ང་དགུ། ཞོལ་གྱི་གནའ་ཤུལ་ཁག་ 46 ངོ་སྤྲོད།

ང་དགུ། ཞོལ་གྱི་གནའ་ཤུལ་ཁག་ 46 ངོ་སྤྲོད།

ལེའུ་བརྒྱད་པ། ཞོལ་གྱི་གནའ་ཤུལ་ཁག་དང་པོ་ཏཱ་ལའི་རྒྱབ་ངོས་ཀྱི་གནའ་ཤུལ་བཅས་ཀྱི་ལོ་རྒྱུས།

 

ང་དགུ། ཞོལ་གྱི་གནའ་ཤུལ་ངོ་སྤྲོད།

 

དེ་ཡང་ཞོལ་གྱི་གནས་རྙིང་ཁག་གི་གྲུབ་ཚུལ་རྣ་བར་སྙན་པའི་སྒྲུང་གཏམ་དང་ཤོད་རྒྱུན་མང་དག་ཅིག་ཡོད་པ་སྟེ། ཤོད་སྲོལ་ལ་སྔ་མོ་ཞོལ་དུ་པོ་ཏཱ་ལ་དུད་ཚང་གཅིག་ཏུ་བརྩིས་ནས་ཞོལ་ཡོངས་ལ་གྲོང་མི་ཐེམ་དུད་ཆིག་སྟོང་ཏག་ཏག་ཡོད་སྐད། ཐེམ་དུད་ཆིག་སྟོང་དེ་ལྕགས་རི་ཆེན་པོ་གཅིག་གིས་བཅད་ནས་ལྕགས་རིའི་ནང་ལ་ཞོལ་ནང་མ་དང༌།

ལྕགས་རིའི་ཕྱི་ལ་ཞོལ་ཕྱི་མ་ཞེས་ཟེར། དེ་ཡང་ལྕགས་རིའི་ཕྱི་ལ་ཡོད་པའི་རྡོ་རིང་ལ་ཞོལ་རྡོ་རིང་ཕྱི་མ་དང༌། ལྕགས་རིའི་ནང་ཁོངས་སུ་ཡོད་པའི་རྡོ་རིང་ལ་ཞོལ་རྡོ་རིང་ནང་མ་ཞེས་འབོད་པ་ཡང༌། ལྕགས་རིའི་ཕྱི་ནང་གཉིས་སུ་གནས་པའི་དབང་ལས་མིང་དེ་ལྟར་ཐོགས་པ་ཞིག་ཡིན་ཞིང༌། ལྕགས་རི་དེ་ནི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་པོ་ཏཱ་ལ་བཞེངས་སྐབས་བསྐོངས་གནང་མཛད་པ་རེད་ཅེས་ཟེར་སྐད། ལྕགས་རི་འདི་ནི་ཕོ་བྲང་པོ་ཏཱ་ལའི་ཤོད་ཀྱི་ཤར་ནུབ་གྱི་རྩེ་གཉིས་ལ་གཏུགས་ནས་བཞེངས་ཡོད།

པོ་ཏཱ་ལའི་ཤོད་ཀྱི་གྲོང་སྡེ་འདིར་ཞོལ་ཞེས་པའི་ཐ་སྙད་འདི་འདྲ་ཞིག་ཇི་ལྟར་ཐོབ་བམ་ཞེ་ན། སྔར་དགོན་པ་ཞིག་དང་གྲོང་སྡེ་ཞིག་དབར་ལ་དམའ་མཐར་ཡང་སྐད་བརྒྱབ་སྟེ་གོ་ཐུབ་ཙམ་གྱི་བར་ཐག་འཇོག་དགོས་ཤིང༌། ཕན་ཚུན་སྐད་བརྒྱབ་སྟེ་གོ་ཐུབ་པའི་བར་ཐག་གི་རིང་ཚང་ལ་རྒྱང་གྲགས་གཅིག་ཅེས་བརྗོད། བར་ཐག་རྒྱང་གྲགས་གཅིག་ལྷག་ཡོད་པའི་གྲོང་ཚོར་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཞོལ་ཞེས་དང༌། གྲོང་ལས་རྒྱང་གྲགས་གཅིག་གིས་ཆོད་པའི་དབེན་གནས་ལ་མང་ཚོགས་རྣམས་ཀྱིས་དགོན་པ་ཞེས་འབོད་ཀྱི་ཡོད།

ཡང་ན། དེ་སྔ་བོད་ཀྱི་ས་ཆ་མང་ཆེ་བར་རི་སྟེང་དུ་གཞུང་འཛིན་མཁར་རྫོང་སོགས་སྐྲུན་ཞིང༌། མཁར་རྫོང་གི་ཤོད་དུ་གནས་པའི་གྲོང་ཚོར་སྤྱིར་ཞོལ་ཞེས་འབོད་པ་ལྟར། ཞོལ་ཞེས་པ་ནི་རྩེ་ཕོ་བྲང་ཆེན་པོའི་མདུན་འདབས་སུ་ཆགས་པའི་ཁུལ་དེར་ཞོལ་ཞེས་པ་ནི་རྗེས་གྲུབ་ཀྱི་ཐ་སྙད་ཅིག་ཡིན། དེས་ན་པོ་ཏཱ་ལ་དང་ཞོལ་དབར་སྐད་བརྒྱབ་སྟེ་གོ་མི་ཐུབ་པའི་བར་ཐག་ཆོད་མེད་ཀྱང་རྩེའི་ཤོད་ཀྱི་གྲོང་ཚོར་ཞོལ་ཞེས་ཟེར་བས་གོང་གསལ་གྱི་ནང་དོན་གཉིས་ལྡན་ཡིན་པ་ཤེས་རྟོགས་ཐུབ།

སྔར་ཞོལ་གྱི་ལྕགས་རི་ཕྱི་ནང་གཉིས་ལས་ལྕགས་རིའི་ནང་དུ་བོད་གཞུང་དགའ་ལྡན་ཕོ་བྲང་པའི་གཞུང་གི་ལས་ཁུངས་ཁག་ཆགས་ཡོད་པ་ནི་ཞོལ་དམག་སྤྱི་ཁང་དང༌། ཞོལ་པར་ཁང་སྟེ་བོད་དཔེའི་པར་ཤིང་ཁག་བཞུགས་པ་དང༌། ནས་ཁང་ཐོག་ཀ་སྟེ་འབྲུ་ཁང་གི་ཐོག་ཀ་ཡིན། ཞོལ་ཆིབས་ར་ལས་ཁུངས། ཞོལ་གཉེར་ལས་ཁུངས། ཞོལ་སྤོས་བཟོ་ཁང༌། ཞོལ་སྤྱི་ཕོགས་ཁང༌། འདོད་དཔལ་ཏེ་ཐོག་མར་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་ཡིན་སྐད་ལ་རྗེས་སུ་ལུགས་རྒྱག་སའི་བཟོ་གྲྭ། ཞོལ་པ་ལས་ཁུངས་ཏེ་ལྷ་སའི་ཉེ་འདབས་ཀྱི་རྫོང་གཞིས་ཁག་གི་ཁྲིམས་ཁང་བཅས་ལས་གྲུབ་ཡོད་པ་ལས་ད་ལྟའང་ཁང་རྙིང་དང་ལྕགས་རི་འགའ་ཞིག་བསྡད་ཡོད། ཕོ་བྲང་པོ་ཏཱ་ལའི་ཐང་ཆེན་གསར་སྐྲུན་སྐབས་ཞོལ་གྱི་གྲོང་མི་རྣམས་ཕོ་བྲང་པོ་ཏཱ་ལའི་རྒྱབ་ངོས་སུ་གནས་སྤོས་བྱས་སྟབས་ད་ལྟ་ཁུལ་དེར་ཡང་ཞོལ་གྲོང་གསར་ཞེས་འབོད་བཞིན་ཡོད།

 

༡ ཞོལ་པ་ལས་ཁུངས།

 

ཞོལ་པ་ལས་ཁུངས་ནི་པར་ཁང་ནུབ་མའི་གཞོག་ཤར་དུ་གཤིབ་གནས་སུ་གནས་ཡོད་ལ། དེ་ནི་སྔར་ལྷ་སའི་གླིང་སྐོར་ཕྱི་དང་ཞོལ་འོག་རྫོང་གཞིས་བཅོ་བརྒྱད་ལ་ཁྲལ་བསྡུ་ཁྲིམས་གནོན་བྱེད་མཁན་གྱི་སྲིད་འཛིན་ལས་ཁུངས་གྲགས་ཅན་ཞིག་ཡིན་པ་དང༌། ལོ་རྒྱུས་ཀྱི་དེབ་ཐེར་ཁག་ལ་གཞིགས་ན་༸རྒྱལ་དབང་ལྔ་པ་ཆེན་པོའི་གོང༌། དམར་པོ་རིའི་འོག་ཞོལ་ལྕགས་རི་ཕྱི་ནང་དུ་ཞོལ་པའི་ཁྲིམས་འདོམས་བྱེད་མཁན་མི་སྣ་འགའ་ཤས་ལས་མེད་པར་སྣང༌།

ཞོལ་པ་ལས་ཁུངས་ནི་སྤྱི་ལོ་ ༡༦༧༥ ལོར་སྡེ་སྲིད་བཞི་པ་རྣམ་གྲྭ་གཉེར་པ་བློ་བཟང་སྦྱིན་པས་ཞོལ་ལས་ཁུངས་བཙུགས་པ་ནས་བཟུང༌། ཞོལ་གྱི་ལྕགས་རི་ཕྱི་ནང་དང༌། ལྷ་སའི་གླིང་སྐོར་གྱི་ཕྱི་ཕྱོགས་ལ་གནས་པའི་ཡུལ་གྲོང་ཁག་དང༌། རྫོང་གཞིས་བཅོ་བརྒྱད་ལ་དོ་དམ་བྱེད་པའི་ལས་ཁུངས་ཤིག་ཡིན་པ་དང༌། རྫོང་གཞིས་བཅོ་བརྒྱད་ཀྱི་གྱོད་དོན་ཆེ་རིགས་ཐག་གཅོད་བྱེད་མི་ཐུབ་པ་དག་སྤྱི་ཁྱབ་བཀའ་ཤག་ལ་སྙན་སེང་ཞུས་དགོས་པ་ཕུད། དེ་བྱིངས་ཞོལ་པ་ལས་ཁུངས་ཀྱི་ལས་འཛིན་ཞོལ་གཉེར་སེར་སྐྱ་ཐུན་མོང་གིས་ཐག་གཅོད་བྱེད་ཀྱི་ཡོད། ཕྱོགས་མཚུངས་ལྷ་སའི་ཆུ་རག་བཅོ་བཟོས་ལ་དོ་དམ་དང༌། རྫོང་གཞིས་བཅོ་བརྒྱད་ཀྱི་འབྲུ་ཁྲལ་བསྡུ་ལེན་བྱས་ཏེ་ལས་ཁུངས་ཁག་ལ་བགོས་འགྲེམས་བྱེད་དགོས་ཀྱི་ཡོད།

གླིང་སྐོར་ནང་ཚུད་ཀྱི་ཁྱིམ་དུད་དང་མི་ཚང་སྒེར་པ་ཆེ་འབྲིང་ཆུང་གསུམ་ལ་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་འབྲས་སྤུངས་ཚོགས་ཆེན་ཞལ་ངོས་ཁྲིམས་འདོམས་བྱེད་པ་ལས་དུས་རྒྱུན་དུ་སྣང་རྩེ་ཤག་ལས་ཁུངས་ཀྱིས་ཁྲིམས་འདོམས་བཀའ་བཀོད་བྱེད་ཀྱི་ཡོད། ཞོལ་པ་ལས་ཁུངས་ཀྱི་རྒྱུན་གཏན་དོ་དམ་བྱེད་མཁན་ཞོལ་གཉེར་ཞེས་སེར་སྐྱ་གཉིས་རིམ་པ་ལྔ་པའི་གོ་གནས་ཡོད་ཅིང༌། ལོ་རྒྱུས་ཐོག་ཞོལ་གཉེར་རིམ་པ་བཞི་པ་དང༌། ཛ་སག ཐའེ་ཇིའི་གོ་གནས་ཡོད་པའང་ཁ་ཤས་བྱུང་འདུག ཁ་རྒྱུན་ལ་ཁོང་ཚོར་སྡེ་པ་ཞོལ་པ་ཞེས་བརྗོད།

དེ་མིན་གཉེར་ཆུང་དྲུང་གཏོགས་མི་གཉིས་དང༌། ཁང་གཉེར་མི་གཅིག དྲུང་ཡིག་མི་ཤུ་ཙམ་དང་དེའི་འོག་ལ་ནང་ཟན་ཉི་ཤུ་རྩ་ལྔ་བཅས་ཡོད་པར་རྟག་ཏུ་ཞོལ་པ་ངོ་ལས་ཞེས་འབོད། ཞོལ་གཉེར་ལས་ཁུངས་ཀྱི་སྟེང་ཤོད་ཕྱི་ནང་སོགས་རང་ཁུངས་སོ་སོར་གད་བདར་གཙང་སྦྲ་དང་མེ་རྐུན་སྲུང་བྱ་བྱེད་མཁན་གད་པ་མི་བརྒྱད་ཡོད་ལ། ཞོལ་ལྕགས་རི་ཕྱི་ནང་དང་ལྷ་སའི་གླིང་སྐོར་ཕྱིར་གནས་པའི་མི་སེར་ཁག་ལ་བརྡ་ལན་སྤྲོད་མཁན་གྱི་བཅུ་དཔོན་མི་བཞི་བཅས་ཡོད་པ་ནི་ཞོལ་པ་ལས་ཁུངས་ཀྱི་སྤྱིར་བཏང་གི་སྒྲིག་གཞི་ལགས།

དེ་ཡང་ཞོལ་པ་ལས་ཁུངས་ཀྱི་བཀའ་བཀོད་ཁྲིམས་འདོམས་སུ་ཚུད་པའི་རྫོང་གཞིས་བཅོ་བརྒྱད་ནི། ༡ ཚལ། ༢ ཆོས་ལུང༌། ༣ བདེ་ཆེན་རྫོང༌། ༤ འབྲོམ་ཐོད་གཞིས་ཀ ༥ སྣེའུ་རྫོང༌། ༦ རྣམ་རྒྱལ་སྒང་གཞིས་ཀ ༧ ཤེལ་གྲོང་གཞིས་ཀ ༨ སྦྲགས་གཞིས་ཀ ༩ ཕྲེང་སྒོ་གཞིས་ཀ ༡༠ ལུམ་པ་ས་ཚིགས། ༡༡ འཇང་གཞིས་ཀ ༡༢ གནམ། ༡༣ གདོང་དཀར་རྫོང༌། ༡༤ སྙེ་ཐང་གསེར་ཁང་གཞིས་ཀ ༡༥ གླང་རུ་གཞིས་ཀ ༡༦ དོག་སྡེ་ལྷོ་མོས་གཞིས་ཀ ༡༧ གྲྭ་བཞི་གཞིས་ཀ ༡༨ འབྲས་བུ་གླིང་ཀ་ ༼ཕ་ལྷའི་ཡིན།༽ བཅས་ཡིན་ནོ།།

 

༢ མ་ཎི་ལྷ་ཁང༌།

 

མ་ཎི་ལྷ་ཁང་དེ་ཡབ་གཞིས་གཡུ་ཐོག་གིས་བཞེངས་པར་གྲགས་ལ། དེའི་ནང་དུ་མཎི་ཆེན་པོ་ཞིག་ཡོད་ཅིང༌། དེའི་ཕྱི་ཕྱོགས་ནུབ་ངོས་ཀྱི་གྱང་ལྡེབས་སུ་སྔར་ཡིག་ཚང་ལས་ཁུངས་ནས་བཀྲམ་པའི་རྩ་ཚིག་གམ་བཀའ་རྒྱ་སོགས་གསལ་པོར་བཀོད་པའི་ལུགས་གཉིས་ཁྲིམས་བདག་གི་བདག་དབང་མཚོན་བྱེད་ཀྱི་གཞུང་དམ་ཆེ་ཆུང་གཉིས་བརྒྱབ་འདུག་པ་གསལ་པོ་མཐོང་རྒྱུ་ཡོད་སྐད་བཅས་སོ།།

 

༣ ཞོལ་དམག་སྤྱི་ཁང༌།

 

ཞོལ་དམག་སྤྱི་ཁང་ནི་བདེ་ཡངས་ཤར་དུ་བསྐྱོད་སའི་རྡོ་གཅལ་གྱི་གཤམ་དུ་གནས་པའི་ཐོག་བརྩེགས་གསུམ་ལྡན་གྱི་ཁང་པ་དེ་ཡིན་ལ། ཞོལ་དམག་སྤྱི་ཁང་ནི་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་དམག་སྤྱི་ངོ་ལས་ཀྱི་གཞུང་ལས་ཁང་ཞིག་ཡིན་ཞིང༌། བོད་ཡིག་ཀ་མད་སུམ་ཅུ་ ༼བོད་ཡིག་གསལ་བྱེད་བཅུ་གཉིས་པ་ན་ནི་ནད་ཀྱིས་ན་བའི་དོན་ལ་ཡང་འཇུག་པས་བཀྲ་མི་ཤིས་པར་དགོངས་ནས་འདིར་མདའ་ཤོག་བཅུ་གཉིས་པའི་ཨང་རྟགས་བསྒྲིགས་མེད།༽ གཞིར་བཞག་གིས་རིམ་པར་བསྒྲིགས་པའི་དམག་སྒར་ཆེ་ཆུང་ཡོངས་ཀྱི་ལྟེ་གནས་ཀྱང་ཡིན། དམག་སྤྱི་ཁང་འདིས་བོད་གཞུང་བཀའ་ཤག་གི་འོག་ཏུ་ལས་ཀ་བྱེད་དགོས།

