ལྷ་སའི་དངོས་བྱུང་བདེན་དཔང་། (ལྷ་སའི་ལོ་རྒྱུས་ཀྱི་མཇུག་བྱང་།)

ལྷ་སའི་དངོས་བྱུང་བདེན་དཔང་། (ལྷ་སའི་ལོ་རྒྱུས་ཀྱི་མཇུག་བྱང་།)

ལྷ་ཡུལ་ས་ལ་འཕོས་འདྲའི་ཞིང་ཁམས་ཀྱི། །

ས་ཁམས་ཆགས་དབྱིབས་ལོ་རྒྱུས་གནའ་ཤུལ་དང༌། །

ཐུན་མིན་ཁྱད་ཆོས་རིན་བྲལ་རིག་དངོས་སོགས། །

ངོ་མཚར་རྨད་བྱུང་བདེན་དཔང་འདི་ན་གསལ། །

 

རིགས་གསུམ་བླ་རི་དམར་ལྕགས་བོང་གསུམ་དང༌། །

ཕྱོགས་མཚམས་བཀྲ་ཤིས་རྟགས་བརྒྱད་རི་བོས་བསྐོར། །

ཁྱད་འཕགས་རི་བཞི་གནམ་ས་རྩིབས་འདབ་བརྒྱད། །

ཡིད་འཕྲོག་མཛེས་སྡུག་ཁྱད་ཡོན་འདི་རུ་རྫོགས། །

ཟུར་བཞི་སྒང་བཞི་ཤག་བཞི་ལས་ཁུངས་བཞི། །

གླིང་བཞི་སྦུག་བཞི་ཐང་བཞི་དར་ཆེན་བཞི། །

རགས་བཞི་ཆུ་བཞི་རི་བཞི་བཙན་ཁང་བཞི། །

ཐུན་མིན་བཞི་ཚན་ཉེར་གཉིས་འདི་ན་མཛེས། །

 

ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་དང༌། །

གནའ་ཉམས་དོད་པའི་བྱང་ཆུབ་བྱོན་ལམ་གྱི། །

རིན་བྲལ་གནའ་ཤུལ་ཐུན་མིན་ཁྱད་ཆོས་སོགས། །

མིག་ཡིད་དགའ་སྟོན་རྨད་བྱུང་འདི་ན་གདའ། །

 

གངས་ལྗོངས་བསྟན་སྲིད་འགྲོ་བའི་སྲོག་ཤིང་སྟེ། །

༸རྒྱལ་མཆོག་རིམ་པའི་ཡབ་གཞིས་ངོ་མཚར་ཕྲེང༌། །

རྒྱ་བོད་ཐ་དད་བོད་ལྗོངས་རང་བཙན་སོགས། །

ལོ་རྒྱུས་བདེན་དཔང་རྡོ་རིང་ངོས་ན་བརྗིད། །

 

རྒྱལ་དར་རྒྱལ་གླུ་རྒྱལ་རྟགས་རྒྱ་དངུལ་དང༌། །

ཆབ་དཔལ་རིག་གསུམ་སྐད་ཡིག་ལེགས་བྱང་དང༌། །

གངས་ལྗོངས་ས་གཞི་ཆོས་སྲིད་ཟུང་འབྲེལ་གྱིས། །

བདེ་བར་སྐྱོང་བའི་ལས་ཁུངས་འདི་ན་མཆིས། །

 

བསྟན་པའི་མཛེས་རྒྱན་རིས་མེད་དགོན་གནས་དང༌། །

ལྷ་ཁང་བྱིན་ཅན་རི་ཁྲོད་གནས་རི་སོགས། །

རྒྱལ་བསྟན་རིག་གནས་འཛིན་སྐྱོང་སྤེལ་བ་ཡི། །

ངོ་མཚར་ལོ་རྒྱུས་ཟེར་ཕྲེང་འདི་ན་འཕྲོ། །

 

ལོ་རྒྱུས་ལྡན་པའི་ཡིད་འོང་སྐྱིད་པའི་ཚལ། །

བག་ཕེབས་ཅི་དགར་རོལ་གནས་གླིང་ཁ་དང༌། །

ཆོས་སྲིད་དམངས་ཁྲོད་དུས་ཆེན་ངོ་མཚར་ཕྲེང༌། །

ཡུལ་སྲོལ་གོམས་གཤིས་རྒྱན་གོས་འདི་ན་མཚར།

 

