ག) ཀླུ་ཁང་གི་བདུད་འདུལ་མཆོད་རྟེན།

ག) ཀླུ་ཁང་གི་བདུད་འདུལ་མཆོད་རྟེན།

རྫོང་རྒྱབ་ཀླུ་ཁང་གི་བདུད་འདུལ་མཆོད་རྟེན་ནི། གླང་ཁང་ཕུན་ཚོགས་ར་བའི་ནུབ་ངོས་སུ་གནས་ཤིང༌། དེ་ནི་༸རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ཐུབ་དབང་བདུད་འདུལ་གྱི་སྐུ་བརྙན་སྟོང་ཕྲག་གཅིག་བཞེངས་རྗེས་ཀྱི་སྤྱི་ལོ་ ༡༨༢༣ ལོ་སྟེ། བོད་རབ་བྱུང་བཅུ་བཞི་པའི་ཆུ་ལུག་ལོར་བཞེངས་པ་ཞིག་ཡིན་སྐད་དང་། དེ་ནས་བརྩིས་ན་ད་བར་མི་ལོ་བརྒྱ་དང་བདུན་ཅུ་ཙམ་སོང་ཟིན།

མཆོད་རྟེན་དེ་རྣམས་གསར་བཞེངས་མཛད་སྐོར་གྱི་ཞིབ་ཕྲའི་དཔྱད་གཞིའི་ཡིག་རིགས་དཀོན་པའི་དབང་གིས་བོད་རིགས་མང་ཚོགས་ཀྱི་ཁྲོད་དུ་རྨོངས་ཚོད་ཀྱི་སྒོ་ནས་ཤོད་ཚུལ་འགའ་ཞིག་བྱུང་བ་འདི་ལྟ་སྟེ། ལ་ལས་མཆོད་རྟེན་དེ་དག་ནི་རྩེ་ཕོ་བྲང་གསར་བཞེངས་གནང་སྐབས་ཀླུ་ཁང་ནང་གི་ས་རྡོའི་ཕུད་ཀྱིས་བཞེངས་པར་འདོད་པ་དང༌། འགའ་ཞིག་གིས་དེ་སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྐབས་བོད་གཞུང་གི་གླང་ཆེན་མ་བུ་གཉིས་གློ་བུར་སྐྱེ་བོ་མ་རུངས་པས་བཀྲོངས་རྗེས་སྲི་གནོན་གྱི་སླད་དུ་བཞེངས་ཚུལ་བརྗོད་པ་དང༌། རེས་འགས་ཅོག་རོང་སྤྱི་བཞག་སྲས་མོས་ཚེ་སྨོན་གླིང་གི་བླ་མ་སློག་པའི་སྡིག་བཤགས་ཀྱི་ཕྱིར་བཞེངས་ཚུལ་དང༌། ཡང་ལ་ལས་ས་ཆ་དེ་གར་སྔོན་ཆད་མཆོད་རྟེན་མེད་རུང་མི་ཉུང་ཤས་ཀྱིས་རང་དགར་བཞེངས་པ་རེད་ཅེས་སོགས་ཤོད་སྲོལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད།

༸རྒྱལ་བ་སྐུ་ཕྲེང་བཅུ་པ་ངག་དབང་བློ་བཟང་འཇམ་དཔལ་བསྟན་འཛིན་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བ་ལས། སྐབས་དེའི་ཟླ་འདིའི་ནང་བསྟན་སྲིད་བདེ་ཐབས་སོགས་ལ་དམིགས་ཏེ་དང་ཐོག་ཐུབ་དབང་བདུད་འདུལ་གྱི་སྐུ་བརྙན་སྟོང་ཚོ་གཅིག་བསྐྲུན་ཅིང༌། དོ་དམ་པ་གཟིམས་འགག་སྐལ་བཟང་དབང་ལྡན་དང༌། ཞི་བདེ་བའི་གྲྭ་པ་ལྔ། འབུར་བཟོའི་དབུ་ཆེན་གཅིག་སོགས་ཡོད་ཚུལ་དང་བཅས་པ་དང༌། ཡང་རྣམ་ཐར་དེ་ཉིད་ལས། དེའི་གོང་ལྷ་དང་བླ་མའི་ལུང་བསྟན་དགོངས་དོན་ལྟར་རྫོང་རྒྱབ་ལམ་བཞི་མདོ་ཁར་བདུད་འདུལ་མཆོད་རྟེན་གསར་བཞེངས་བྱ་དགོས་ཞེས་པ་དང༌། སྐབས་དེའི་ཚེས་བདུན་ཉིན་ས་ངན་ཞིབ་དཔྱོད་པ་བཀའ་བློན་བཤད་སྒྲ་ངོ་གཡོག་དྲུག་ཅུ་སྐོར་ཡོད་ཚུལ་ཡང་འཁོད་པར་གཞིགས་ན། ༸རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་སྲི་གནོན་གྱི་རྣམ་པའི་ཐོག་ནས་ཐུབ་དབང་བདུད་འདུལ་གྱི་སྐུ་བརྙན་བཞེངས་གནང་མཛད་པ་དང་ཆབས་ཅིག་བདུད་འདུལ་མཆོད་རྟེན་བཞེངས་པ་ནི་རྩ་བའི་ཆ་ནས་དངོས་ར་འཕྲོད་པ་ཞིག་ཡིན།

བདུད་འདུལ་མཆོད་རྟེན་དེ་དག་རིག་གསར་སྐབས་གཏོར་བཤིག་གིས་ཕྱི་ལོ་ ༡༩༩༠ ལོར་བོད་ལུགས་སྨན་པ་བསོད་ནམས་རིན་ཆེན་ལགས་ཀྱི་ཁྱིམ་ཚང་ནས་མ་དངུལ་སྒོར་ ༢༥༢༦༣ དང༌། ལྷ་སའི་མང་ཚོགས་མི་གྲངས་ ༢༧༣༠ ནས་རང་མོས་ཐོག་ཞལ་འདེབས་སྒོར་ ༢༥༣༩༤ བཅས་ཀྱིས་པོ་ཏཱ་ལའི་ནུབ་བྱང་རྫོང་རྒྱབ་ཀླུ་ཁང་ལམ་བཞི་མདོ་ཁར་སྔར་རྒྱུན་བཞིན་བདུད་འདུལ་མཆོད་རྟེན་བསྐྱར་བཞེངས་ཞུས་པ་མ་ཟད། བདུད་འདུལ་མཆོད་རྟེན་གྱི་ཤར་དུ་དབྱེན་འདུམ་མཆོད་རྟེན་དང༌། ནུབ་ལ་རྣམ་རྒྱལ་མཆོད་རྟེན། རྒྱབ་ངོས་སུ་ཁམ་བུ་བརྩེགས་ཟེར་བའི་མཆོད་རྟེན་ཆུང་ངུ་གཉིས་བཅས་གསར་བཞེངས་གནང་ཡོད་ལ། མཐའ་སྐོར་དུ་མཎི་འཁོར་ལོ་བཅས་གསར་བཙུགས་ཞུས་པ་ད་ལྟ་མཇལ་རྒྱུ་ཡོད།

 

ལྷ་སའི་དངོས་བྱུང་བདེན་དཔང་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།