དམག་སྤྱི་ཁང་འདིར་རྒྱུན་སྡོད་བྱེད་མཁན་དམག་དཔོན་ནི་བཀའ་ཤག་གི་རིམ་བཞི་དཔོན་རིགས་གཅིག་དང༌། རྩེའི་སྐོར་གྱི་ལས་ཚན་པ་གཅིག དམག་དོན་ལས་དྲུང་གཉིས་དང༌། རྩེའི་ལས་དྲུང་གཉིས། དེ་བཞིན་ལྷ་སའི་དམག་སྒར་ཁག་ནས་ཡོང་བའི་ལྡིང་དཔོན་ཁ་ཤས་བཅས་ཡོད། དམག་སྤྱི་ཁང་འདིའི་ལས་འགན་གཙོ་བོ་ནི། དམག་དོན་དོ་དམ་བྱེད་རྒྱུ་དང༌། ལྷ་སའི་དམག་སྒར་ཁག་གི་རུ་དཔོན་བསྐོ་འཐེན་དང༌། དེ་བཞིན་ཐག་རིང་དུ་བསྐྱོད་པའི་དམག་སྒར་ཁག་གི་དམག་ཕོག་དང་གྱོན་ཆས། མཚོན་ཆ་འབར་མདེལ་དབོར་འདྲེན་སོགས་ཀྱི་ལས་དོན་རྣམས་བཀའ་ཤག་ལ་སྙན་སེང་ཞུས་རྗེས་གཞི་ནས་ཐག་གཅོད་བྱེད་ཀྱི་ཡོད།

ཐོག་བརྩེགས་གསུམ་ལས་བར་ཐོག་དམག་སྤྱི་ཁང་དང༌། སྟེང་ཐོག་ལྷ་མོ་ཁང༌། དེའི་འོག་ཁང་ནང་ལ་རྫས་མདེལ་དང༌། མདའ་གྲི་གདུང་གསུམ་དང༌། མེ་མདའ་བཅས་མཚོན་ཆ་སྣ་ཚོགས། ཡ་སོར་གྱི་ཆས་གོས་དབུ་རྨོག་ཁྲབ་ལ་སོགས་པ་ཚང་མ་འཇོག་སའི་བང་མཛོད་ཕུན་སུམ་ཚོགས་པོ་ཞིག་ཡོད།

དམག་སྤྱི་ཁང་དེ་ཁང་པ་ཐོག་བརྩེགས་གསུམ་ལྡན་བརྗིད་ཆགས་པ་ཞིག་ལགས། དེའི་དབུ་རྩེར་མགོན་ཁང་ཞིག་ཡོད་ཅིང་ནང་ལ་སྲུང་མ་དམར་ནག་གཉིས་ཡོད། དུས་རྒྱུན་དུ་སྲུང་མ་དམར་ནག་གཉིས་གསོལ་མཁན་དང་བསྐང་གསོ་བ་རྡོ་རྗེ་བྲག་ནས་དགེ་འདུན་གཉིས་གསུམ་ཙམ་ཡོང་དགོས། ལྷ་ལྡན་སྨོན་ལམ་ཆེན་མོའི་གཏོར་རྒྱག་སྐབས་སུ་སྲུང་མ་དམར་ནག་གཉིས་ཀྱི་རྟེན་ཐུག་གདན་འདྲེན་ཞུ་མཁན་འདམ་བརྒྱ་ཤོག་བརྒྱད་ནས་མི་གོ་ཐང་གཉིས་ཡོང་དགོས་པ་དང་ཆིབས་ར་སྦུག་ནས་ཆིབས་ཆེན་གསུམ་དང་ཆིབས་ར་མདོ་ནས་དཀྱུས་རྟ་འགའ་ཤས་གཏོང་དགོས་པ་སོགས་སོ།།

 

༤ དགྲ་འདུལ་ཁང༌།

 

དགྲ་འདུལ་ཁང་ནི། ཞོལ་དམག་སྤྱི་ཁང་གི་རྒྱབ་ལོག་ཏུ་གནས་ཡོད་ཅིང༌། དེའི་ཐོག་བརྩེགས་གཉིས་པར་ལས་ཤག་འགའ་ཤས་དང༌། རྩེ་དྲུང་དཀྱུས་མ་རྟ་སོགས་གང་ཡང་མེད་པ་ཚོ་སྡོད་ཀྱི་ཡོད། ཤོད་ལ་དམག་སྤྱི་ཁང་གི་རྫས་མེ་སོགས་འཇོག་ས་ཡིན་པས་གལ་འགངས་ཤིན་ཏུ་ཆེ་བར་འཛིན།

 

༥ ཞོལ་པར་ཁང་ཤར།

 

གངས་ཅན་ཕན་བདེའི་གཏེར་མཛོད་དང༌། པར་ཤིང་བཞུགས་ཡུལ་རྙིང་པ་དགའ་ལྡན་ཕུན་ཚོགས་གླིང་ཐོག་བརྩེགས་གཉིས་ཅན་གྱི་ཁང་བཟང་དེ་ལོ་རྒྱུས་ཤིན་ཏུ་རིང་བའི་པར་ཁང་རྙིང་མ་ཞིག་ཡིན། ཞོལ་པར་ཁང་ནི་བོད་ཀྱི་པར་ཁང་ཆེན་པོ་རྣམ་གསུམ་སྟེ། ཞོལ་པར་ཁང་དང༌། སྣར་ཐང་པར་ཁང༌། སྡེ་དགེ་པར་ཁང་བཅས་གྲགས་ཅན་གྱི་པར་ཁང་གསུམ་གྱི་ཡ་གྱལ་ཞིག་ཡིན། དེའི་ཤོད་དུ་སྔོན་བྱོན་གངས་ཅན་མཁས་གྲུབ་དུ་མས་དཀའ་བ་བརྒྱ་ཕྲག་སྤྱད་ནས་ལྗགས་རྩོམ་མཛད་པའི་གསུང་འབུམ་གྱི་པར་ཤིང་གྲངས་ལས་འདས་པ་བཞག་ཡོད། པར་ཁང་ཤར་ནུབ་གཉིས་ནང་བཀའ་འགྱུར་དང་བསྟན་འགྱུར་གྱི་པར་ཤིང་ཆ་ཚང་བ་ཡོད་པ་དང༌། ཧ་ལམ་མི་གྲངས་བརྒྱ་ཙམ་ཞིག་གིས་རྒྱུན་དུ་འདིར་པོ་ཏཱ་ལ་དང༌། བོད་ཆོལ་གསུམ་ལ་མཁོ་བའི་ཕྱག་དཔེ་པར་འདེབས་གནང་གི་ཡོད། དེའི་སྟེང་དུ་རྩེ་དྲུང་དང་ཇོ་ལགས་སོགས་ཀྱི་བཞུགས་ཤག་ཀྱང་ཡོད།

 

༦ ཤར་སྒོའི་ཐོག

 

ཞོལ་ལྕགས་རིའི་རྡོ་བཀྱག་རིང་པོ་ཡོད་སའི་ཤར་སྒོ་དེར་བརྗོད་ཅིང༌། དེའི་སྟེང་གི་ཁང་པ་ནི་བོད་གཞུང་དམག་སྤྱི་ཁང་གི་དམག་ཕོགས་འབྲུ་རིགས་འཇོག་ས་ཡིན་ཞིང༌། དེར་དོ་དམ་བྱེད་མཁན་རྩེ་དྲུང་ཞིག་ཡོད། སྤྱིར་དམག་ཕོགས་དུས་ཚོད་ངེས་མེད་ལ་རྒྱག་དགོས་པས་འབྲུ་རིགས་སོགས་གྲ་སྒྲིག་ཨང་གསར་དགོས། ཤར་སྒོ་ནས་འགྲུལ་བཞུད་བྱེད་མཁན་ཕལ་མོ་ཆེ་རྡོ་བཀྱག་རིང་པོའི་ཉེ་འཁྲིས་སུ་སྡོད་མཁན་གྱི་མི་སེར་དང༌། ༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་ཤར་ལ་ཞལ་ཕྱོགས་ནས་ཕེབས་སྐབས། དེ་ཕྱོགས་ནས་ཕེབས་ཐོན་གནང་གི་ཡོད་ཀྱང་རྒྱུན་དུ་ལྟག་སྒོ་ནས་ཕེབས་ཀྱི་ཡོད།

 

༧ དཀྱིལ་འཁོར་རྙིང་པ།

 

རྡོ་བཀྱག་རིང་པོའི་འོག་ཏུ་ཡོད་པའི་སྐྱ་མིའི་ཁྱིམ་ཚང་དཀྱུས་མ་ཞིག་གི་ཤག་ཡིན། སྔར་དེར་ཚོང་ཁང་ཆུང་ཆུང་ཞིག་ཡོད་ཀྱང་ཕྱིས་སུ་ཇོ་ལགས་ཤིག་གིས་དེའི་ནང་མི་སེར་གྱི་ཕྲུ་གུ་དང་ནང་ཟན་གྱི་ཕྲུ་གུར་ཡི་གེ་སློབ་ཀྱི་ཡོད་སྐད་བཅས་སོ།།

 

༨ མཁན་ཟུར།

 

རྩེ་ཕོ་བྲང་ནང་མཆིས་པའི་མཁན་པོ་ཚང་གི་སྐུ་ངོ་སྤྱི་ཁྱབ་མཁན་པོའི་མཁན་ཐོག་ཅིག་གི་བཞུགས་ཤག་ཡིན་པས་མིང་དེ་ལྟར་ཐོགས་པ་དང༌། ཁོང་ཕྱག་ལས་ལ་ཕེབས་སྐབས་རྩེ་ཕོ་བྲང་གི་ལས་ཤག་ཏུ་བཞུགས་ཀྱི་ཡོད་པ་ལས་འདིར་ཕེབས་བཞུགས་གནང་གི་མེད། དེའི་འཁོར་གཡོག་ཕྱག་མཛོད་སོགས་གཏན་སྡོད་བྱེད་ས་ལྟེ་བའང་དེ་ཡིན།

 

༩ མཁན་ཟུར་རྟ་ར།

 

མཁན་ཟུར་རྟ་ར་ནི། བདེ་སྐྱིད་ཤར་གྱི་བྱང་ཤར་ངོས་སུ་གནས་ཡོད། དེ་ནི་མཁན་ཟུར་སྒེར་པའི་རྟ་འཇོག་སའི་རྟ་ར་ཡིན་པས་མིང་དེ་ལྟར་ཐོགས། དེ་སྔ་དེའི་ནང་དུ་ཨ་དྲུང་རྟ་མགྲིན་སྡོད་ཀྱི་ཡོད་ཅིང་དེའི་འཁྲིས་སུ་མཁན་ཟུར་མཛོ་ར་ཞེས་པའང་ཡོད།

 

༡༠ ནམ་མཁའ་གཞིས་ཀ

 

དེ་ཆིབས་ར་གཡུང་དྲུང་ལག་འཁྱུད་ཀྱི་ནང་དུ་གཞུང་ཞབས་པ་ཚོས་བསྟེན་པའི་ལྷ་སྡེ། རྒྱལ་པོ་སྐུ་ལྔའི་ནང་གསེས་སམ་གནས་ཆུང་རྡོ་རྗེ་གྲགས་ལྡན་གྱི་སྐུ་འཁོར་ཆིབས་ར་རྒྱལ་པོའི་སྐུ་ཁོག་བུད་མེད་དེའི་བཞུགས་ཤག་ཡིན་ཞིང༌། སྐུ་ཁོག་མཐའ་མ་དེའི་མིང་ལ་ཉི་མ་ལགས་ཞེས་ཁོང་གི་མི་ཚང་དེ་མི་རབས་དུ་མའི་རིང་ཆིབས་རའི་ལྷའི་སྐུ་ཁོག་བྱེད་མྱོང་ཡོད། ཉི་མ་ལགས་ཀྱི་ཕ་མའི་དུས་སུ་ནམ་མཁའ་གཞིས་ཀའི་སྐུ་ཁོག་ལགས་ཞེས་སྐད་གྲགས་ཤིན་ཏུ་ཆེན་པོ་ཡོད། ཡང་ཆིབས་ར་རྒྱལ་པོ་གསོལ་བའི་སྐབས་གཞུང་གི་བླ་ཕྱག་ལས་ཁུངས་ནས་ཇ་མར་དང་སྡེ་པ་ཞོལ་པ་ནས་གསོལ་ཞིབ་བཅས་ཀྱི་གཏོང་སྒོ་བཏང་སྲོལ་ཡོད་པར་གྲགས།

 

༡༡ ཞོལ་སྤོས་བཟོ་ཁང༌།

 

དེ་ནི་སྔར་བོད་གཞུང་གི་གཟིམ་སྤོས་བཟོ་ས་ཡིན་ཞིང༌། དེའི་འགན་ཁུར་མཁན་ནི་རྩེ་དྲུང་ལས་བྱ་གཅིག་དང༌། རྩེ་ཕྱག་ནང་གཅིག རྩེ་གཉེར་ནང་གཉིས་བཅས་ཡོད་པ་དེའི་ལས་འགན་ནི་ཙནྡན་དཀར་དམར་གྱིས་མཚོན་སྤོས་རྒྱུ་གང་དགོས་རྩེ་ཕྱག་ལས་ཁུངས་ནས་ཞུ་དགོས་པ་དང༌། སྤོས་བརྡུང་ལས་མི་སྔར་ལམ་ཡར་འབྲོག་གླིང་གཞིས་འོག་ནས་རྐང་འདོན་ཆ་གསེས་ཀྱིས་མི་གྲངས་སུམ་ཅུ་སྐོར་ལོ་ལྟར་ཟླ་བ་བཅུ་པ་ནས་ཟླ་བ་གཉིས་རིང་ཞོལ་ཤར་སྒོའི་ལྕོག་ཏུ་སྤོས་བརྡུང་ལས་འགོ་བཙུགས་ཀྱི་ཡོད། སྤོས་བཟོའི་ལས་གྲྭ་དེ་ནས་གཙོ་བོར་གཟིམ་ཆུང་གཟིམ་སྤོས་དང༌། གཟིམ་འདྲ། དཀྱུས་སྤོས་བས་ཨང་གྲངས་གསུམ་དུ་དབྱེ་སྟེ་རྩེ་ཕྱག་ལས་ཁུངས་ཀྱི་འབབ་དེབ་ནང་གསལ་སྤུས་འབོར་ལས་མ་ཞན་པ་ལོ་ལྟར་ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ཉིན་རྩེ་ཕྱག་ལས་ཁུངས་སུ་རྩིས་འབུལ་ཞུ་སྲོལ་ཡོད།

དེ་ནས་བཟོས་པའི་གཟིམ་སྤོས་ཐམས་ཅད་ཚོས་མདོག་རྒྱ་སྨུག་ཅན། འབོམ་ཕྲ་སྙོམས་ཤིང་སྤུས་ལེགས་ཤ་སྟག་ཡོད་ཅིང༌། དྲི་བསུང་ཤུགས་ཆེ་བ། ཁང་པའི་ནང་དུ་བདུགས་ཚེ་དྲི་ཞིམ་སྒོ་རའི་ནང་སོགས་ཕྱོགས་གང་སར་ཁྱབ་ཅིང༌། ནམ་ཞག་རྒྱུན་དུ་དེའི་ཤོད་ལ་སྤོས་རྡུང་སའི་གཏུན་ཁུང་ཆེན་པོ་བཅུ་གྲངས་ཤིག་གྲལ་བསྒྲིགས་ནས་བཞག་ཡོད། གཟིམ་སྤོས་དངོས་སུ་བཟོ་ས་ཐོག་བརྩེགས་གཉིས་པའི་ནང་ལ་ཡིན་ཞིང༌། དེ་ནས་ཐོན་པའི་གཟིམ་སྤོས་དག་བླ་མ་ཆེ་ཁག་གི་གཟིམ་ཆུང་དང་ཆོས་ཕྱོགས་ཀྱི་ཆོ་ག་གང་ཡིན་ལ་བེད་སྤྱོད་བྱེད་པ་མ་ཟད། ལྷག་དོན་དུ་དེ་ནི་ལྷ་ལྡན་གྱི་ཐུན་མོང་མ་ཡིན་པའི་ལག་ཤེས་ཐོན་ཁུངས་ལེགས་པོ་ཞིག་ཡིན། ཕྱི་རྒྱལ་སོགས་ཀྱི་སྐུ་མགྲོན་ལ་མཇལ་སློག་གི་ཕྱག་རྟགས་ལེགས་ཤོས་ཤིག་ཀྱང་ཡིན། སྤོས་རྡུང་བ་མི་བཅུ་གྲངས་ཡོད་པ་ཡར་འབྲོག་ལ་འཁྲི་བ་དང༌། ཐད་ཀའི་འགོ་འཛིན་བྱེད་མཁན་ལ་ཞལ་ངོ་སྤོས་རྡུང་དབུ་མཛད་ཅེས་བརྗོད། དེར་དགོས་པའི་རྒྱུ་དངོས་དང་འགྲོ་སོང་ཚང་མ་རྩེ་འཕྲལ་བདེ་ལས་ཁུངས་དང་ཤོད་བླ་ཕྱག་ལས་ཁུངས་གཉིས་ནས་གཏོང་སྲོལ་འདུག་པ་བཅས་སོ།།

