ཁ) གླང་ཁང་ཕུན་ཚོགས་དགའ་ཚལ།

ཁ) གླང་ཁང་ཕུན་ཚོགས་དགའ་ཚལ།

གླང་ཁང་ཕུན་ཚོགས་ར་བའམ་ཕུན་ཚོགས་དགའ་ཚལ་ནི། རྫོང་རྒྱབ་ཀླུ་ཁང་གི་ཆུ་དཀྱིལ་ཕོ་བྲང་ནས་ཐད་དྲངས་པའི་ལྷོ་ནུབ་ངོས་སྤྱི་ཁྲེ་ ༡༠ སར་ཡོད། གླང་ཁང་ཕུན་ཚོགས་ར་བ་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་སྐུ་དུས་སུ་གོར་ཁས་མགོ་བཏགས་རྗེས་གོར་ཥ་རྒྱལ་པོ་དང༌། འབྲས་ལྗོངས་ས་སྤྱོད་པས་ཀླུ་མལ་གྲོ་གཟི་ཅན་གྱི་ཆིབས་སུ་དམིགས་འབུལ་ཞུས་པའི་གླང་པོ་ཆེ་བཞི་འཇོག་ཁང་གསར་དུ་བརྒྱབ་ནས་གླང་ཁང་ཕུན་ཚོགས་དགའ་ཚལ་ཞེས་བཏགས་པ་དང༌།

རྒྱལ་དབང་སྐུ་ཕྲེང་བརྒྱད་པ་མཆོག་ལ་ཕུལ་བའི་གླང་པོ་ཆེ་བཞི་ཡོད་པར་གླང་ཁང་བསྐྲུན་ནས་མིང་དུ་གླང་ཁང་ཕུན་ཚོགས་ར་བ་ཞེས་བཏགས་པ་དང་འབྲེལ་གླང་པོ་ཆེ་རྣམས་ཀླུ་རྒྱལ་མལ་གྲོ་གཟི་ཅན་གྱི་སྤྱན་གཟིགས་སུ་ཕུལ་ཏེ་གླང་རྫི་དང་གླིང་སྲུང་བསྐོས་པ་རེད། དེར་གླང་ཆེན་འཇུག་སའི་ཁང་མིག་བཞི་དང༌། གླང་རྫིའི་སྡོད་ཤག་ར་སྐོར་སོགས་ཡོད་ལ། གླང་རྫི་དང་དོ་དམ་འགོ་པ་ཆེད་འཛུགས་ཀྱིས་གླང་ཁང་ཁོར་ཡུག་སྐྱེད་ཚལ་དང་བཅས་པར་དོ་དམ་སྲུང་སྐྱོབ་བྱེད་པོར་བསྐོས། སྐབས་དེར་གླང་ཆེན་བཞི་འབྱོར་མེད་ཡིག་ལམ་དུ་མ་མཐོང་ཡང༌། དུས་ཕྱིས་གླང་ཆེན་གཅིག་ཡོད་པ་དེ་ནི་ཕྱི་ལོ་ ༡༩༤༧ ལོར་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐབས་བལ་ཡུལ་ནས་ཕུལ་བ་ཡིན་ལ། སྤྱི་ལོ་ ༡༩༦༦ ལོའི་དབྱར་ཁ་བར་ལྷ་སར་འཚོ་གནས་ཐུབ། གླང་ཆེན་གྱི་འཐུང་ཆུ་ཀླུ་ཁང་གི་རྫིང་བུའི་ཆུ་དེ་མ་ཡིན་པར། ཉིན་ལྟར་ཉིན་དགུང་ཟིན་མཚམས་གླང་རྫིས་གླང་ཆེན་གྱི་གཉའ་ལ་བཞོན་ཏེ་པོ་ཏཱ་ལར་སྐོར་བ་དང་སྦྲགས་ཞོལ་རྡོ་རིང་ཕྱི་མའི་འགྲམ་གྱི་ཁྲོན་པའམ་བྲག་ལྷ་ཀླུ་སྒུག་ཏུ་འགྲོ་སའི་ལམ་དུ་ཡོད་པའི་ཆུ་མིག་ལས་ཆུ་བླངས་ཏེ་རྡོ་གཞོང་ནང་བླུགས་ནས་གླང་ཆེན་ལ་འཐུང་དུ་འཇུག་སྐབས། གླང་རྫིས་སྐད་བརྡ་བཏང་བ་བཞིན་གླང་ཆེན་གྱིས་ཕོ་བྲང་ལ་ཁ་སློག་ནས་སྣ་ཞགས་བརྐྱངས་ཏེ་ཆུ་ཕུད་ལན་གསུམ་གཏོར་ནས་གུས་ཞབས་མཚོན་པར་བྱེད་ཅིང༌། ཆུ་བཏུངས་རྗེས་བྲག་སྒོ་ཀ་ལིང་འོག་ནས་ཕོ་བྲང་ལ་སྐོར་བ་དང་བཅས་གླང་ཁང་དུ་ཕྱིར་ལོག་བྱེད་པ་ཡིན།