ཕྱག་རྡོར་བླ་རི་རིག་བྱེད་འགྲོ་ཕན་གླིང༌། །

དྭང་བསིལ་སྨན་ཆུ་གོ་མཛོད་རྡོ་རྗེ་གླིང༌། །

གྲགས་ཅན་མཆོད་རྟེན་བྲག་སྒོ་ཀྐཎི་དང༌། །

ཁྱད་འཕགས་བཀའ་འགྱུར་མཆོད་རྟེན་འདི་ན་བསྐྲུན། །

 

འཛམ་གླིང་མཛེས་བྱེད་གྲུ་འཛིན་གཉིས་པ་དང༌། །

ངོ་མཚར་གཏམ་རྒྱུད་མང་བའི་གནའ་གྲོང་ཞོལ། །

རང་བྱུང་ལྷུན་གྲུབ་རྫོང་རྒྱབ་ཀླུ་ཁང་སོགས། །

དགེ་མཚན་ཡོངས་འབར་གནའ་ཉམས་འདི་ན་མཆིས། །

 

ཉང་བྲན་གྲོང་སྨད་ཆོས་གོང་གྲོང་ཚོ་དང༌། །

དོག་སྡེའི་ཆབ་རྫིང་གློག་འཕྲུལ་དངུལ་པར་ཁང༌། །

གྲིབ་ཀྱི་རྫོང་བཙན་མེ་ཏོག་མཆོད་པ་སོགས། །

ངོ་མཚར་སྒྲུང་གཏམ་སྣ་ཚོགས་འདི་ན་རྫོགས། །

 

རབ་མང་ལོ་རྒྱུས་ལྡན་པའི་གནའ་ཤུལ་དང༌། །

རབ་བཟང་ཡུལ་གོམས་གཤིས་ལུགས་ལེགས་བྱང་བཟང༌། །

རབ་མཛེས་ཁོར་ཡུག་ས་ཁམས་ཆགས་དབྱིབས་ཅན། །

རབ་བརྗིད་ལྷ་ལྡན་ཞིང་ཁམས་ཨེ་མ་མཚར། །

 

མཛེས་མཛེས་ལྷ་སའི་ས་ཁམས་ཆགས་ཚུལ་དང༌། །

བརྗིད་བརྗིད་མེས་པོའི་ཤུལ་བཞག་རིག་དངོས་དང༌། །

གསལ་གསལ་རྒྱ་བོད་སྒོ་ཀུན་ཐ་དད་སོགས། །

བདེན་བདེན་ངོ་མཚར་ལོ་རྒྱུས་འདི་རུ་གསལ། །

 

ལྷ་ས་མྱུལ་བའི་བདེན་དཔང་ལོ་རྒྱུས་འདི། །

ལྷ་ལྡན་དབུས་འགྱུར་འཆང་དུ་གྲུབ་པར་བྱས། །

ལྷ་ཡུལ་འདྲ་བའི་གནའ་གྲོང་ལྷ་ས་དེ། །

ལྷ་མེད་སྨྲ་བའི་རྒྱ་ཡུལ་གྱུར་འདི་སྐྱོ། །

 

རྒྱ་ཆེ་གཏིང་ཟབ་ལྷ་སའི་ལོ་རྒྱུས་འདི། །

བདག་འདྲས་ཇི་བཞིན་བརྗོད་པར་དཀའ་ན་ཡང༌། །

བོད་དང་བོད་མི་རང་རིགས་སོན་རྩའི་སླད། །

ལྷ་སའི་དངོས་བྱུང་བདེན་དཔང་སྐྱེས་སུ་ཕུལ། །

 

བོད་མིར་སྐྱེས་ཤིང་བོད་ཟས་ཟས་པའི་རིན། །

བོད་ལ་ཞེན་ཞིང་བོད་དོན་སེམས་པ་ཡིས། །

བོད་རིགས་ན་གཞོན་མ་འོངས་སོན་རྩའི་སླད། །

བོད་དོན་བདེན་པའི་གནས་ཚུལ་འདི་རུ་སྤེལ། །

 

ལྷ་སའི་དངོས་བྱུང་བདེན་དཔང་ལོ་རྒྱུས་འདི། །

ལྷ་ལྡན་ཆོས་ཀྱི་ཞིང་སར་ལེགས་བསྒྲིགས་ཏེ། །

རྒྱལ་ས་ལྷ་སའི་མཐུན་གྲོགས་ཚོགས་པ་ནས། །

རྒྱལ་ཁབ་སླར་གསོའི་སྐྱེས་སུ་དཔར་འགྲེམས་ཞུས། །

ལྷ་སའི་དངོས་བྱུང་བདེན་དཔང་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།