 

༡༢ བཞེས་སྤྲོ་ཁང༌།

 

གཞུང་གི་བཞེས་སྤྲོ་བཀྲག་སའི་ཁང་ཆེན་ཞིག་སྟེ། ཞོལ་ལྕགས་རིའི་ནང་ཚུད་ཀྱི་དབུས་སུ་སྒོ་ར་ཆེན་པོ་ཞིག་གི་ནང་དུ་ཡོད། རྩེ་འཕྲལ་བདེ་ལས་ཁུངས་ནས་དོ་དམ་བྱས་ཏེ་ལོ་གསར་སོགས་འཆར་འཕར་མཛད་སྒོ་སྟོན་ཆེན་ཚུགས་དུས་བཞེས་སྤྲོ་ཕོན་ཆེན་སྒྲིག་གཤོམ་བྱེད་དགོས་པ་རྣམས་དེ་ནས་མཁོ་འདོན་བྱེད་དགོས་ལ། བཞེས་སྤྲོའི་སྦྱིན་བདག་སྟེ་སྣུམ་དང་གྲོ་ཞིབ་སོགས་ཀྱི་འགྲོ་སོང་གཏོང་མཁན་ལོ་ལྟར་མི་ཚང་མི་འདྲ་བ་ཐོན་གྱི་ཡོད། བཞེས་སྤྲོ་བཀྲག་མཁན་ཚང་མ་ཞོལ་གྱི་མི་སེར་ཤ་སྟག་ཡིན་ཞིང༌། བཞེས་སྤྲོ་དེ་དག་མཛད་སྒོའི་སྐབས་མི་སེར་སོགས་ལ་ཧབ་ཐོབ་རྒྱག་ཏུ་འཇུག་གི་ཡོད། དེའི་གོ་དོན་ནི་བླ་མ་གྲགས་ཅན་གྱི་ལུས་སྦྱིན་པ་བཏང་བའི་ཚུལ་ཡིན། ཧབ་ཐོབ་རྒྱག་མཁན་མང་ཆེ་བ་གྲིབ་པ་དང༌། མུར་རྩ། དཀར་ཀུན། ར་མ་སྒང་བཅས་སྐྱིད་ཆུའི་ལྷོ་ཕྱོགས་སུ་གནས་སྡོད་བགྱིས་པའི་མི་སེར་དག་དང་ཆིབས་རའི་རྟ་གཡོག་ཀྱང་ཚང་མ་ཡོང་གི་ཡོད།

དེ་ཡང་སྟོན་ཆེན་ཞེས་པ་ནི་ཕོ་བྲང་པོ་ཏཱ་ལའི་ནང་དུ་གནང་སྲོལ་ཡོད་པའི་སྔར་གྱི་རྟེན་འབྲེལ་གྱི་མཛད་སྒོ་ཆེ་གྲས་ཤིག་ཡིན། དེའང་ལོ་རེའི་ལོ་གསར་མ་ཤར་གི་ཟླ་བ་གཉིས་ཙམ་ནས་ཞོལ་གྱི་བཞེས་སྤྲོ་ཁང་ནས་ཞལ་ངོ་གཉིས་ཀྱི་འགན་ཁུར་འོག་མི་གྲངས་བདུན་ཅུ་ལྷག་ཙམ་ཞིག་གིས་བཞེས་སྤྲོ་བཀྲག་གི་ཡོད། ལོ་གསར་གྲུབ་མཚམས་སུ་སྟོན་ཆེན་དབུ་ཚུགས་ཤིང༌། དེ་ཡང་ཕོ་བྲང་ཤར་ནུབ་མཚམས་ཀྱི་ཚོམས་ཆེན་དཀྱིལ་དུ་ཤིན་ཏུ་ཆེ་ལ་མཐོ་བའི་སྡེར་ཁ་སྒྲིག་པ་དང༌། བཞེས་སྤྲོ་དེ་དག་ནི་སྤུས་ཚད་ལེགས་ཤིང་དེའི་སྟེང་དུ་རྫས་བརྒྱད་དང༌། བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་བརྒྱབ་ཡོད་པ་དང༌། བཞེས་སྤྲོ་ཆེ་བ་ལ་གཞོན་པ་གཅིག་གིས་ལག་ཡ་གཅིག་གིས་འདེགས་ཐུབ་ཙམ་ཡོད། སྡེར་ཁའི་མདུན་དུ་ཤིང་འབྲས་སྣ་ཚོགས་དང༌། རྒུན་འབྲུམ། ཆི་བི་ཁ་སོགས་སྒྲིག་གཤོམ་བྱེད་པ་དང༌། དེ་བཞིན་སྡེར་ཁའི་སྟེང་དུ་ནང་ཁྲོལ་བཏོན་ནས་སྐམ་སྲོལ་བཏང་བའི་གཡག་དང་ལུག་བཅུ་གྲངས་ཀྱི་ཤ་ཁོག་མགོ་བོ་དང་མཇུག་མ་ཆ་ཚང་ཡོད་པ་སྒྲིག་སྲོལ་ཡོད་པ་ནི་ཕྱི་ལོ་ཕྱུགས་རིགས་ཤ་ཤེད་རྒྱས་པ་དང༌། ཞིང་འབྲོག་ལོ་ལེགས་ཡོང་བའི་སྨོན་འདུན་མཚོན་བྱེད་ཡིན། མཛད་སྒོའི་རིང་དུ་ལྟད་མོ་ལྟ་མཁན་མི་མང་པོ་ཡོང་བ་དང༌། མཛད་སྒོ་མཇུག་སྒྲིལ་མཚམས་ལྟད་མོ་བར་སྡེར་ཁའི་བཞེས་སྤྲོ་དང་ཤ་སྐམ་སོགས་ཧབ་ཐོབ་རྒྱག་འཇུག་གི་ཡོད། ཧབ་ཐོབ་རྒྱག་པ་ནི་འདོད་ཡོན་དང་བཀྲ་ཤིས་མཚོན་པར་བྱེད་པ་ཡིན་ཞིང༌། མཛད་སྒོ་དེ་ཧབ་ཐོབ་རྒྱག་པའི་འུར་སྒྲའི་ཁྲོད་ནས་མཇུག་སྒྲིལ་གྱི་ཡོད།

 

༡༣ ཞོལ་ཤིང་ར།

 

ཞོལ་ཤིང་ར་ལ་ཁག་གཉིས་ཡོད། གཅིག་ནི་རྣམ་རྒྱལ་ཤིང་ར་སྟེ་རྩེ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཚོགས་ཞུགས་ཤིང་འཇོག་ས་ཡིན་ཞིང༌། དེ་ནི་སྤེལ་བཞིའི་གཟིམས་ཤག་བྱང་ངོས་ཀྱི་རྒྱབ་ཙམ་ལ་ཡོད། གཞན་ཞིག་ནི་མཁན་པོ་ཤིང་ར་ཞེས་མཁན་པོ་ཚང་གི་ཤིང་ར་ཡིན་ཞིང༌། དེ་ནི་སྒར་ཆང་གི་ཁ་སྤྲོད་དུ་ཡོད། དེའི་ཤིང་གི་ཡོང་ཁུངས་གཙོ་བོ་མཁན་པོ་གླིང་ཁ་སྟེ་ད་ལྟའི་རྩེ་ཕོ་བྲང་གི་རྒྱབ་ངོས་ཀྱི་ཕྲུ་གུའི་རྩེ་མོ་རྩེ་སའི་གླིང་ཁ་དེའི་རྒྱུད་ལ་ཡིན། རྩེ་མཁན་པོ་ཚང་ནི་རྩེ་གསོལ་ཐབ་ཀྱི་མེ་ཤིང་ལ་ཐེ་ཇུས་དོ་དམ་དང་བདག་གཉེར། མཁོ་འདོན་བྱེད་མཁན་བཅས་ཡིན་ཞིང་དེའི་ཁོངས་སུ་ད་དུང་ཀུ་ཤུ་གླིང་ཁ་དང༌། བཞུགས་ཁྲི་གླིང་ཁ་སོགས་ཡོད། དེས་རྩེ་ཤོད་གཉིས་ལ་མེ་ཤིང་སོགས་དགོས་པ་ག་དུས་སམ་གང་དུ་མཆིས་པ་མགྱོགས་མྱུར་དང་མཁོ་འདོན་བྱེད་དགོས།

 

༡༤ མེ་སྒྱོགས་ཁང༌།

 

དེ་སྔ་དེར་ཟངས་ཀྱིས་བཟོས་པའི་མེ་སྒྱོགས་གཅིག་ཡོད་ཅིང༌། ལྷ་ལྡན་སྨོན་ལམ་ཆེན་མོའི་མཇུག་ཆོག་གཏོར་རྒྱག་སྐབས་སུ་མེ་སྒྱོགས་དེ་རྩེ་དྲུང་གླིང་ཁའི་ནང་དུ་དབོར་ཏེ་དེར་ས་ལྡེལ་ལྡེལ་ཞིག་ཡོད་པ་དེའི་སྒང་ལ་བཞག་ནས་ཀླུད་ཕྱིར་སྤྱུག་བྱེད་དུས། སྐྱིད་ཆུའི་ལྷོ་ཕྱོགས་སུ་མཆིས་པའི་བྱ་སྐྱག་དཀར་པོ་ཞེས་པའི་རི་དེ་ཙམ་མཐོ་པོ་མེད་པ་རྩེ་ཕོ་བྲང་ལ་རྒྱབ་བསྟན་ནས་ཡོད་པ་དེར་སྡིགས་ཁུངས་སྤྲད་ནས་རྒྱག་གི་ཡོད། མེ་སྒྱོགས་རྒྱག་མཁན་ཚང་མས་མི་རེ་ལ་གུར་ཆུང་རེ་ཕུབ་ནས་དེ་ག་རང་ལ་སྡོད། དེ་ཡང་མེ་སྒྱོགས་ཁག་གསུམ་ཙམ་ཡོད་པ་ནི་སྲིན་མོ་དང༌། ལྐུགས་པ། སི་རལ་བཅས་ཡིན་ཞིང༌། མེ་སྒྱོགས་ལྐུགས་པ་དེ་དུས་རྒྱུན་དུ་ཞོལ་གྱི་ཤར་ཕྱོགས་ལ་འཇོག་ཅིང་དེ་ཧ་ཅང་ཆེ་བས་ཕར་ཚུར་དབོར་འདྲེན་བྱེད་དུས་མི་ལྔ་བཅུ་དྲུག་ཅུ་ཙམ་མེད་ཚེ་འགུལ་བསྐྱོད་གཏོང་ཐུབ་ཀྱི་མེད། མེ་སྒྱོགས་སྲིན་མོ་དེ་རྟ་ཡིས་འཁྱེར་ཐུབ། མེ་སྒྱོགས་སི་རལ་དེའང་ཧ་ཅང་ཆེན་པོ་ཡོད་པས་མི་དྲུག་ཅུ་བདུན་ཅུ་ཙམ་མེད་ཚེ་དབོར་འདྲེན་བྱེད་ཐུབ་ཀྱི་མེད། དེའི་མདེའུ་ཐོན་སའི་ཁུང་ནང་ལ་མིའི་མགོ་ཤོང་ཐུབ། མདེའུ་ཞ་ཉེ་རིལ་རིལ་རྐང་རྩེད་སྤོ་ལོའི་ཆེ་ཆུང་ཙམ་ཡོད་ཅིང་གྲིབ་ཕྱོགས་ལ་འཕེན་སྐབས་ནམ་མཁའ་ལ་འགྲོ་བ་དངོས་སུ་མཐོང་ཐུབ། མེ་སྒྱོགས་འཕེན་ཟིན་རྟིང་དེའི་མདེའུ་སྒྲུབ་མཁན་ནི་གར་ཕྲུག་པ་དང་གཟིམ་ཆུང་བ་ཡིན། གལ་ཏེ་མདེའུ་རིའི་མདུན་ངོས་ལ་བབ་ཡོད་ཚེ། གཟིམ་ཆུང་བས་སྒྲུག་པ་དང་རིའི་རྒྱབ་ངོས་ལ་བབ་ཚེ་གར་པས་གྲིབ་པ་ལ་བསྐུལ་ནས་སྒྲུག་ཏུ་བཅུག བརྗོད་སྲོལ་ལ་ཐེངས་གཅིག་མདེའུ་ཞིག་རྙིང་མའི་གྲགས་ཅན་དགོན་སྡེ་རྡོ་རྗེ་བྲག་སྒོ་རའི་དབུས་ཀྱི་རྡོ་བཅལ་ཐོག་ལ་བབ་ནས་ས་དོང་ཆགས་པས། དེའི་ཤུལ་ལ་ཤིང་ཤུག་པ་དཀར་པོ་ཞིག་བཏབ་ཡོད་པ་དེ་ད་ལྟའང་མཐོང་རྒྱུ་ཡོད་སྐད།

 

༡༥ ཞོལ་དངུལ་པར་ཁང༌།

 

ཞོལ་དངུལ་པར་ཁང་ནི། སྔར་དུས་རབས་བཅོ་བརྒྱད་དང་བཅུ་དགུའི་ནང་བེད་སྤྱོད་བཏང་མྱོང་བའི་བོད་དངུལ་བཟོ་ས་ཡིན་ཞིང༌། དེ་དག་ཟངས་དམར་ལས་བཟོས་པ་ཤ་སྟག་ཡིན། དེ་ལ་དབྱེ་ན་ཁ་གང་དང༌། ཁ་གང་ཟུར་བརྒྱད། ཕྱེད་བརྒྱད། ཞོ་གང༌། སྐར་མ་བཅས་ཡོད། དངུལ་ཁང་དེའི་ནང་ལ་སྐུ་སྣ་ཚོགས་ཀྱང་པར་འདེབས་བྱེད་ཀྱི་ཡོད་ཅེས་བརྗོད། ཕྱིས་སུ་བེད་སྤྱོད་བཏང་མྱོང་བའི་བོད་དངུལ་ཤོག་ལོར་དེ་དག་ནི་གྲྭ་བཞི་དངུལ་པར་ཁང་ནས་པར་འདེབས་བྱས་པ་ཡིན།

 

༡༦ ཞོལ་ཆིབ་དྲེལ།

 

ཆིབ་དྲེལ་ནི་རྩེ་ཕོ་བྲང་གི་གསོལ་ཐབ་ལ་ཆབ་ཆུ་སྐྱེལ་མཁན་དེར་བརྗོད་ཅིང༌། དེ་ཡང་ལྕགས་པོ་རིའི་བྱང་ངོས་སྨན་ཆུ་ཞེས་ཆུ་མིག་ཤིན་ཏུ་གཙང་ཤིང་བྱིན་རླབས་ཅན་ཞིག་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆབ་ཆུ་བཞེས་ཡས་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་ཚང་མས་ཡན་ལག་བརྒྱད་ལྡན་གྱི་ཆུ་ཞེས་འབོད། ཁོ་ཚོས་དེ་ནས་ཆབ་ཆུ་བླངས་ཏེ་དྲེལ་ལ་བཀལ་ནས་རྩེ་ཕོ་བྲང་གི་ལྟག་སྒོའི་འཁྲིས་སུ་ཟོམ་ཆེན་དུ་མ་མཆིས་པ་དེ་དག་ནང་བླུགས་ཤིང༌། རྩེ་གསོལ་ཐབ་པས་དེ་ནས་རུང་ཁང་ནང་དུ་འདྲེན། དེའི་དོ་དམ་པ་ནི་ཆབ་དྲེལ་ཞལ་ངོ་ཞེས་དྲུང་གཏོགས་པ་མི་གཉིས་དང་རྟ་དྲེལ་ལག་དོ་གཉིས་ཡོད། ཞལ་ངོའི་ལས་རོགས་ལག་དོ་ཞེས་མི་བདུན་བརྒྱད་ཙམ་ཡོད། དེང་སང་སྔར་ཤུལ་མཐོང་རྒྱུ་ཡོད་པ་ཙམ་ལས་ཆུ་སྤུས་ལེགས་དེ་སྐམ་ནས་ཐིགས་པ་ཙམ་ཡང་མཐོང་རྒྱུ་མི་འདུག

 

༡༧ ཞོལ་བཀྲས་ཁང༌།

 

