན་འཇིགས་མེད་དབང་པོ་ལྕགས་པོ་རིར་གནས་གཟིགས་སུ་ཕེབས་པའི་སྐབས་དེར་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་ཐང་ཞིག་བཀྲམས་ཡོད་པ་ནས་གློ་བུར་དུ་རང་འགུལ་གྱིས་ལྷུང་བས་སྨན་པ་གྲྭ་ཚང་ཕྱག་འདེབས་རྒྱུའི་རྟེན་འབྲེལ་དུ་དགོངས་ནས་ནང་རྟེན་ལ་ཞུས་གནང་བ་དེ་བཀྲ་ཤིས་འཁྱིལ་སྨན་པ་གྲྭ་ཚང་དུ་ད་ལྟའང་མཇལ་རྒྱུར་བཞུགས་འདུག་ལགས། སློབ་གཉེར་བྱེད་ཕྱོགས་ཐད་ཏཱ་ལའི་བླ་མ་བསྐལ་བཟང་རྒྱ་མཚོས་ཞིབ་ཅིང་ཕྲ་བར་གཏན་འབེབས་གནང་བ་རྣམས་འདིར་ཡིག་ཚོགས་ཆེ་བས་བཀོད་མེད། ཡིག་ཚང་ལས་ཁུངས་སུ་མི་བབས་སྤྱན་བསྟར་ཞུས་ནས་བཀའ་འཁྲོལ་བྱུང་མཚམས་སློབ་གྲྭའི་སྒྲིགས་ཞུགས་བྱས་ཆོག དེ་གའི་ཉིན་སྡོད་གནས་དང་རྩ་བའི་སློབ་འཁྲིད་དགེ་རྒན་ཐོབ་ཁུངས་དེར་འགན་དཀྲིས་བྱས། དེས་རྒྱུན་དུ་སྒྲིག་ལམ་ཀུན་སྤྱོད་དང་། བསླབ་པ་སློབ་གཉེར། འཚོ་བའི་འགན་སྲུང་བཅས་ཀྱི་དོ་དམ་ལག་བསྟར་བྱ་རྒྱུ་དང་། ཐོབ་ཁུངས་གཞིས་དགོན་གྱིས་ཀྱང་འཚོ་གོས་ལ་བལྟ་སྐྱོང་དགོས་པ་བཅས་དང་། དོ་བདག་ནས་ཀྱང་དགེ་རྒན་གྱི་ངག་བཀོད་དང་ལེན་ཐོག་རྒྱུན་ཚོགས་དང་ཆོས་ར་ཚུགས་རྒྱུ། ཕྱག་བདེ་གཞོན་ཁྲལ་གྱི་རིགས་སྒྲིག་ཁྲིམས་སྤྱི་མཚུངས་འཐུས་ཤོར་མེད་པ་དང་། རང་འཁྲིའི་སློབ་གཉེར་ལ་འབད་བརྩོན་ལྷོད་མེད་ཀྱིས་སྨན་བླ་གཙོ་གྱུར་གྱི་སློབ་གྲྭའི་འདོན་ཆོས་རྣམས་ངག་སྐྱོར་ཚོགས་རྒྱུགས་ཐེངས་གཉིས་འབུལ་རྒྱུ་དང་། དེ་རྗེས་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞིའི་གསོལ་འདེབས་དང་། རྒྱུད་བཞི་ཆ་ཚང་ཐོན་ན་དམིགས་བསལ་གྱིས་གཟིགས་བཟོས་གཟེངས་བསྟོད་གནང་སྲོལ་འདུག་པ་དང་། རྩ་རྒྱུད། བཤད་རྒྱུད། ཕྱི་མ་རྒྱུད་བཅས་རྒྱུད་གསུམ་པོ་ནི་ངེས་པར་དུ་གསལ་དག་འཁྱོར་གསུམ་གྱིས་ཚོགས་རྒྱུགས་འབུལ་ཐུབ་པ་མ་བྱུང་ན་སློབ་གྲྭར་གནས་ཐབས་མེད་ལ་དེ་ཡང་ལོ་དགུ་སོང་མཚམས་བརྗེ་ལེན་བྱེད་སྲོལ་ཡོད། སྨན་གཞུང་རྒྱུགས་འབུལ་ཞུ་སྲོལ་ནི་གྲྭ་སའི