ཟླ་རེའི་ཉ་སྟོང་བརྒྱད་གསུམ་བཅས་ལ་གླང་རྫིས་གླང་ཆེན་གླིང་སྐོར་ལ་ཁྲིད་ཅིང༌། བོད་ཟླ་དང་པོའི་ཚེས་ཉེར་ལྔ་བྱམས་པ་གདན་འདྲེན་ཉིན་གླང་ཆེན་ལ་རིན་ཆེན་རྒྱན་ཆ་གཡོགས་ཏེ་བར་སྐོར་ལ་ཁྲིད་པ་དང༌། ཚོགས་མཆོད་གསེར་སྦྲེང་ཉིན་རིན་ཆེན་རྒྱན་ཆ་གཡོགས་ནས་པོ་ཏཱ་ལའི་ཞོལ་ནས་ཁང་སྟེང་ཁྲིད་ཡོང་སྟེ། གླང་ཆེན་གྱིས་པོ་ཏཱ་ལའི་ངོས་སུ་བཀྲམ་པའི་གོས་སྐུར་སྣ་ཞགས་བརྐྱངས་ཏེ་གུས་འདུད་ལན་གསུམ་ཞུ་སྲོལ་ཡོད། སྤྱི་ལོ་ ༡༩༦༦ ལོའི་རྗེས་ནས་རྟ་ཤི་སྒ་ཆག་གི་དཔེ་ལྟར་གླང་ཆེན་མཐོང་རྒྱུ་མེད་ལ། གླང་ཁང་ཡང་རིམ་བཞིན་ཉམས་གོག་ཏུ་གྱུར། ཕྱིས་སུ་གླང་ཁང་ཕུན་ཚོགས་ར་བ་དེ་ཉིད་ཕུར་བུ་ལྕོག་རི་ཁྲོད་ཀྱི་བདག་ཐོབ་ཏུ་གྱུར་ཏེ། ཕུར་ལྕོག་རི་ཁྲོད་ནས་ཟ་ཁང་ཐོག་བརྩེགས་ཉིས་ཅན་གསར་བསྐྲུན་བྱས། ལྷག་པར་ཕྱི་ལོ་ ༢༠༠༦ ལོར་གླང་ཁང་ཕུན་ཚོགས་པ་དེ་ཉིད་རྩ་གཏོར་བཏང་སྟེ་རྫོང་རྒྱབ་ཀླུ་ཁང་གི་ཐང་ཆེན་གསར་བསྐྲུན་བྱས་ཏེ་གླང་ཁང་ཕུན་ཚོགས་ར་བ་ཞེས་པ་དེ་མིང་གི་ལྷག་མར་གྱུར་རོ།།

 

ལྷ་སའི་དངོས་བྱུང་བདེན་དཔང་ལས་བཏུས།

 

 

བལ་པོའི་རྒྱལ་པོས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོར་ཕུལ་བའི་གླང་ཆེན། དེ་ཡང་གླང་ཆེན་འདིས་༸གོང་ས་བཅུ་གསུམ་པ་ཆེན་པོ་ (༡༨༧༦-༡༩༣༣) སྐུ་བསྙུན་པ་དང་དགོངས་པ་རྫོགས་སྐབས་མྱ་ངན་བྱེད་པ་དང་། རྩྭ་ཆུ་སྤྲད་སྐབས་ཐོག་མར་པོ་ཏ་ལར་ཁ་གཏད་ནས་མཆོད་པ་ཐེངས་གསུམ་ཕུལ་རྗེས་གཞི་ནས་ཟ་འཐུང་བྱེད་ཀྱི་ཡོད་པ་བརྗོད་སྲོལ་ཡོད།

བརྒྱུད་སྐུལ།

མཆན་སྤེལ།