ཞོལ་བཀྲས་ཁང་ནི། གུ་གེ་ཆོས་རྒྱལ་གདུང་ལས་མཆེད་པ་བཀྲ་ཤིས་ཁང་གསར་གྱི་མི་ངོ་དག་གི་བཞུགས་གནས་ཡིན་སྟབས། གུ་གེའི་ཁང་པ་བཀྲ་ཤིས་ཁང་གསར་ལ་བསྡུས་མིང་དུ་གུར་ཁང་བཀྲ་ཤིས་ཁང་གསར་ཞེས་ཐོགས་པ་ཡིན། དེ་ལས་བསྡུས་ཚེ་བཀྲས་ཁང་ཞེས་བྱ་ཞིང་། ཐོག་མར་བཀྲས་ཁང་མེས་པོ་གོང་མ་རིམ་པའི་བཞུགས་གནས་སམ་གཟིམ་ཁང་གི་ཆ་ནས་གུར་ཁང་བཀྲ་ཤིས་ཁང་གསར་རམ་བསྡུས་མིང་ལ་ཞོལ་བཀྲས་ཁང་ཞེས་ཐོགས་པ་ཡིན། དེ་ལྟར་གུར་ཁང་བཀྲ་ཤིས་ཁང་གསར་ཞེས་ཐོག་བརྩེགས་གསུམ་ལྡན་གྱི་ཁང་བཟང་ལེགས་པོ་ཞིག་ཡོད། དེའི་ཐོག་བརྩེགས་ཉིས་ཐོག་དང་གསུམ་ཐོག་ལ་སྐུ་དྲག་སྒེར་པ་ཁག་གི་སྡོད་གནས་དང༌། ཤོད་དུ་གཞུང་གི་དབུ་གུར་ཆེ་ཆུང་སྣ་ཚོགས་ཚོས་གཞི་མི་འདྲ་བ་སྣ་ཚོགས་མཆིས་པའི་མཛོད་ཁང་ཡིན། ལྷག་དོན་དེའི་ནང་༸རྒྱལ་དབང་མཆོག་ཕྱོགས་ཕེབས་གནང་སྐབས་འབུབས་བྱེད་ཀྱི་དབུ་གུར་སྤུས་ལེགས་ཕྱིང་གུར་སོགས་ཡོད་ལ། གཞུང་གིས་སྤྱོད་པའི་དབུ་གུར་དང༌། གུར་ནང་འདིང་བྱེད་ཀྱི་ས་གདན་དང་ཁ་གདན་སོགས་འཇོག་གི་ཡོད། གུར་དེ་དག་གི་བཟོ་རྩལ་ངོ་མཚར་ཆེ་བ་དང༌། རྒྱུ་སྤུས་དག་པ་བཅས་རེ་རེ་བཞིན་ལྟ་ན་སྡུག་པའི་སྒྱུ་རྩལ་གྱི་ཐོན་རྫས་འབའ་ཞིག་ཡིན། གུར་དེ་ཚོར་ཆེ་ཆུང་སྣ་ཚོགས་དང༌། རིགས་མི་འདྲ་བ་མང་པོ་ཡོད་པ་སྟེ། བཀའ་ཤག་གི་མཛད་སྒོ་འདྲ་མིན་ཁག་ལ་བེད་སྤྱོད་བྱེད་པའི་དབུ་གུར་ཆེ་བ་དང༌། རྩེའི་དཔོན་རིགས་ཁག་གིས་བེད་སྤྱོད་བྱེད་པའི་དབུ་གུར་ཆུང་བ། དེ་བཞིན་མཛེས་པའི་རྩལ་ཐད་རྨ་བྱའི་གཟུགས་དང༌། སེང་འབྲུག་ཁ་ལ་འཕྱོ་བ། པདྨ་འདབ་བརྒྱད། བཀྲ་ཤིས་རྟགས་བརྒྱད། ནོར་བུ་མེ་འབར་སོགས་ཀྱི་རི་མོ་ཕར་ཆིན་བརྒྱབ་ཡོད། དེ་བཞིན་སྤྱིར་མཁོའི་ཅ་དངོས་ཕོན་ཆེན་མཆིས་པ་ཚང་མ་དེར་འཇོག་གི་ཡོད། དེ་ལྟར་གུར་ཁང་བཀྲ་ཤིས་ཁང་གསར་ཞེས་པ་གཞུང་གི་གུར་འཇོག་ཡུལ་གྱི་ཆ་ནས་མིང་ཐོགས་པ་ཞིག་མིན་པས་འཁྲུལ་བར་མི་བྱའོ།།

༡༨ གདན་གཉེར་ཚང༌།

 

ཞོལ་གདན་གཉེར་ཚང་ནི། ཞོལ་དབུས་ཀྱི་བཀྲས་ཁང་རྒྱལ་སྒོའི་ལྷོ་རུ་ཡོད་ཅིང༌། ཐོག་མར་མི་ཚང་དཀྱུས་མ་ཞིག་གི་ཤག་ཡིན། རྗེས་སུ་མི་ཚང་དེ་གྲ་ཇེ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན། དེ་ནས་གཞུང་ཞབས་རྩེ་མགྲོན་དང་ཤོད་མགྲོན་སོགས་རྩེ་གཉེར་ཚང་དུ་ལས་ཀ་བྱེད་ཐུབ་མཁན་གྱི་གོ་གནས་གང་འཚམས་ཡོད་པའི་མི་ཆེན་མང་པོ་ཐོན་མྱོང་ཡོད། དེས་ན་ཁོང་ཚོ་དབང་ཐང་ཆེན་པོ་ཡོད་ཅིང་རྟག་ཏུ་ཚོང་མང་པོ་རྒྱག་གི་ཡོད་སྟབས་རྒྱུ་སྟོབས་ཆེན་པོ་ཆགས། དེ་བཞིན་ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་གྱི་གསོལ་ཇ་འབུལ་མཁན་ཡང་དེར་གཏན་སྡོད་བྱེད་ཀྱི་ཡོད།

 

༡༩ གཞུང་སྒོ་རྙིང་པ།

 

གཞུང་སྒོ་རྙིང་པའི་ནང་དབུས་ནི་ནག་ཁུང་ཡིན། དུས་རྟག་ཏུ་མི་རྟ་སོགས་འགྲུལ་བཞུད་བྱེད་སྐབས་དེའི་གཡས་གཡོན་གཉིས་ཀྱི་ལམ་ཆུང་བརྒྱུད་དེ་འགྲོ་དགོས། ཐོག་ས་གཉིས་པར་ཚོམས་ཆེན་ཞིག་ཡོད་པ་ནི་གཞུང་གི་ཞབས་བརྟན་གནང་ཡུལ་ཡིན་ཞིང་བརྒྱ་ཁག་ཅེས་སེར་འབྲས་དང༌། རྒྱུད་གྲྭ་སྟོད་སྨད། དྭགས་པོ་གྲྭ་ཚང་སོགས་ནས་དགེ་འདུན་བསྐོངས་ནས་སྐུ་ཚེ་ཚེ་སྒྲུབ་ཀྱི་ཞབས་བརྟན་གནང་ལམ་ཡོད། དེའི་གཏོང་སྒོ་ཚང་མ་རྩེ་ཕྱག་ནས་བཏང་གི་ཡོད་ལ། ཞབས་བརྟན་ཕལ་མོ་ཆེ་དབྱར་དུས་སུ་སྒྲུབ་དགོས་ཤིང༌། གཙོ་བོའི་ནང་དོན་ནི་གཞུང་ནས་ཐུགས་གཏན་གང་ཞིག་འཁེལ་བ་དེ་རང་རྐང་བཟུང་ནས་བྱེད་དགོས། ཐོག་བརྩེགས་གསུམ་པའི་མཛོད་ཁང་ནང་དུ་ཞབས་བརྟན་སྐབས་ཀྱི་གཏོང་སྒོ་འབྲུ་མར་ཇ་ཚྭ་སོགས་འཇོག་པ་ལས་དུས་རྒྱུན་དུ་སྟོང་པར་བཞག དེའི་ནུབ་ངོས་ལ་ལོ་གཅིག་དུས་བཞིར་ཁང་གཉེར་གཅིག་གཏན་སྡོད་བྱེད། དེའི་ལས་འགན་གཙོ་བོ་ནི་ཁང་པ་དེ་དག་ལ་ཆར་ཆུས་སྐྱོན་བཏང་བ་དང་རང་བྱུང་གི་སྐྱོན་ཆག་བྱུང་ཚེ། ལམ་སེང་གཞུང་ལ་སྙན་གསེང་ཞུ་དགོས་པ་དང༌། རྟག་ཏུ་ཁོས་གད་པ་བཞིན་གད་ཕྱིས་གཙང་སྦྲའི་འགན་འཁུར་ནས་སྡོད་ཀྱི་ཡོད།

 

༢༠ ཞོལ་བཙན་ཁང༌།

 

ཞོལ་བཙན་ཁང་ནི། ཞོལ་གྱི་ཁྱིམ་དུད་ཁག་གཅིག་གིས་བསྟེན་པའི་ཡུལ་ལྷ་སྟེ་ཆུ་རྒྱུད་རྒྱལ་པོ་ཞེས་པའི་སྐུ་ཁོག་གི་བཞུགས་ཤག་ཡིན། ལྷ་དེའི་ཞལ་འབག་དམར་པོ་ཞིག་མཆིས་པ་དེ་ཞོལ་ཤར་སྒོའི་བྱང་ཕྱོགས་དམར་པོ་རིའི་ཤར་ངོས་བྲག་ཟུར་ན་མཁར་སྣ་གདོང་ཞེས་ལྷ་ཁང་ཆུང་ཆུང་ཞིག་གི་ནང་ན་མཆོད་ཡོད། སྔར་འཛམ་གླིང་སྤྱི་བསངས་ལ་ཞོལ་བཙན་ཁང་ནས་སྐུ་ཁོག་ངོ་ཕེབས་ཐོག་ལྗགས་སྐྱེམས་གཏོང་བ་དང་སྐུ་བསང་ཕུལ་ནས། ལྷ་དངོས་སུ་ཕེབས་རྟིང་བཀའ་ལུང་གནང་བ་སོགས་ཆོ་ག་རྒྱས་པོ་ཞིག་བྱེད་ཀྱི་ཡོད་སྐད། དེ་ཟླ་རེའི་ཚེས་གསུམ་ལ་འཆར་ཅན་གསོལ་དགོས་ཀྱང་སྤྱིར་བོད་ཚེས་ ༡༥ གོང་ལ་མ་གཏོགས་ ༢༠ ནང་ལ་གསོལ་བའི་ལུགས་སྲོལ་མི་འདུག སྐུ་ཁོག་གཞུང་གི་ལྟོ་ཟན་པ་སྐྱེས་པ་ཞིག་ཡིན།

 

༢༡ ཞོལ་སྤེལ་བཞི།

 

ཞོལ་སྤེལ་བཞི་ནི། གཞུང་གི་སྐུ་དྲག་ཅིག་གི་ཁྱིམ་ཚང་ཡིན་ཅིང༌། ཁོ་ཚོའི་ཁྱིམ་རྒྱུད་དངོས་ནི་གཙང་གི་པ་སྣམ་སྤེལ་བཞི་ཞེས་པ་དེ་ཡིན། དུས་རབས་བཅུ་དགུའི་ལོ་རབས་བཞི་བཅུ་འགོ་ཚུགས་མ་ཐག་ལ་སིང་པར་དཔུང་འཇུག་སྐབས་མི་ཚང་དེ་ནས་ཡིན་པའི་མདའ་དཔོན་སྤེལ་བཞི་ཞེས་པ་དེས་སྟོད་མངའ་རིས་སྐོར་གསུམ་གྱི་དམག་སར་བྱོན་ཏེ་བྱས་རྗེས་ཆེན་པོ་བཞག་པས་རིམ་བཞིའི་གོ་གནས་དང་བཅས་ཞབས་པད་བྱེད་མྱོང་འདུག དེ་མིན་མི་ཚང་དེ་ནས་སྤེལ་བཞི་མདའ་བཟང་ཞེས་མདའ་དཔོན་ཆེན་པོ་མདའ་རྩེད་ལ་མཆོག་ཏུ་གྱུར་པའི་ཞལ་ངོ་ཞིག་ཀྱང་བྱུང་མྱོང་ཡོད།

 

༢༢ རྩིས་ཁྲ་ཁང༌།

 

ཞོལ་རྩིས་ཁྲ་ཁང་གི་ནང་ལ་ཨེ་པ་ཡོན་བདག་ཅེས་ཨེ་པའི་དབུ་འཛིན་དང༌། ཨེ་པ་དཀྱུས་མ་ཁག་གཅིག་སྡོད་ཀྱི་ཡོད། ཁོ་ཚོས་གཞུང་གི་ཡིག་ཚང་སོགས་ཀྱི་དབུ་ཅན་ཚང་མ་བྲིས་ཤིང་ཡིག་གཟུགས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད། ཨེ་ཕྲུག་ཅེས་ཆུང་དུས་ནས་ལྷ་སར་འཁྲིད་ཡོང་ནས་དབུ་ཅན་ལེགས་པོ་བསླབ་སྟེ་རྒན་ལོན་རྗེས་དབུ་ཅན་ཚང་མ་ཁོང་ཚོར་འབྲི་རུ་བཅུག ཁོང་ཚོ་ལྷོ་ཁའི་ཨེ་ལྷ་རྒྱ་རི་ནས་ཡིན་སྟབས་ཨེ་པ་ཞེས་པའི་མིང་ཐོགས་པར་གྲགས།

 

༢༣ མུ་བྱ།

 

ཞོལ་གྱི་མུ་བྱ་ནི་སྔར་ཆང་ཚང་གི་ཁོངས་སུ་གཏོགས་ཀྱང༌། རྗེས་སུ་མུ་བྱའི་ཁྱིམ་རྒྱུད་ལ་བདག་སྐད། གངས་ལགས་ཤེ་ན་ལོ་རྒྱུས་ཐོག་མི་ཚང་དེའི་མི་ཐོག་ཅིག་གི་སྐབས་ལ་བྱས་རྗེས་ཆེན་པོ་བཞག་པས་དེའི་ཡོན་དུ་ཆང་ཚང་ནུབ་ངོས་ཀྱི་ས་ཆ་དེ་བྱུང་ཞིང༌། དེར་སྒེར་ཤག་བརྒྱབ་རྗེས་རང་གི་མིང་དེ་ཤག་མིང་དུ་ཐོགས་པ་རེད། མདོར་ན་དེ་ནི་སྐུ་དྲག་སྒེར་པ་དཀྱུས་མ་མུ་བྱ་ཞེས་པ་དེའི་ཤག་ཡིན།

 

༢༤ ཆང་ཚང༌།

 

ཞོལ་པ་ལས་ཁུངས་སུ་བསྐྱོད་སའི་བར་ཤུར་གྱི་གཡོན་ངོས་སུ་ཞོལ་ཆང་ཁང་ནི་སྔར་ནས་ཆང་ཁང་ཡིན། ཤོད་རྒྱུན་ལ་ཁང་པ་འདི་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་པོ་ཏཱ་ལ་རྒྱས་སྐྲུན་གནང་སྐབས་རྡོ་ཤིང་ལྷག་མས་བསྐྲུན་པ་རེད་ཅེས་ཟེར། ཡང་ཤོད་སྲོལ་གཞན་ཞིག་ལ་ཞོལ་ཆང་ཚང་ནི་སྔར་ཕོ་བྲང་པོ་ཏཱ་ལ་བཞེངས་སྐབས་སྲུང་མའི་ལྗགས་སྐྱེམས་འབུལ་སའི་ཆང་ཁང་ཡིན་པས་ཆང་ཚང་ཞེས་མིང་ཐོགས་ཞེས་གྲགས། དེ་སྔ་རྩེ་ལ་བཀའ་ཤག་འཚོག་སྐབས་གཞུང་ལས་གྲོལ་མཚམས་དྲུང་འཁོར་སྐྱ་བོ་རྣམས་རྟག་ཏུ་འདིར་ཕེབས་ནས་མཆོད་ཆང་མཆོད་པ་དང་སྦྲགས་རང་རང་གིས་བསྣམས་ཕེབས་པའི་ཤ་ཁུག་ཆེ་ཆུང་འཚམ་པོ་ཞིག་མཆིས་པ་དེ་ནས་ཤ་སྐམ་བཏོན་ཏེ་རྒྱ་གྲི་ཕོར་ཤུབ་ཀྱི་གྲི་སྤྱད་དེ་བྱེད་བཟོ་དོད་པོས་ཕན་ཚུན་ངོམ་སོ་བྱེད་བཞིན་ཟ་ཡི་ཡོད་སྐད། སྟེང་གི་ཐོག་ཁང་དེ་ནི་དྲུང་འཁོར་རྣམས་ཀྱི་མཆོད་ཆང་མཆོད་ས་དང་ཞལ་ལག་མཆོད་ཡིན།

 

༢༥ གོས་སྐུ་ཁང༌།

 