་དགེ་བཤེས་མཚན་རྟགས་་གཏོང་བའི་ལམ་སྲོལ་ལྟར་མང་ཇ་ཉིན་འཁྱོངས་གཟབ་ལེགས་དང་ཐུག་པ་མིང་བཏགས་འབུལ་དགོས། སྔ་དུས་ལྕགས་་པོ་རིར་རྒྱུད་བཞི་ཆ་ཚང་ཚོགས་རྒྱུགས་འབུལ་མཁན་བྱུང་ཡོད་པ་དེར་མཁན་པོའི་གདན་ཐོབ་གནང་ཞིང་། རྒྱུད་བཞི་མཁན་པོ་ཞུ་བའི་འདྲ་སྐུ་ཡང་མཇལ་རྒྱུ་ཡོད་ལགས། སྨན་གཞུང་མ་ཐོན་བར་དགེ་ཕྲུག་རྣམས་སོ་སོའི་དགེ་རྒན་སར་བསྡད་དེ་དགེ་རྒན་གྱི་ཞུ་ཐོ་གང་ཅིར་ངག་བཀོད་དང་ལེན་ཐོག་ཉིན་ལྟར་དགེ་རྒན་ནས་སློབ་ཁྲིད་གནང་བའི་དཔེ་ཆ་བློ་འཛིན་བྱས་ནས་ངག་རྒྱུགས་འབུལ་དགོས་པ་དང་དགོང་དྲོ་ས་སྲོས་ཐོག་དགེ་བསྐོས་ནས་སྐྱོར་རྡའི་འཁར་རྔ་བརྡུང་འཕྲལ་ཤག་སོ་སོའི་སྒོ་ཁར་དོན་ནས་ཆུ་ཚོད་གཅིག་གཉིས་ཙམ་རིང་བློ་འཛིན་ངག་སྐྱོར་བྱེད་དགོས། གཞོན་ཁྲལ་ནི་སྨན་འཐུར་འགྲོ་རྒྱུ་སྟེ། ཁུ་བྱུག་མ་སླེབས་གོང་པྲི་ཡང་ཀུ་དང་། སྲད་དཀར་མེ་ཏོག། བྱི་སྲད་སོགས་དུས་བཏུ་དགོས་རིགས་འཐུ་བར་འགྲོ་དགོས་པ་དང་། ཟླ་བ་བཞི་པའི་ནང་སེ་བའི་མེ་ཏོག་དང་། དྭ་ལིས་མེ་ཏོག། ཨུག་ཆོས་དཀར་པོའི་མེ་ཏོག་སོགས་འཐུ་བ། ཟླ་བ་ལྔ་པར་པར་པ་ཏ་ལ་སོགས་ཀྲུང་སྨན་འཐུ་འོས་རྣམས་དང་། ཟླ་མཇུག་ཏུ་ཨུཏྤལ་སྔོན་པོ་འཐུ་བར་འགྲོ་དགོས། ཟླ་བ་བདུན་པའི་ཚེས་ཤར་ནས་བྲག་ཡེར་པར་སྨན་འཐུ་ཆེན་མོར་སྲིད་སྐྱོང་སངས་རྒྱས་རྒྱ་མཚོ་སྐུ་ངོ་ཕེབས་ཀྱི་ལམ་ལྟར་དགེ་རྒན་བགྲེས་སོང་དང་ལོ་ན་ཆུང་བ་ཕུད། དེ་བྱིངས་ཚོགས་་ཡོངས་ནས་སྔོ་སྨན་འཐུ་བ་དང་ངོས་འཛིན་སློབ་ཁྲིད་ཟུང་འབྲེལ་བྱས་ནས་ལྷ་ཁུལ་དོག་བདེ་ནས་བྲག་ཡེར་པ་ཚུན་གྱི་རི་རྒྱུད་གང་སར་ས་གནས་གཞན་དང་མི་འདྲ་བའི་སྨན་སྣེ་ཧ་ཅང་འཛོམས་པོ་ཡོད། སྨན་འཐུར་ཐོན་པ་ནས་གཟིམ་མལ་ལ་བཞུགས་རིང་ཚུན་ལ་སྨན་སློབ་རྣམས་ནས་དགེ་རྒན་ལས་སྣེ་ཚང་མར་བཀའ་འདྲི་ཞུས་ནས་སློབ་ཁྲིད་བྱས་ཆོག་གཟིམ་མལ་ཕར་བརྒྱབ་ནས་ལས་སྣེ་རྣམ་པར་རྒྱུགས་ཚད་བཞེས་རྒྱུའི་སྨན་ངོ་གྲ་སྒྲིག་གནང་གི་ཡོད། ཚེས༩སྐོར་ནས་སྨན་ངོ་རྒྱུགས་ཚད་