ཞོལ་གྱི་གོས་སྐུ་ཁང་ནི། ཞོལ་དུ་ཁང་གསེར་གསུམ་ཡོད་པ་ལས་གཅིག་འདི་ཉིད་ཡིན་ཞིང༌། འདི་གོས་སྐུ་བླུགས་སའི་ལྷ་ཁང་སེར་པོ་ཐོག་བརྩེགས་གཉིས་ལྡན་ཞིག་ཡིན། དེའི་ནང་འོད་དཔག་མེད་དང༌། རྣམ་པར་སྣང་མཛད། སྨན་བླ་གཙོ་བོར་གྱུར་པའི་གོས་སྐུ་ཆེ་ཆུང་ལེགས་ཞན་སྣ་ཚོགས་ཡོད། དེ་འགྲེམས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་ཟླ་ ༢ ཚེས་ ༢༩ ཉིན་གླུད་འགོང་ཕྱིར་སྤྱུག་བྱེད་པ་དང་ཚེས་ ༣༠ ཉིན་ཚོགས་མཆོད་གསེར་སྦྲེང་སྐབས་ཕོ་བྲང་ཆེན་པོར་གནོད་པ་དང་བགེགས་དང་བར་ཆད་སོགས་མི་ཡོང་བར་དེ་དག་གཡོལ་ཐབས་ཆེད་སོགས་ཀྱི་སླད་ཕོ་བྲང་པོ་ཏཱ་ལའི་མདུན་ངོས་ཀྱི་གཞི་རྒྱ་ཆེ་བའི་ཕོ་བྲང་དཀར་པོའི་རྩིག་ལྡེབས་སུ་གོས་སྐུ་དེ་འགྲེམས་ཀྱི་ཡོད་ལ། དེ་ནི་གོས་སྐུ་ཆེ་ཤོས་དེ་ཡིན་པར་གྲགས། དབུས་ཀྱི་ཁང་པ་སེར་པོ་འདི་ནི་མཚམས་ཁང་ཡིན་པ་དང༌། དེ་སྔ་པོ་ཏཱ་ལའི་ནང་གི་རྩེ་དྲུང་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་རྣམས་དུས་ངེས་མེད་དུ་འདི་ཕེབས་ནས་བསྙེན་མཚམས་སུ་བཞུགས་ཀྱི་ཡོད།

 

༢༦ མཚམས་ཁང༌།

 

ཞོལ་གྱི་མཚམས་ཁང་ནི། བླ་མ་རྒྱུད་པའི་བསྙེན་མཚམས་པ་བཞུགས་ཡུལ་ཡིན་ཞིང༌། དེར་བླ་མ་རྒྱུད་པའི་དགེ་སློང་ཁག་གཅིག་གདན་འདྲེན་ཞུས་ནས་བསྐང་གསོ་གཏོང་བ་དང༌། ཞབས་བརྟན་བྱེད་དུ་འཇུག་གི་ཡོད།

 

༢༧ དམ་ཆེན་ཁང༌།

 

ཞོལ་དུ་སྔར་ཁང་སེར་གསུམ་ཡོད་ཅིང༌། ཁང་སེར་གསུམ་པོ་དེ་སོ་སོར་གཏམ་རྒྱུད་རེ་ཡོད། དེ་ཡང་ནུབ་ངོས་ཀྱི་ཁང་ཆེན་ནི་ལྷ་ཁང་ཡིན་ཞིང༌། སྔར་འདིའི་ནང་དམ་ཆེན་བཞུགས་ཀྱི་ཡོད་སྟབས་དམ་ཆེན་ཁང་ཞེས་འབོད་ཅིང༌། ཞོལ་དམ་ཆེན་ཁང་ནི་ཐོག་བརྩེགས་གཉིས་ལྡན་གྱི་ཁང་བཟང་གསེར་མདོག་ཅན་ཞིག་ཡིན། དེའི་ནང་གི་རྟེན་གཙོ་དམ་ཅན་མགར་ནག་གི་སྐུ་བརྙན་དེ་ཐོག་མར་རྩེ་ཕོ་བྲང་དུ་ཡོད་སྐབས་ཞལ་ཞོལ་ལ་ཕྱོགས་ནས་བཞག་ཡོད། དེ་ནི་ཞོལ་པ་ལས་ཁུངས་དང་ཞོལ་གྱི་ཡུལ་ལྷ་ཡིན། དེ་ཉིད་ཞོལ་པ་ལས་ཁུངས་དང་ཞོལ་གྱི་ཡུལ་ལྷར་བསྟེན་པའི་སྐོར་ལ་ཤོད་སྲོལ་འདི་འདྲ་ཞིག་ཡོད། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་སུ་ལྷ་དེ་རྩེ་ཕོ་བྲང་པོ་ཏཱ་ལའི་ཚོམས་ཆེན་དུ་བཞུགས་ཡོད། བརྗོད་སྲོལ་ལ་དེ་ཉིད་ཐུགས་གཤིས་ཧ་ཅང་བཙན་ཞིང་ཤིན་ཏུ་དྲག་པའི་ལྷ་ཞིག་ཡིན་ཞིང༌། དེའི་སྐབས་ཞོལ་ལྕགས་རིའི་ནུབ་ཕྱོགས་བྲག་སྒོ་ཀྐཎི་ནས་ལྷ་སར་ཕེབས་མཁན་གྱི་དཔོན་རིགས་དག་དང༌། ས་ཕྱོགས་གཞན་གྱི་འགྲུལ་པ། ཐ་ན་ཨ་དྲུང་དང༌། བོང་རྫི། དྲེལ་པ། གྲོང་གསེབ་ཀྱི་མི་སེར་བཅས་པ་ཚང་མ་བྲག་སྒོ་ཀྐཎི་ནས་ཕེབས་སྐབས་རྟ་དང་བོང་བུ་སོགས་ལས་མར་བབས་ཤིང༌། ཕྱུ་པའི་ཕུ་ཐུང་ཕུད་པ་ཡར་གྱོན་དགོས་པ་དང༌། ཞྭ་མོ་གྱོན་པ་མར་ཕུད་པ། མགོའི་སྟེང་གི་ལྕང་ལོ་སྒལ་སྟེང་དུ་གློད་པ། སྐེད་པའི་འདོགས་གྲི་བཀྲོལ་བ། རྟ་དྲེལ་གྱི་གཡེར་ཁ་སོགས་བཀྲོལ་ནས་གཉོམ་ཆུང་སྤམ་བཟོ་དོད་ཅིང་བབ་ཆགས་ཚུལ་ལྡན་ངང་གྲོང་ཁྱེར་ནང་འགྲོ་དགོས། གལ་ཏེ་དེ་ལྟར་མ་བྱས་ཚེ་དམ་ཆེན་ཁྲོས་ན་དེ་མུར་རྟ་ཐོག་ནས་ལྷུང་བའམ་རང་སར་བརྒྱལ་གཟེར་བརྒྱབ་པའམ་ཁ་ནས་ཁྲག་སྐྱུགས་པ་སོགས་བགེགས་བར་བརྗོད་ཀྱི་མི་ལང་པ་ཡོང་གི་ཡོད་སྐད། དེ་ལྟར་དམ་ཆེན་གྱི་གནོད་པ་ཕོག་སྟེ་ཤི་བ་དང་ནད་ཕོག་པ་མི་ཉུང་བ་བྱུང་ཡོད། ༸རྒྱལ་དབང་ལྔ་པ་ཆེན་པོས་དེ་ལྟར་གཟིགས་ཤིང་ཐུགས་རབ་ཏུ་སྐྱོ་ནས་ཞབས་འབྲིང་མངགས་ཏེ་ལྷ་ཁང་སེར་པོ་འདི་གསར་དུ་བཞེངས་གནང་མཛད་པ་མ་ཟད། དམ་ཆེན་མགར་ནག་དེར་གདན་འདྲེན་ཞུས་པ་དང༌། དམ་ཆེན་ལ་ཞལ་གསེར་སྒྲོན་ཏེ་དེ་ཉིད་ཞི་བའི་ལྷ་ཞིག་ཏུ་འདུལ་གནང་མཛད། དེ་ནས་བཟུང་དམ་ཆེན་གྱིས་གཞན་ལ་གནོད་འཚེ་མི་སྐྱེལ། ༸རྒྱལ་དབང་ལྔ་པ་ཆེན་པོས་དམ་ཆེན་དེ་ཞོལ་པ་ལས་ཁུངས་དང༌། ཞོལ་གྱི་ཡུལ་ལྷར་ངེས་གཏན་མཛད་པ་ཞིག་ཡིན།

དེ་བཞིན་ཞོལ་ལ་རྐུ་ཤོར་དང་རང་བྱུང་གནོད་འཚེ་སོགས་རྐྱེན་ངན་ཅི་རིགས་བྱུང་ཚེ་ཞོལ་པ་ཚོས་དེར་བསངས་གསོལ་གཏོང་དགོས་ཀྱི་ཡོད་པ་དང༌། དམ་ཆེན་དེར་ཡང་བཟང་ངན་དབྱེ་འབྱེད་ཀྱི་ཁྲིམས་དཔོན་གྱི་མཐུ་ནུས་ལྡན་ཡོད། དེ་ཡང་གལ་ཆེ་དཔང་པོ་བྱེད་མི་མེད་པའི་ཉེས་ཅན་པ་གཉིས་འདྲི་རྩད་འཇམ་རྩུབ་ཇི་ལྟར་བྱས་ཀྱང་ཕྱོགས་གཉིས་ཀས་ནག་ཉེས་ངོས་ལེན་མི་བྱེད་པའི་ཐབས་བྲལ་སྐབས་ཞོལ་པ་ལས་ཁུངས་ཀྱི་ཁྲིམས་དཔོན་གྱིས་ཉེས་ཅན་པ་དམ་ཆེན་གྱི་མདུན་དུ་ཁྲིད་དེ་པུས་མོ་བཙུགས་སུ་བཅུག་པ་དང༌། དམ་ཆེན་ལ་ཞལ་སྐྱེམས་ཕུལ་ཞིང་གནས་ཚུལ་ཞིབ་པར་ཞུས་རྗེས་ཤོ་གཡུགས་ཏེ་ཤོ་མིག་ཆེ་ཆུང་ལ་བལྟས་ནས་ཉེས་ཅན་པ་སུ་ཡིན་མིན་གསལ་འབྱེད་བྱེད་ཀྱི་ཡོད་སྐད། དེང་སྐབས་ཀྱང་ཞོལ་པ་རྣམས་ཀྱིས་སྔར་གྱི་གོམས་སྲོལ་ལྟར་འདིར་ཡོང་ནས་བསངས་བཏང་སྟེ་དམ་ཆེན་གསོལ་གྱི་ཡོད།

ཡང་གར་པ་ཚོས་རྩེ་ལ་གར་མ་འཁྲབ་གོང་སོ་སོའི་གྲི་དག་མཚན་མོ་གཅིག་རིང་དམ་ཆེན་ཁང་ནང་ལ་བཞག་ནས་གར་ལེགས་པོ་འཁྲབ་ཐུབ་པའི་སྨོན་ལམ་འདེབས་ཀྱི་ཡོད། དེ་དང་དེ་འདྲ་བའི་བྱེད་སྒོ་ཚང་མའི་གཏོང་སྒོ་ཐམས་ཅད་གཞུང་ནས་ཆེད་མངགས་གཏོང་གི་ཡོད། དེ་མིན་ཞོལ་པ་ལས་ཁུངས་ནང་ལའང་དམ་ཆེན་ཞིག་ཡོད་པ་དེ་ལ་གསོལ་མཆོད་རྒྱུན་དུ་ཆད་མེད་གཏོང་དགོས་ཀྱི་ཡོད། མཆོད་ཟུར་བཞུགས་ཡུལ་དེ་ཡང་དམ་ཆེན་ཁང་གི་འཁྲིས་སུ་ཡོད། ཁོང་རྩེ་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་ཀྱི་གྲས་ཤིག་ཡིན་ཞིང་དུས་རྒྱུན་དུ་མཆོད་པ་སྣ་ཚོགས་བཞེངས་ནས་དུས་གདའ།

 

༢༨ ཞོལ་བཙོན་ཁང༌།

 

ཞོལ་བཙོན་ཁང་ངམ་མིང་གཞན་ལ་སྤང་སྟེང་ཐོག་ཁ་ཞེས་པ་ནི་ཞོལ་པ་ལས་ཁུངས་ཀྱི་གཤམ་འོག་ཏུ་གནས་ཡོད། དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་གོང་ལ་དེར་ཀརྨ་བཀའ་རྒྱུད་པའི་ཆོས་གྲྭ་ཀ་བརྒྱད་མ་ཞིག་བཞེངས་ཡོད་པས་གནས་རྩ་ཆེན་ཞིག་ཡིན། སྐུ་ཕྲེང་ལྔ་པའི་སྐབས་ལ་སོག་པོའི་དམག་ཤུགས་ལ་བརྟེན་ནས་གཙང་པ་སྡེ་སྲིད་དང༌། དེའི་ལག་འབྲེལ་བ་ཀརྨ་བཀའ་བརྒྱུད་པར་རྒོལ་རྡུང་དྲག་པོ་བཏང་རྗེས། ཞོལ་ན་མཆིས་པའི་ཀརྨ་བཀའ་བརྒྱུད་པའི་དབང་ཤུགས་མཚོན་རྟགས་ཆོས་གྲྭ་ཀ་བརྒྱད་མ་དེ་གཏོར་ཏེ། དེའི་ནང་ན་མཆིས་པའི་བཞུགས་ཁྲིའི་སྒང་ལ་ཉེས་ཅན་ལ་ཁྲིམས་གཅོད་གཏོང་སའི་ཞོལ་བཙོན་ཁང་དེ་བརྒྱབ་སྐད། སྤྱིར་བཙོན་པ་ཚང་མ་བཙོན་ཁང་གི་ཤར་ངོས་དེར་བཞག་ཅིང༌། དེའི་དབུས་ཙམ་ལ་འདོམ་གང་གྲུ་བཞི་ཞེས་གནམ་སྒོ་རྒྱག་རྒྱུ་ཡོད་པའི་ཁང་ཆུང་གྲུ་བཞི་ཞིག་ཡོད། དེར་ཞོལ་པ་ལས་ཁུངས་ཀྱི་ཁོངས་གཏོགས་ལྷ་སའི་གྲོང་ཁུལ་དང༌། རྫོང་གཞིས་བཅོ་བརྒྱད་ཀྱི་ནག་ཅན་གྱི་བཙོན་པ་རྣམས་འདིར་བཙོན་འཇུག་བྱེད་ཀྱི་ཡོད། ལོ་རེའི་ལྷ་ལྡན་སྨོན་ལམ་ཆེན་མོ་ཚུགས་རིང་ལྷ་སའི་གྲོང་ནང་གི་བཙོན་ཁང་སྣང་རྩེ་ཤག་གི་བཙོན་པ་ཡོངས་རྫོགས་གནས་སྐབས་ཞོལ་བཙོན་ཁང་དུ་སྤོས་ཏེ་བཅུག་ཉར་བྱེད་ཀྱི་ཡོད།

 

༢༩ མཛོ་མོ་ར།

 

གསོལ་མཛོ་ར་བ་ནི་ཞོལ་ལས་ཁུངས་འོག་སྒོ་ཤར་ལ་ཕྱོགས་པ་དེ་ཡིན་ཅིང༌། རྩེ་གསོལ་ཐབ་ཀྱི་གསོལ་ཞོ་དང་འོ་མ་ཚང་མ་དེ་ནས་མཁོ་འདོན་གྲ་སྒྲིག་གྲ་སྒྲིག་ཨང་གསར་བྱེད་བཞིན་ཡོད། དེར་དོ་དམ་བྱེད་མཁན་ནི་རྩེའི་གསོལ་ཐབ་ཤར་ནུབ་གཉིས་ཀྱི་འགན་འཛིན་ལས་བྱ་བ་ཞིག་ཡིན། ཁོང་གི་གོ་གནས་རྩེ་དྲུང་དང་གཅིག་མཚུངས་ལགས། མཛོ་མོ་རར་ཁྱོན་བསྡོམས་མཛོ་མོ་སུམ་ཅུ་ལྷག་ཙམ་ཡོད། དེ་དག་ནམ་རྒྱུན་འདམ་རའི་ནུབ་ཏུ་དམིགས་བསལ་གྱི་ན་ཁ་ལེགས་པོ་ཞིག་མཆིས་པ་དེར་འཚོ་ཡི་ཡོད། སྔར་ཕོ་བྲང་པོ་ཏཱ་ལ་རྒྱ་བསྐྱེད་གནང་སྐབས་མཛོ་མོ་ར་དང༌། དཔར་ཁང་གཉིས་སུ་ལྕགས་དང༌། ཟངས། གསེར་བཅས་ལུག་རྒྱག་པ་སོགས་ཀྱི་ལས་གྲྭ་ཡིན་པ་བཅས་སོ།།

 

༣༠ ཆིབས་ར་སྦུག

 