ལེན་རྒྱུའི་འགོ་ཚུགས་དེ་སྔོ་སྨན་སྣེ་ཁ་བརྒྱ་ཕྲག་ལྔ་དྲུག་སྐོར་ནས་མ་ཆག་པར་ངོ་བཤེར་རྒྱུགས་འབུལ་ཞུ་དགོས་པ་དང་། ཚེས༡༣ཉིན་ཐོན་སྐོར་གྲལ་སྒྲིག་སྐབས་མི་སོ་སོར་ཨང་གྲངས་ལ་གཞིགས་པའི་གཟིགས་བཟོས་གནང་རྒྱུ། ཟླ་བ་བཅུ་གཅིག་པའི་ཟླ་མཇུག་ཏུ་སྨན་གཉེར་ནས་བཀོད་སྒྲིག་གིས་གཞོན་ཁྲལ་རྣམས་ལོ་འཁོར་སྨན་གཉེར་ནས་བཀོད་སྒྲིག་གད་རྒྱག་པ་དང་པགས་པ་བཤུ་བ་སོགས་ལས་སྣོན་བྱེད་སྒོ་གང་ཅི་འཐུས་ཚང་བྱས་ནས་ཆབས་ཅིག་སྨན་ཁྲོག་རྣམས་ཞོར་ལ་ངོས་འཛིན་ཡོང་གི་ཡོད་ལགས་པ་དང་། ཟླ་བ་བཅུ་གཉིས་པར་ལོ་འཁོར་སྨན་བརྡུང་ཆེ་མོ་ཉིན་བདུན་བརྒྱད་སྐོར་ལ་ཚོགས་ཡོངས་ཕེབས་དགོས། དེའི་ནང་ནས་དགེ་རྒན་ལས་སྣེ་དང་སྨན་པ་བགྲེས་པ་སྨན་སྦྱིན་ཐོན་པ་ཡན་ནས་རང་སོ་སོའི་སྨན་སྦྱོར་གྱི་སྦྱར་དེབ་བསྣམས་ནས་སྦྱོར་ཚད་གོ་སྡུར་གྱིས་ཐུན་མོང་ཐོག་ཉམས་མྱོང་གསུངས་ནས་སྨན་སྦྱོར་གནང་བ་དང་། དེ་འོག་ཚང་མས་སྨན་གྱི་འདུས་སྦྱོང་དང་བརྡུང་བརྡར་བྱས་ནས་བརྡུང་ས་གཏུན་ཀོང་ལྔ་ཡོད་པས་བརྡུངས་ས་རེར་མི་གསུམ་རེ་ཡོད་པ་གཏུན་ཀོང་ཕན་ཚུན་འགྲན་བསྡུར་བྱེད་པ་དང་། སྨན་སྦྱོར་སྣེ་རེ་ཚར་རིམ་བཞིན་སྦྱར་དབུར་ཚད་ལྡན་བརྒྱབ་བསྟུན་སློབ་དམངས་རྒན་པས་འགོ་གསུང་བསྐུལ་གྱིས་སྨན་ནུས་སྐྱོར་དགོས་པ་དང་། སྨན་ཕུད་ནས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྨན་ཁུག་བརྒྱང་དགོས། སྨན་བརྡུངས་ལས་ཀ་ཚར་བའི་ཁ་བྱང་ཤོག་ལྷེ་དེ་གཏུན་ཀོང་སོ་སོའི་གྱང་ལྡེབས་སུ་འབྱར་ནས་མང་ཉུང་བལྟ་ས་བྱེད་པ་དེས། ལས་ཀའི་ནུས་ཤུགས་ལ་ཤུགས་རྐྱེན་བཟང་པོ་ཡོང་བའི་འགན་སྲུང་ཐུབ་ཀྱི་ཡོད། གོང་གསལ་སྨན་སྣ་ལྔ་བཅུ་ང་བཞི་སྐོར་ཡོད་པ་དེ་དག་ནད་བཞི་བརྒྱ་རྩ་བཞིའི་གཉེན་པོ་གཅིག་འཐུས་སུ་གྱུར་པ་ལུས་ཅན་ཕན་བདེའི་གནས་ལ་ཆེད་དུ་སྨན་པ་སོགས་དགེ་མཚན་ཤིན་ཏུ་ཆེ་བར་མངོན་ནོ། །

དུང་དཀར་ཚིག་མཛོད་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།