ཆིབས་ར་མདོ་སྦུག་གཉིས་ཀྱི་ཕྱིའི་གཟུགས་དབྱིབས་ནི་རྟག་པའམ་འགྱུར་བ་མེད་པ་གཡུང་དྲུང་དབྱིབས་ཅན་ཞིག་ཡོད་པས་དུས་རྒྱུན་ཆིབས་ར་གཡུང་དྲུང་ལག་འཁྱུད་ཅེས་འབོད། དེ་གཉིས་ཀྱི་འགན་འཛིན་གཙོ་བོ་ཆིབས་དཔོན་ཆེན་མོ་གཉིས་སམ་དྲུང་འཁོར་གཉིས་ཏེ་ལས་ཚན་པའི་གོ་གནས་ཡོད་ཅིང༌། དྲུང་ཡིག་གཅིག་ཀྱང་ཡོད་པ་དེས་དུས་རྒྱུན་དུ་སྡེ་པ་ཞོལ་ལ་ལས་ཀ་བྱེད་ཅིང་ཆིབས་རར་དོ་འཁུར་གཅིག་ལྕོགས་བྱེད། ད་དུང་རྟ་ཟམ་ཞལ་ངོ་གཅིག་བཅས་ཡོད་པས་ཆིབས་ར་མདོ་སྦུག་གཉིས་ལ་ཁྱོན་ཞལ་ངོ་ལྔ་ཡོད། ཆིབས་ར་སྦུག་མའི་ནང་ལས་ཀ་བྱེད་མཁན་ཞལ་ངོ་གཅིག་དང་ལག་དོ་བདུན་ཙམ་ཡོད། ཆིབས་ར་སྦུག་མ་དེ་ནི་ཆིབས་ཆེན་ཞེས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གདན་ས་གསུམ་སོགས་ཕྱོགས་ཕེབས་སྐབས་ཆིབས་བྱེད་ཀྱི་ཆིབས་ཆེན་དང༌། ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་དམག་སྤྱི་ཁང་གི་མགོན་ཁང་སྲུང་མ་དམར་ནག་གཉིས་ཀྱི་རྟེན་ཐུག་གདན་འདྲེན་ཞུ་བྱེད་ཆིབས་ཆེན་གསུམ། གནས་ཆུང་སྲིད་པའི་ལྷ་ཆེན་གྱི་སྐུ་ཁོག་གདན་ཞུ་གནང་སྐབས་གསེར་སྒ་བསྒྲོན་པའི་ཆིབས་ཆེན་བཅས་ཆིབས་པ་ལེགས་ཤོས་དེ་དག་འཇོག་ས་ཡིན། གལ་ཏེ་འདི་ནས་ཆིབས་པ་བཏང་ཁོམ་མ་བྱུང་ཚེ་ནོར་གླིང་ཆིབས་ར་ནས་གཡར་པོ་ཞུ་དགོས། དེའི་ཚེ་སྔོན་ལ་སྤྱི་ཁྱབ་མཁན་པོ་བརྒྱུད་ནས་ཡར་སྙན་གསེང་འབུལ་གྱི་ཡོད་པ་ནི་ཁོང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱུང་སུ་ཡིན་ལ་སྙན་དར་དང་བཅས་ཆིབས་པ་ཅི་ཙམ་དགོས་མིན་དགོངས་སྐོར་ཞུས་པ་དང༌། གོང་ནས་ཆོག་མཆན་ཐོབ་མ་ཐག་ཆིབས་ཆེན་ག་ཚོད་དགོས་མིན་དུས་ཐོག་ཏུ་གཏོང་གི་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་དང་སྲིད་སྐྱོང་ཆིབས་བྱེད་ཀྱི་ཆིབས་པ་ན་རྒས་ནད་སོགས་ཀྱི་རྐྱེན་པས་འཆི་ཚེ་དཀྱིལ་འཁོར་མཐིལ་ལ་སྐྱེལ་བའམ་ཆུ་ལ་བཤམས་དགོས། ཆིབས་ར་སྦུག་མ་འདིའི་ནང་ལ་ཆིབས་པ་གྲངས་བཅུ་གྲངས་ཤིག་ཡོད།

 

༣༡ ཆིབས་ར་མདོ།

 

ཆིབས་ར་མདོ་མ་དེའང་ཁག་གཉིས་སུ་ཕྱེ་སྟེ་སྦ་ཞི་ནུབ་དང་སྦ་ཞི་ཤར་གཉིས་ཡིན། དེ་གཉིས་ལ་དབུ་འཛིན་ཞལ་ངོ་རེ་ཡོད། ཤར་ནུབ་རེ་ལ་རྟ་བཅོ་ལྔ་རེ་ཡོད་པས་ཁྱོན་བསྡོམས་རྟ་སུམ་ཅུ་ཐམ་པ་མཆིས། དེ་སྔ་ཞལ་ངོ་གཉིས་པོས་རྟ་གཡོག་རྒྱུག་ཅིང་རྟ་འུལ་སློག་པའི་ལས་ཀ་བྱེད་དགོས་ཀྱི་ཡོད་ཀྱང་རྗེས་སུ་སོ་ནམ་ལས་ཁུངས་ནས་ལག་དོ་བཞི་བཏང༌། ཁོང་ཚོས་ཨ་དྲུང་ས་གནས་ཁག་ལྔ་ལ་བཀའ་རྒྱ་སྐྱེལ་དགོས་ཤིང༌། ཨ་དྲུང་དང་དྲུང་འཁོར། རྩེ་དྲུང་སོགས་ཕྱི་ལ་འགྲོ་སྐབས་རྟ་འུལ་གྱི་རྟ་ཚང་མ་ཆིབས་ར་མདོ་ནས་གཏོང་དགོས་ཀྱི་ཡོད། དེ་དུས་དྲུང་འཁོར་དང་རྩེ་དྲུང་སུ་ཡིན་རུང་ལམ་ཡིག་ནང་གསལ་རྟ་འུལ་དགོས་རིགས་ལམ་སེང་གཏོང་གི་མེད། དབྱར་དུས་གཞེས་བརྡ་དང་དགུན་གྱི་དུས་སུ་གནང་བརྡ་གཏོང་དགོས་ཤིང༌། དེ་མིན་ལམ་ཡིག་སོགས་སྐྱེལ་མཁན་ཆིབས་རའི་ཨ་དྲུང་ཚོ་ཕྱོགས་ལ་ག་དུས་ཐོན་དགོས་ཀྱང་ཆིབས་རྟ་ལམ་སེང་གཏོང་ཆོག་དགོས། དཔེར་ན། བཀའ་ཤག་གམ་དམག་སྤྱི་ཁང་ངམ་རྩེ་ཡིག་ཚང་སོགས་ནས་ཐོན་དགོས་པའི་བཀའ་བརྡ་འབྱོར་མ་ཐག་དེ་མ་ཉིད་དུ་ཐོན་དགོས། ཆིབས་ར་མདོའི་ནང་ད་དུང་རྟ་ཟམ་ཞལ་ངོ་གཅིག་ཀྱང་ཡོད། ཁོང་གི་ལས་འགན་ནི་བཀའ་ཤག་གྲོལ་རྗེས་སུ་མཚན་དགུང་གི་བཀའ་རྒྱ་སྐྱེལ་རྒྱུ་དེ་ཡིན། དཔེར་ན་ལྷོ་མོས་གཞིས་ཀ་དང༌། ཚལ། ར་མ་སྒང༌། ཤེལ་གྲོང་གཞིས་ཀ་བཅས་སུ་མཚན་ཐོན་རྐྱང་རྐྱང་བྱས་ཏེ་གཞུང་གི་རྫ་དྲག་ཆེ་བའི་བཀའ་རྒྱ་གང་མགྱོགས་ཅི་མགྱོགས་ངང་སྐྱེལ་ཐུབ་པ་དགོས། ཁོང་ལ་ལག་དོ་གཅིག་ཡོད།

མདོར་ན་ཆིབས་ར་མདོ་སྦུག་གཉིས་སུ་ཡིག་ཆ་ལ་ལར་རྟ་གྲངས་ཆིག་སྟོང་ལ་ཉེ་བ་བཏགས་ཀྱི་ཡོད་ཚུལ་འཁོད། ཆིབས་པ་དེ་དག་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐག་རིང་དང༌། ཉེ་འཁོར་ལ་ཆིབས་སྒྱུར་སྐབས་སྤྱོད་བྱེད་དང༌། དེ་བཞིན་རྒྱལ་བའི་ཡོངས་འཛིན་དང༌། སྲིད་ཚབ། བཀའ་བློན། རྩེ་སྐོར་གྱི་རྩེ་དྲུང་ཁག་གིས་སྤྱོད་པའི་ཆིབས་རྟ་ཡིན། ཆིབས་རྭ་དེ་གཡུང་དྲུང་གི་དབྱིབས་སུ་བསྐྲུན་ཡོད་པ་དང༌། ཕོ་བྲང་པོ་ཏཱ་ལའི་ཡངས་སྟེང་ནས་གཟིགས་ཏེ་གཡུང་དྲུང་གི་དབྱིབས་སུ་ཡོད་པ་གསལ་པོར་མངོན་ཐུབ་ལ། ཆིབས་རྭ་གཡུང་དྲུང་ལག་འཁྱུད་དེ་བར་ལམ་གཏོར་བཤིག་སོང་བས་ཕྱི་ལོ་ ༢༠༠༥ ལོ་ནས་ཉམས་གསོ་བྱེད་འགོ་ཚུགས་ཡོད།

 

༣༢ གཟིམས་དྲེལ།

 

གཞུང་ཞབས་དྲེལ་པ་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་དང་སྐུ་འཁོར་ཕྱོགས་ལ་ཕེབས་ཐོན་མཛད་སྐབས་བཞུགས་སྒར་གྱི་གཟིམས་མལ་དང་ན་བཟའ་སོགས་ཡོ་བྱད་སྐྱེལ་མཁན་ནམ་བདག་གཅེས་བྱེད་མཁན་གྱི་དྲེལ་པ་ཡིན། དེའི་འགན་འཛིན་ཞལ་ངོ་ལ་དྲུང་གཏོགས་ཀྱི་གོ་གནས་ཡོད་ཅིང༌། ལས་འགན་གཙོ་བོ་ནི་ཞག་ས་ནས་ཞག་སའི་བར་སྡོག་ཆས་རྒྱག་རྒྱུ་དང་སྒྲིག་ཆ་བྱེད་རྒྱུ་ཕེབས་སྒུག་ཞུ་རྒྱུ་སོགས་འཆར་ཅན་བྱ་འོས་ཐམས་ཅད་གོ་སྒྲིག་གཏན་འཁེལ་བྱེད་དགོས། ཁོ་ཚོ་རྒྱུན་གཏན་ལྷ་སར་སྡོད་དུས་དྲེལ་ཉི་ཤུ་རྩ་གྲངས་ལ་བདག་སྐྱོང་བྱེད་དགོས་ཀྱི་ཡོད།

 

༣༣ གཟིམས་དྲེལ་ཇོ་ལགས།

 

ཆིབས་བཅོས་པ་ཡང་ཟེར་ཞིང་ཁོང་ལ་ཞལ་ངོའི་གོ་གནས་ཡོད། དེའི་ལས་འགན་གཙོ་བོ་ནི་ཞོལ་ཆིབས་རའི་ཆིབས་ཆེན་དང་ནོར་བུ་གླིང་ཁའི་ཆིབས་ཆེན། ཆིབས་དྲེལ། གཟིམས་དྲེལ་བཅས་ཀྱི་རྟ་དྲེལ་ཚང་མར་ཤ་གཅོད་པ་དང་རྟ་ནད་སྣ་ཚོགས་བཅོས་ཀྱི་ཡོད་ལ། རྟའི་རྨིག་ལྕགས་རྒྱག་པ་སོགས་རྟ་དྲེལ་གྱི་གཡོག་བཅོས་ཆ་ཚང་བྱེད་མཁན་ཞིག་ཡིན།

 

༣༤ ལྕོག་སྟེང༌།

 

དེ་ནི་ཞོལ་ལྕགས་རིའི་ལྷོ་ནུབ་མཚམས་སུ་གནས་པའི་ལྕོག་ཆེན་དེར་ཟེར་ཞིང༌། དེའི་ཐོག་བརྩེགས་གཉིས་པར་བོད་གཞུང་གི་ཏ་བླ་མ་དྲུང་ཡིག་ཆེན་མོའི་སྡོད་ཤག་ཡིན།

 

༣༥ ནུབ་སྒོའི་ཐོག

 

ནུབ་སྒོའི་ཐོག་ནི་ཞོལ་ལྕགས་རིའི་ནུབ་སྒོའི་ཐོག་གི་ཁང་བཟང་ལེགས་པོ་དེར་ཟེར་ཞིང༌། སྔར་རྩེ་ཡིག་ཚང་ལས་ཁུངས་ཀྱི་ལས་བྱ་རྩེ་དྲུང་གི་ལས་ཤག་ཡིན། དེར་མཆིས་པའི་ཁང་མིག་ཡོད་དོ་ཅོག་སྤུས་ཀ་ལེགས་ཤིང་ཆ་རྐྱེན་ལེགས་པར་བརྟེན་ཚང་མས་དེར་ཐུགས་མོས་ཆེན་པོ་གནང་གི་ཡོད། དེའི་ཤོད་དུ་ལྕགས་རིའི་ནུབ་ཀྱི་གཞུང་སྒོ་ཡིན།

 

༣༦ ཞོལ་འདོད་དཔལ།

 

མིང་རྒྱས་པར་ཞོལ་འདོད་འཇོའི་དཔལ་འཁྱིལ་ཞེས་འབོད་ཅིང༌། ཞོལ་གྱི་ནུབ་ངོས་ལྕགས་རིའི་ཕྱིར་གནས་ཡོད། དེ་ནི་བོད་གཞུང་གི་གསེར་དངུལ་ཟངས་ལྕགས་དང༌། ཤིང་ཆས་སོགས་ཀྱི་ལག་ཤེས་དངོས་རྫས་ཀྱི་བཟོ་གྲྭ་གཙོ་བོ་ཞིག་ཡིན། དེར་གསེར་བཟོ་དང༌། དངུལ་བཟོ། ལྕགས་བཟོ། ཟངས་བཟོ། ཚགས་པ། ལུགས་པ། ཤིང་བཟོ་བ་བཅས་ཆ་ཚང་ཡོད། གཞུང་ལ་གསེར་དངུལ་དང་ལྕགས་རིགས་སོགས་དགོས་མཁོ་ཅི་འདྲ་དགོས་ཀྱང་ཚང་མ་དེ་ནས་མཁོ་འདོན་གནང་གི་ཡོད་ལ། དེར་བཟོ་རྩལ་ལག་ཤེས་མཁས་པ་མི་གྲངས་བརྒྱ་ལྷག་ཙམ་ཡོད་པ་དེ་དག་ནི་པོ་ཏཱ་ལ་དང༌། བོད་གཞུང་བཀའ་ཤག་སོགས་ལ་མཁོ་བའི་མཆོད་པའི་ཡོ་བྱད་དང༌། དེ་མིན་གྱི་དགོས་མཁོ་རྣམས་བཟོ་སྐྲུན་བྱེད་ཀྱི་ཡོད་ཅིང༌། དེ་སྔ་འདིར་རིམ་པ་དྲུག་པའི་རྩེ་དྲུང་གཉིས་ཀྱིས་དོ་དམ་བྱེད་ཀྱི་ཡོད། བཟོ་ཁང་དེའི་སྒོ་རྭའི་དབུས་སུ་འདོད་དཔལ་ལྷ་མོའི་མགོན་ཁང་ཞིག་ཡོད་པ་དང་དེའི་མཐའ་འཁོར་ལ་བཟོ་ཁང་སོ་སོ་གནས་ཡོད།

བརྗོད་སྲོལ་ལ་༸རྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོ་ཕོ་བྲང་ཆེན་པོའི་བཞུགས་ཁྲིར་མ་འཁོད་གོང༌། དེར་ཀརྨ་བཀའ་རྒྱུད་པའི་དགོན་གསར་ཞེས་པའི་དགོན་པ་ཤིན་ཏུ་ཆེ་ཞིང་གྲྭ་གྲངས་སྟོང་ཕྲག་ཟིན་པ་ཞིག་ཡོད་སྐད། རྗེས་སུ་སོག་པོ་ཨོ་རོད་ཚོ་བཞིའི་ཡ་གྱལ་ཧོ་ཧྲོ་ཐེ་ཚོ་པའི་འགོ་འཛིན་ཆེན་པོ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཕྱོགས་གཏོགས་ཀྱིས་གཏོར་བཤིག་བཏང་སྟེ་དགོན་པ་དེ་མགར་ཚང་དུ་བསྒྱུར་སྐད།

དེ་སྔོན་འདོད་འཇོ་དཔལ་འཁྱིལ་ཁང་གི་སྒོ་འགྲམ་དུ་ཤིང་ལས་བཟོས་པའི་སེངྒེ་རྔམ་བརྗིད་ལྡན་པ་གཉིས་ཡོད། དེས་སྔར་འདིར་ཐུན་མོང་མ་ཡིན་པའི་དགོན་པ་ཞིག་ཆགས་ཡོད་པ་གསལ་པོ་མཚོན་གྱི་འདུག དེ་མིན་ཞོལ་ལྕགས་རིའི་ནང་གི་ཀརྨ་བཀའ་རྒྱུད་པའི་ཆོས་ར་གྲུ་བཞི་མ་དེ་བཙོན་ཁང་དུ་བསྒྱུར་བ་དང་ཚོགས་ཚུགས་ས་དེ་ཞོལ་པ་ལས་ཁུངས་སུ་བསྒྱུར་བ་རེད། ལྷ་བབ་དུས་ཆེན་གོང་ཙམ་ལ་ལྷ་ས་རུ་བཞིའི་ཁང་པ་ཡོངས་ལ་དཀར་རག་གསོལ་བའི་ལུགས་སྲོལ་མཆིས་ཀྱང༌། འདོད་དཔལ་གྱི་ཁང་པ་དེ་དག་ལ་དཀར་རག་རྩ་བ་ནས་གསོལ་མི་ཆོག་པར་ནག་པོ་རང་འཇག་ལ་བཞག་སྲོལ་ཡོད།

༸རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ནས་སྤྱི་ལོ་ ༡༧༥༤ ལོར་རྩེ་སློབ་གྲྭ་གསར་འཛུགས་གནང་བ་དང་དུས་མཚུངས་སུ། རྩེ་པོ་ཏཱ་ལའི་གཤམ་འོག་གི་ཞོལ་དུ་སྐུ་བརྙན་འབྲི་བཞེངས་དང་མཆོད་ཆས་སྣེ་མང་འཚེམ་བཟོ་བྱེད་སའི་བཟོ་གྲྭ་འདོད་དཔལ་ཞེས་པ་དངོས་སུ་གསར་འཛུགས་མཛད་ཅིང༌། ལྷ་ལྡན་ཡོངས་ནས་བྲིས་ཚུགས་ཐིག་ཚད་ཁུངས་དང་ལྡན་པ་དང་ཚགས་ལུགས་རྡུང་སོགས་ལག་ཤེས་བཟོ་རིགས་ལ་མཁས་པའི་དབུ་ཆེ་ཆུང་མང་པོ་བསྡུ་འགུགས་ཐོག་ལག་ཤེས་སྦྱོང་མཁན་སློབ་མ་མང་པོ་གསོ་སྐྱོང་དང༌། དེ་དག་ལ་འཚོ་སྡོད་འདང་ངེས་ཀྱི་གླ་ཡོན་གསོལ་སྩལ་གྱིས་བཟོ་གྲྭ་བདག་སྐྱོང་མཛད། དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་ཙམ་གྱི་ནང་ལ་འདོད་དཔལ་དེ་ཉིད་རྒྱལ་རྩེའི་དམག་སྒར་དུ་བསྒྱུར་བ་ཡིན། དེ་མིན་ཞོལ་འདོད་དཔལ་དུ་བཀའ་ཤིན་ཏུ་བཙན་པའི་གྲགས་ཅན་ལྷ་མོ་ཞིག་ཡོད། དེ་ནི་འདོད་དཔལ་ཨ་བོ་ཞེས་ཁོང་ཚོའི་འགོ་འཛིན་ཞིག་ཡོད་པ་དེས་དོ་འཁུར་བྱས་ནས་བསངས་གསོལ་དང་གསོལ་ཁ་གཏོང་གི་ཡོད།

 

༣༧ ཞོལ་ནས་ཁང་ཆེན་མོ།

 

རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ཕོ་བྲང་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གནས་དེར་བཞུགས་ནས་ཆོས་སྲིད་ཀྱི་སློབ་གཉེར་དང་ཉམས་ལེན་མཛད་མྱོང་བ་དང༌། ཕྱིས་སུ་གཞུང་གི་ནས་འཇོག་སའི་བང་མཛོད་ཆེ་ཤོས་སུ་གྱུར་བས་ནས་ཆང་ཆེན་མོ་ཞེས་ཐོགས། དེ་ན་ནས་ཁང་ངམ་ནས་ཀྱི་བང་མཛོད་དེའི་ནང་བོད་ཞིང་ཁུལ་གྱི་འབྲུ་རིགས་ཐོན་ཁུངས་ལེགས་ཤོས་གང་ས་ནས་བསྡུས་པའི་འབྲུའི་ཁྲལ་རིགས་ཡོད་དོ་ཅོག་དེར་བཞག་གི་ཡོད།

ནས་ཁང་ཆེན་མོའི་སྟེང་ཐོག་ལ་ལོ་ལྟར་ལྷ་ལྡན་ཚོགས་མཆོད་ཆེན་མོའི་སྐབས་སེར་སྦྲེང་གཙུག་ལག་ཁང་ནས་ཐོན་རྗེས་ཞོལ་ནས་ཁང་ཆེན་མོའི་ཐོག་ཏུ་རྒྱལ་ཆེན་རིགས་བཞི་སོགས་སྲུང་མ་དག་དང་བཅས་པ་དེར་ཕེབས་རྗེས་ཚོགས་ཆེན་ཞལ་ངོའི་སྲུང་སྐྱོབ་འོག་འཆམ་ཆ་ཚང་ཞིག་འཁྲབ་ཚར་རྗེས། ར་མོ་ཆེ་བརྒྱུད་གཙུག་ལག་ཁང་དུ་ཕྱིར་ལོག་གི་ཡོད། དེ་དུས་ད་དུང་དགེ་སློང་ཉི་མ་རིང་པོ་ཞེས་དགེ་སློང་བཅུ་དྲུག་ཙམ་གྱིས་ནས་ཁང་གི་སྒོ་ར་ཆེན་པོ་དེར་འཛོམས་ནས། གདངས་རིང་ཞིང་དལ་པོའི་ངང་ནས་ཞལ་འདོན་གནང་གིན་རྩེ་ཕོ་བྲང་ཆེན་པོར་ཁ་ཕྱོགས་ཏེ། ཕྱག་འཚལ་ཞིང་སྨོན་ལམ་འདེབས་པའི་ཆོ་ག་ངོ་མཚན་ཅན་ཞིག་བྱེད་རྒྱུ་ཡོད། ནས་ཁང་ཆེན་མོ་དེ་དེང་སང་ཤུལ་ཙམ་ཡང་མེད་པ་ནི་སྤྱི་ལོ་ ༡༩༦༣ ལོར་གཏོར་བརླགས་ཏུ་སོང་སྐད།

 

༣༨ ཞོལ་པར་ཁང་ནུབ་མ།

 

དེ་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་སྤྱི་ལོ་ ༡༩༢༠ ལོར་འབྲི་གུང་བཀའ་རྒྱུད་པའི་བླ་ཆེན་སྒོ་འཇོག་སྤྲུལ་སྐུ་ངེས་ངོན་བསྟན་འཛིན་ཆོས་ཀྱི་དབང་པོས་མཐུན་རྐྱེན་བསྐྲུན་ཅིང༌། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བཀའ་མངགས་བཞིན་སྣར་ཐང་གི་བཀའ་འགྱུར་མ་ཕྱིར་བཟུང་ནས་བཀའ་འགྱུར་པར་གཞི་གསར་བཞེངས་གནང་བ་དང་འབྲེལ་བཀའ་འགྱུར་པར་ཤིང་བཞུགས་ཡུལ་ཞོལ་འབྲས་བུའི་སྟེང་དུ་ཞོལ་པར་ཁང་ནུབ་མ་གངས་ཅན་ཕན་བདེའི་གཏེར་མཛོད་གླིང་ཞེས་པར་ཁང་ཐོག་བརྩེགས་གསུམ་ལྡན་རྔམ་བརྗིད་ཆེ་བའི་ཁང་བཟང་ཀ་བ་བརྒྱད་ཅུ་བརྒལ་བའི་ས་ཁྱོན་ཁང་ཕྲན་མང་པོ་དང་ལྡན་པ། སྟེང་དུ་པར་ཁང་དངོས་གཞི་ཀ་རིང་བརྒྱད་དང་ཀ་ཐུང་དོན་གཉིས་ཡོད་པ་དེ་ཡིན།

དེའི་ནང་ན་དགའ་ལྡན་ཁྲི་ཐོག་དགུ་པ་ཏྲེ་ཧོར་བྱམས་པ་ཆོས་གྲགས་ཀྱིས་བསྐྲུན་གནང་མཛད་པའི་གསེར་ཟངས་ལས་གྲུབ་པའི་མ་འོངས་པའི་སངས་རྒྱས་རྒྱལ་བ་བྱམས་པའི་སྐུ་བརྙན་ཐོག་ཚད་གཉིས་ལྡན་ཀ་རིང་བཞིའི་སར་བཀའ་འགྱུར་པར་ཤིང༌། དེ་མིན་གཟུངས་འདུས་དང་བརྒྱད་སྟོང༌། འབུམ། ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པའི་པར་ཤིང་དུ་མ་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ལ་པར་རྒྱག་མཁན་ལ་གླ་ཡོན་བོད་དངུལ་སྲང་ལྔ་བཅུ་སྤྲོད་ལམ་ཡོད། དོ་དམ་འགན་འཛིན་གཞུང་གིས་གནང་གི་ཡོད་ལ། ཞར་ལ་དགོན་སྡེ་ཁག་གི་གསུང་རབ་ཀྱང་པར་འདེབས་གནང་གི་ཡོད་འདུག

 

༣༩ འཇིགས་བྱེད་ལྷ་ཁང༌།

 

ཞོལ་གྱི་འཇིགས་བྱེད་ལྷ་ཁང་ནི། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་ནང་བཞེངས་པའི་ཐོག་བརྩེགས་བཞི་ལྡན་གྱི་ལྷ་ཁང་ཞིག་ཡིན་ཞིང༌། པར་ཁང་ནས་པར་བརྒྱབ་ཟིན་རྗེས་ཕྱག་དཔེ་ཆ་ཚང་འཇིགས་བྱེད་ལྷ་ཁང་ནང་དུ་འཇོག་གི་ཡོད། ལྷ་ཁང་དེར་འཇིགས་བྱེད་ཀྱི་སྐུ་ཐོག་བརྩེགས་གསུམ་ལྡན་ཐུན་མོང་མ་ཡིན་པ་ཞིག་བཞེངས་ཡོད་པ་དེ་ནི་རྟེན་གཙོ་ཡིན། དེ་མིན་གསང་འདུས་དང༌། བདེ་མཆོག་སོགས་སྐུ་གཞན་པའང་འགའ་ཤས་ཡོད།

 

༤༠ ཞོལ་གཉེར་ལས་ཁུངས།

 

ལས་ཁུངས་དེའི་སྐོར་གོང་དུ་བརྗོད་ཟིན་ཀྱང་འདིར་དེས་སྒྲུབ་དགོས་པའི་དམིགས་བསལ་ལས་འགན་གཞན་འགའ་བརྗོད་རྒྱུ་ནི། གླིང་སྐོར་ཕྱིའི་ཞོལ་འོག་གི་རྫོང་གཞིས་བཅོ་བརྒྱད་ཀྱི་ས་ནས་རྩེ་གསོལ་ཐབ་ཀྱི་ལྗགས་སྨིན་གསོལ་མར་དང༌། གསོལ་ཞིབ། ཕྱུར་བ། ཚལ། གསོལ་ཀྲུམ་ལ་སོགས་ཚང་མ་བསྡུ་ལེན་བྱས་ནས་དུས་ཐོག་ཏུ་མཁོ་འདོན་བྱེད་དགོས་ཀྱི་ཡོད། དཔེར་ན་ལྗགས་སྨིན་གསོལ་མར་གསོས་པ་དཀར་ལྡིང་ཞེས་པ་དེ་ལྗགས་སྨིན་ཤེ་མ་ཞེས་མལ་གྲོ་གཟི་སྦུག་དང༌། རིན་ཆེན་གླིང༌། ལྕགས་གཤོངས། རུ་ཐོག་སོགས་ཀྱི་འབྲོག་ཁག་སོ་སོས་ནམ་དུས་རེ་མོས་སུ་འབུལ་དགོས། ནམ་རྒྱུན་ཞོལ་ཆིབས་ར་ནས་གསོལ་མར་བསྡུ་མཁན་ཨ་ཁུ་གཉིས་བཞོན་རྟ་དང་ལྗགས་སྨིན་གསོལ་མར་བླུག་སའི་དམིགས་བསལ་གྱི་སྒམ་ཞིག་ཡོད་པ་དེ་འཁྱེར་ནས་འགྲོ་དགོས། རྟའི་གཡེར་ཁ་དང་སྒ་ཆས་སོགས་གཏོང་སྒོ་གཏོང་དགོས་པ་ཚང་མ་ས་གནས་སོ་སོའི་ལྗགས་སྨིན་དཀར་ཁང་ནས་ཉིན་ལྟར་རེས་མོས་བཞིན་གཏོང་དགོས་ཀྱི་ཡོད། ལྗགས་སྨིན་གསོལ་མར་སོགས་ཞོལ་པ་ལས་ཁུངས་ནས་བསྡུ་ལེན་བྱས་ཏེ་ནང་ཟན་གྱིས་རྩེ་གསོལ་ཐབ་ཏུ་ཕུལ་བར་འགྲོ་སྲོལ་ཡོད།

 

༤༡ བྱང་མཁར་ཐག་ཤུར།

 

བྱང་མཁར་ཐག་ཤུར་ནི་སྔར་བོད་ཟླ་ ༡ ཚེས་ ༢ ཉིན་རྩེ་ཕོ་བྲང་དམར་པོ་ནས་གཡག་ཀོའི་རྒྱུན་བུའི་ཐག་པ་ཞིག་བཏང་སྟེ། ཐག་སྣེ་ཞོལ་རྡོ་རིང་ཕྱི་མའི་རྩེར་བསྒྲོགས་ནས་བྱང་མཁར་ཐག་ཤུར་ཞེས་པའི་ཆོ་ག་དམིགས་བསལ་ཅན་ཞིག་བྱེད་ཀྱི་ཡོད། ཐག་ཤུར་སློད་མཁན་གྱི་མི་དེ་གཙང་བྱང་མཁར་ནས་ཡོང་བས་ཆོ་ག་དེའི་མིང་ལའང་དེ་ལྟར་ཐོགས། མི་དེས་ཐག་ཤུར་སློད་དུས་བྲང་ཁོག་ཀོ་བའི་སྒ་ཞིག་ཐོག་ཏུ་བཞག་ནས་ཁ་མར་ཐུར་དུ་ཕྱོགས་ནས་བཏང་གི་ཡོད་པས་མི་ཚང་མས་སྐྱི་གཡའ་བའི་ཞེད་སྣང་ཡོད།

རྗེས་སུ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པའི་སྐབས་སུ་དེ་ལྟར་ཁ་ཐུར་དུ་ཕྱོགས་པ་དེ་རྟགས་དང་རྟེན་འབྲེལ་ཉམས་ཤིང་བཀྲ་མི་ཤིས་པར་དགོངས་པར་དང༌། ལུགས་སྲོལ་དེར་བསྒྱུར་བཅོས་གནང་སྟེ་དམག་སྤྱི་ཁང་གི་མདུན་དུ་ཤིང་སྡོང་ཀ་བ་འདྲ་བ་ཞིག་གི་རྩེ་མོར་ཡར་འཛེགས་སུ་བཅུག་པ་དེ་ཡིན། དེའི་གོ་དོན་ནི་ལུགས་གཉིས་ཀྱི་རླུང་རྟ་རྒྱས་ཤིང་མཛད་འཕྲིན་ཡོད་དོ་ཅོག་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཡིན། དེ་ནས་བཟུང་ཡར་ཤིང་ཀ་བའི་རྩེ་མོར་འཛེགས་ཏེ་སྐོར་ལྡིང་སྣ་ཚོགས་རྒྱག་པ་དང་རྩལ་ལག་སྣ་ཚོགས་འདོན་གྱི་ཡོད་པས། དེ་དུས་ལྟད་མོ་ལྟ་མཁན་ཤིན་ཏུ་མང་བ་དང་གང་ས་ནས་བསྔགས་བརྗོད་ཀྱི་སྒྲ་དབྱངས་ལྷང་ལྷང་སྒྲོག་པར་བྱེད།

 

༤༢ ཞོལ་ལྕོག་དཔོན།

 

དེར་ལས་ཀ་བྱེད་མཁན་གྱི་ལྕོག་དཔོན་སྐྱ་མི་བཞི་ཡོད་པ་དེ་ཚོར་ལྷ་སའི་བར་སྐོར་གྱི་སྐོར་བྱ་བ་འདྲ་བའི་ཞྭ་མོ་འབོག་ཏོ་རེ་གྱོན་རྒྱུ་ཡོད། ལས་འགན་གཙོ་བོ་ཞོལ་པ་ལས་ཁུངས་ཀྱི་ས་གནས་དན་བག་དང༌། གནས་ཆུང་སོགས་སོ་སོར་གླིང་མི་འདྲ་བ་བགོ་བཤའ་བརྒྱབ་པ་དེ་ལ་ལན་སྐྱེལ་རྒྱུ་དང༌། སྡེ་པ་ཞོལ་པའི་བཀའ་སོགས་ཁྱབ་བསྒྲགས་བྱེད་དགོས་ཀྱི་ཡོད། དེ་བཞིན་ཤར་ལྷོ་ནུབ་ཀྱི་གཞུང་སྒོ་གསུམ་ལ་དམ་བསྒྲགས་བྱེད་ཅིང༌། དགོང་མོ་ཆུ་ཚོད་བཅུ་པ་ཙམ་ལ་ཞོལ་ལྕགས་རིའི་ཕྱི་ཕྱོགས་སུ་གཞུང་སྒོའི་ཉེ་འགྲམ་དུ་ཡོད་པའི་པུ་ལི་སི་ཚོགས་ཁང་ཞེས་པ་དེའི་ནང་ནས་པུ་ལི་སི་དམག་མིས་བོད་མདའ་ཞིག་བརྒྱབ་ནས་གཞུང་སྒོ་རྒྱག་རྒྱུའི་བརྡ་བཏང་མ་ཐག་ལྕོག་དཔོན་གྱིས་ལམ་སེང་ཕྱིན་ནས་སྒོ་ལྕགས་ཤིན་ཏུ་ཆེ་བ་ཞིག་ཡོད་པ་རྒྱག་དགོས་ཀྱི་ཡོད། དེས་ན་གཞུང་སྒོའི་ཕྱི་རུ་ཡོད་པའི་ཞོལ་པ་བ་ཚོ་བརྡ་མདའ་མ་འཕེན་གོང་ལ་ལྕགས་རིའི་ནང་ལ་ལོག་ཟིན་པ་བྱེད་དགོས། གཞན་ཡང་ལྕོག་དཔོན་དེ་ཚོས་གྲོང་མི་ཕན་ཚུན་དབར་འཁྲུག་རྩོད་བྱུང་བའམ་རྐུན་མ་ཤོར་བ་ཐ་ན་བཟའ་ཚང་དབར་འཆམ་མཐུན་མེད་པ་སོགས་བཀྲ་མི་ཤིས་པའི་གནས་ཚུལ་ག་རེ་བྱུང་ཡང༌། ཚང་མ་ཡར་སྙན་སེང་ཞུ་བའི་འོས་འགན་ཡོད།

 

༤༣ ཞོལ་སྤྱི་ཕོགས་ཁང༌།

 

ཞོལ་སྤྱི་ཕོགས་ཁང་ཞེས་པའི་ལས་ཁུངས་འདིར་ལས་བྱེད་དོ་དམ་གནང་མི་ཛ་ཐའི་མཁན་ཆུང་རིམ་བཞི་གང་རུང་གཅིག་དང༌། རྩེ་མགྲོན་གཅིག་བཅས་ཡོད་ཅིང༌། ལས་ཁུངས་འདིས་རྒྱ་འབྲུ་ཞེས་འབྲུ་ཁྲལ་དང༌། མདོ་སྨད་མེ་ཤེ་ཟེར་བའི་མར་ཁྲལ་བསྡུ་ལེན་ཐོག་ཡས་མས་རྫོང་གཞིས་ཁག་ནས་ཕོགས་འབྲུ་འདོན་འདྲེན་གྱིས་ལྷ་སར་བཅའ་སྡོད་བོད་ཀྱི་དམག་སྒར་ལ་ཕོགས་སྤྲོད་རྒྱུའི་འགན་དབང་སྤྱོད་སྲོལ་ཡོད་དོ།།

 

༤༤ ཞོལ་ཞབས་འཕར་ལས་ཁུངས།

 

ཞོལ་ཞབས་འཕར་ལས་ཁུངས་སུ་དོ་དམ་མཁན་དྲུང་རེ་འཁོར་ཐོག་བྱ་རྩེ་དྲུང་གཉིས་དང༌། རྩེ་གཉེར་ནང་གཉིས་བཅས་པ་ཡོད་པ་དེ་དག་གི་ལས་འགན་ནི། རྒྱལ་དབང་མཆོག་གི་སྐུ་ཕྱྭ་དང༌། བསྟན་སྲིད་བདེ་ཐབས་ཀྱི་ཞབས་རིམ་སྒྲུབ་དགོས་པའི་དགོས་དངུལ་གཞུང་དངུལ་ཁང་ནས་ཞུ་དགོས་པ་དང༌། དགོས་འབྲུ་ཉེ་འཁོར་རྫོང་གཞིས་དང་བསྟན་བླ་གཞུང་ཆོད་ཀྱི་གཞིས་ཁག་ནས་བཏོན་རྒྱ་ཞུས་ཏེ་འབྲུ་དངུལ་གཉིས་ཀ་འབོར་འཁུར་ལག་འཛིན་དུ་བཀོད་དེ་ལོ་རེ་བསྡད་སོང་རྩིས་ཁྲ་ཁམས་དྭངས་འབུལ་དགོས་པ་བཅས་སོ།།

 

༤༥ ཞོལ་ལྕགས་རིའི་ནང་ཚུད་ཀྱི་སྐོར།

 

ཀ༽ ཞོལ་ལྕགས་རིའི་ནང་ཚུད་ཀྱི་བདེ་སྐྱིད་ཤར་ནི། ཞོལ་པར་ཁང་ཤར་མའི་ལྷོ་རུ་ཡོད་ཅིང༌། དེ་སྔ་བོད་གཞུང་གི་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་གཟིམས་ཤག་ཡིན། དྭགས་པོ་བྷུམ་པ། སྔར་སྐུ་དྲག་ཆེ་གྲས་ཤིག་གི་གཟིམས་ཤག་ཡིན་རུང༌། རྗེས་སུ་ཁང་གླ་ཏོག་ཙམ་བླངས་ནས་མི་སེར་དཀྱུས་མའི་སྡོད་ཡུལ་དུ་གྱུར།

ཁ༽ ཁང་གསར་སྟེང་ནི། འཁྲུངས་ཡུལ་གཙང་ཤངས་རྣམ་གླིང་ནས་ཡིན་པའི་རྩེ་དྲུང་ལོ་ཙཱ་བ་ཟེར་བ་དུས་རྒྱུན་དུ་སོག་ཆས་སྤྲད་ནས་སྡོད་མཁན་ཞིག་གི་སྡོད་ཤག་ཡིན། ག༽ མེ་སྒྱོགས་ཤར་ནི། དེ་མེ་སྒྱོགས་ཁང་གི་ཤར་ངོས་སུ་གནས་པས་མིང་དེ་ལྟར་ཐོགས། ང༽ གླིང་འགག་སྟོད་སྨད། གླིང་འགག་ལྷོ་བྱང་ཡང་བརྗོད། ཅ༽ དཀྱིལ་འཁོར་གསར་པ་ནི། དཀྱིལ་འཁོར་རྙིང་པ་ནས་ལོགས་སུ་འབྱེད་པའི་མི་ཚང་གསར་པ་ཡིན་པས་མིང་དེ་ལྟར་ཐོགས། དེར་ལྷ་ཀླུའི་ཕྱག་མཛོད་བགྲེས་པ་ཞིག་སྡོད་ཀྱི་ཡོད་པས་སྤྱིར་མི་སེར་དཀྱུས་མའི་སྡོད་ཁང་ཡིན། ཆ༽ དོམ་པོ་ནི། སྤང་སྟེང་གི་མདུན་དུ་ཡོད་ཅིང༌། དེ་ནི་སྔར་སྐུ་དྲག་ཅིག་གི་གཟིམས་ཤག་ཡིན། ཇ༽ རྟེན་ཁང་ནི། དེ་ཆིབས་རའི་ལྷའི་མཆོད་གནས་ཡིན་ལ། ཐོག་མ་ཀ་གཅིག་ལྕམ་གང་མ་གཅིག་ཡོད། དེང་སང་ལྷ་བཙུགས་དང་གསང་ཁོག་སྟབས་བདེ་ཞིག་ལས་མེད། ཉ༽ སྦྲ་ཤུར་ནི། སྔར་དེའི་ནང་རྩེ་ཕོ་བྲང་ཉམས་གསོའི་གདུང་མ་སྐམ་པོ་ཕོན་ཆེན་བཅུག་ཡོད་སྐད། ན་ལོ། ཤར་བྱང༌། ཤར་སྒོ། གར་དཔོན་རྙིང་པ། ཤར་སྒོའི་རྡོ་བཀྱག་འོག ཞོལ་ཁང་ཆུང་དཀར་པོ། ཞོལ་ཤར། སྒོ་ར་ཁང་ཆུང༌། ནོར་རྒྱས་ཁང་གསར། དོམ་པོ་རྟ་ར། ལྕང་སྦུག གུང་ཐང་རྟ་ར། གཟན་ཁང་ཐོག་ཁ། གཞུང་སྒོ་གསར་པ་བཅས་ཡོད་ཅིང༌། ཞོལ་ལྕགས་རིའི་ནང་ཚུད་ཀྱི་ཁྱིམ་དུད་ཁག་གཅིག་ལ་དེ་ཙམ་གྱི་ལོ་རྒྱུས་རིང་པོ་མེད་པའམ་གནའ་ཤུལ་གྱི་རིན་ཐང་དེ་ཙམ་མེད་གཤིས་འདིར་མཆན་མདོར་བསྡུས་ཤིག་གམ་མིང་ཙམ་ལས་བཀོད་མེད་པ་བཅས་སོ།།

 

༤༦ ཞོལ་ལྕགས་རིའི་ཕྱི་ཕྱོགས་ཀྱི་སྐོར།

 

གཞུང་སྒོའི་ཕྱིའི་ཤར་ཕྱོགས་སུ་འབྲས་བུ་གཡུལ་ཁ་ཞེས་པའི་ཐང་སྡེར་དང༌། གཞུང་སྒོའི་ཕྱིའི་ནུབ་ཕྱོགས་ཞོལ་འདོད་དཔལ་སོགས་ཀྱི་རྒྱུད་དུ་སྒེར་ཁང་དུ་མ་མཆིས། དེ་དག་ནང་ནས་ཁག་གཅིག་མིང་ཙམ་འགོད་རྒྱུ་གཤམ་གསལ། བྲག་རི་ཁུག་འགྲོང་འདོད་ཁང་གསར། རྟ་ཟམ་པའི་ཁང་པ། བཀྲས་ཁང་ཕྱི། གྲོང་པ་ཤར། ཚ་ཁུར་ཚོང་ཁང༌། སྡིང་ཡོན། རི་སྒང༌། ཚང་སྐྱིད། པུ་ལི་སི་ཚོགས་ཁང༌། ཚང་ཁང་དཀྱིལ། ལྕང་མ་ཁང་གསར། ཡུང་ཁང་སོགས་ཡོད། གཞན་ཡང་ལོ་རྒྱུས་ཀྱི་གནའ་ཤུལ་ཞོལ་རྡོ་རིང་ཕྱི་ནང་གཉིས་དང༌། ཁང་གསེར་རྡོ་རིང་གཉིས་སོགས་ཀྱང་ཡོད་པ་ལས། ཞོལ་ལྕགས་རིའི་ནང་ཁོངས་ཕལ་མོ་གཏོར་བཤིག་སོང་བ་ནས་དེང་སྐབས་གཡུང་དྲུང་ལག་འཁྱུད་སོགས་འགའ་ཞིག་ཉམས་གསོ་བྱེད་བཞིན་ཡོད་པ་དང༌། དེ་མིན་ཞོལ་ལྕགས་རིའི་ཕྱི་ཕྱོགས་ཚང་མ་ལྷ་ཀླུ་དགའ་ཚལ་སོགས་པོ་ཏཱ་ལའི་རྒྱབ་ངོས་སུ་གནས་སྤོས་བྱས་ཟིན་ཅིང༌། དེ་ཁུལ་དུ་ཞོལ་གྲོང་གསར་ཞེས་འབོད་བཞིན་ཡོད།

མདོར་ན་ང་ཚོས་ཐག་རིང་ནས་ཕོ་བྲང་ཆེན་པོ་པོ་ཏཱ་ལར་རྒྱང་ལྟ་བྱེད་པ་དང༌། མཐོ་ཞིང་བརྗིད་ཆགས་པའི་པོ་ཏཱ་ལའི་རྩེ་ནས་གྲོང་ཚོགས་མཐུག་པའི་ཞོལ་གྱི་གྲོང་ཚོར་གཟིགས་སྐབས་སྔར་གྱི་ཞོལ་གྲོང་དེ་ད་ལྟ་སྔར་བཞིན་ཉམས་མེད་དུ་གནས་ཡོད་ཚེ། གཅིག་ལ་གཅིག་འབྲེལ་དུ་ཆགས་པའི་ཁང་པ་ཆེ་ཆུང་སྣ་ཚོགས་དེ་དག་དང༌། གུ་ཡངས་དོག་ཅི་རིགས་ཡོད་པའི་ཞོལ་གྱི་སྲང་ལམ་དེ་དག་ལ་ད་དུང་ང་ཚོས་མ་ཤེས་པ་དང་མ་གོ་བའི་རྣ་བར་སྙན་པའི་སྒྲུང་གཏམ་ག་ཚོད་དང༌། ད་དུང་ང་ཚོས་མ་རྟོགས་པའི་ཡ་མཚན་དང་ངོ་མཚར་ཆེ་བའི་གསང་བ་ག་ཚོད་འཚོལ་ཞིབ་བྱ་རྒྱུ་ཡོད་དམ་སྙམ། འོན་ཀྱང་ད་ཆ་དེ་དག་ཚོད་དཔག་བྱ་རྒྱུ་ཙམ་ལས་ལོ་རྒྱུས་ཀྱི་དཔང་རྟགས་དང༌། ཤུལ་བཞག་གི་རིག་དངོས་དེ་དག་ཕལ་མོ་ཆེ་སྔར་ཕྱིར་མིང་གི་ལྷག་མར་བཏང་ཟིན་པ་ནི་ཤིན་ཏུ་ཕངས་པའི་གནས་ཤིག་ཡིན།།

ལྷ་སའི་དངོས་བྱུང་བདེན་དཔང་ལས་བཏུས།

བརྒྱུད་སྐུལ།

2 བསམ་ཚུལ། “ང་དགུ། ཞོལ་གྱི་གནའ་ཤུལ་ཁག་ 46 ངོ་སྤྲོད།

  1. ཚར་བཀྲས་ཁང་ངག་དབང་། · བཟོ་བཅོས།

    ༡༧ ཞོལ་བཀྲས་ཁང༌།
    “ཞོལ་བཀྲས་ཁང་ནི། གུར་ཁང་བཀྲ་ཤིས་ཁང་གསར་ཞེས་ཐོག་བརྩེགས་གསུམ་ལྡན་གྱི་ཁང་བཟང་ལེགས་པོ་ཞིག་ཡོད། དེའི་ཐོག་བརྩེགས་ཉིས་ཐོག་དང་གསུམ་ཐོག་ལ་སྐུ་དྲག་སྒེར་པ་ཁག་གི་སྡོད་གནས་དང༌། ཤོད་དུ་གཞུང་གི་དབུ་གུར་ཆེ་ཆུང་སྣ་ཚོགས་ཚོས་གཞི་མི་འདྲ་བ་སྣ་ཚོགས་མཆིས་པའི་མཛོད་ཁང་ཡིན། “ཞེས་གུར་འཇུག་ཡུལ་གྱི་ཆ་ནས་མིང་ཐོགས་པ་ལྟ་བུ་ཞིག་བྲིས་འདུག འོན་ཏང་གུ་གེ་ཆོས་རྒྱལ་གདུང་ལས་མཆེད་པ་བཀྲ་ཤིས་ཁང་གསར་གྱི་མི་ངོ་དག་གི་བཞུགས་གནས་ཡིན་སྟབས། གུ་གེའི་ཁང་པ་བཀྲ་ཤིས་ཁང་གསར་ལ་བསྡུས་མིང་དུ་གུར་ཁང་བཀྲ་ཤིས་ཁང་གསར་ཞེས་ཐོགས་པ་ཡིན། དེ་ལས་ད་དུང་བསྡུས་ན་བཀྲས་ཁང་ཡིན། “གུར་ཁང་བཀྲ་ཤིས་ཁང་གསར་ཞེས་ཐོག་བརྩེགས་གསུམ་ལྡན་གྱི་ཁང་བཟང་ལེགས་པོ་ཞིག་ཡོད། དེའི་ཐོག་བརྩེགས་ཉིས་ཐོག་དང་གསུམ་ཐོག་ལ་སྐུ་དྲག་སྒེར་པ་ཁག་གི་སྡོད་གནས་དང༌།” ཞེས་བྲིས་པ་ལྟར་ཐོག་མར་བཀྲས་ཁང་མེས་པོ་གོང་མ་རིམ་པའི་བཞུགས་གནས་སམ་གཟིམ་ཁང་གི་ཆ་ནས་གུར་ཁང་བཀྲ་ཤིས་ཁང་གསར་རམ་བསྡུས་མིང་ལ་ཞོལ་བཀྲས་ཁང་ཞེས་ཐོགས་པ་ཡིན། ཤོད་དུ་གཞུང་གི་དབུ་གུར་ཆེ་ཆུང་སྣ་ཚོགས་འཇོག་གི་ཡོད་བདེན་པ་ཡིན། འོན་ཀྱང་གུར་ཁང་བཀྲ་ཤིས་ཁང་གསར་ཞེས་པ་གཞུང་གི་གུར་འཇོག་གི་ཡོད་པའི་ཆ་ནས་མིང་ཐོགས་པ་མིན་པ་མཁྱེན་ཆུབ་ཡོད་པ་ཞུ་རྒྱུ་ཡིན། མ་ཟད་གུ་གེ་ཚེ་རིང་རྒྱལ་པོས་ཀྱང་གུར་འཇོག་སའི་ཆ་ནས་གུར་ཁང་ཐོགས་ལུགས་ལྟ་བུ་བྲིས་འདུག་པ་ནི་ལོ་རྒྱུས་དངོས་མ་ཤེས་པའི་སྐྱོན་ཡིན།

    ལན།
    1. ཚར་བཀྲས་ཁང་ངག་དབང་ལགས། ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་གནང་བར་བཀའ་དྲིན་ཆེ། ད་དུང་དེའི་ཐད་ཞིབ་ཕྲ་འཁོད་པའི་དཔྱད་གཞིའི་ཡིག་ཆ་ཡོད་ན་ངོ་སྤྲོད་གནང་རོགས་གནང་། ལེགས་བཅོས་ཁ་སྣོན་ཞུ་ངེས་ལགས།

      ལན།

མཆན་སྤེལ།