དུང་དཀར་འཆད་ཁྲིད། སྤྱོད་འཇུག་མཛད་པ་པོ་དང་། ཇི་ལྟར་མཛད་ཚུལ།

དུང་དཀར་འཆད་ཁྲིད། སྤྱོད་འཇུག་མཛད་པ་པོ་དང་། ཇི་ལྟར་མཛད་ཚུལ།

སྤྱོད་འཇུག་གི་གཞུང་ངོ་སྤྲོད་དང་། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་སྐོར་གླེང་བ།

(མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་དུ་གནང་བའི་འཆད་འཁྲིད།)

ཀ) སྤྱོད་འཇུག་མཛད་པ་པོ་དང་། ཇི་ལྟར་མཛད་ཚུལ།

སྤྱོད་འཇུག་གི་གཞུང་འདི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་གཞུང་ཆེན་པོ་ཞིག་རེད། འགའ་ཤས་ཀྱིས་འདི་མཚན་ཉིད་རིག་པའི་གཞུང་མ་རེད་ཟེར། འོན་ཀྱང་། འདི་ནི་ནང་པ་སངས་རྒྱས་པའི་མཚན་ཉིད་རིག་པའི་གཞུང་ཡིན་པར་མ་ཟད་དེའི་ནང་ནས་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་ཆོས་ཀྱི་མཚན་ཉིད་རིག་པའི་གཞུང་ཚད་གཞི་མཐོ་ཤོས་གཅིག་ཡིན། སྤྱོད་འཇུག་འདི་སུས་བརྩམས་མིན་དང་། རྩོམ་པ་པོ་ཞི་བ་ལྷའི་ལོ་རྒྱུས་ཞིབ་ཕྲ་ཞུ་མི་དགོས་པ་བྱ་རྒྱུ་ཡིན། དེ་དག་གི་སྐོར་བུ་སྟོན་ཆོས་འབྱུང་དང་། མཁས་པའི་དགའ་སྟོན། རྒྱ་གར་ཆོས་འབྱུང་སོགས་སུ་གསལ་ཡོད། 

གཞུང་འདིའི་མཛད་པ་པོ་རྒྱལ་སྲས་ཞི་བ་ལྷ་ཡིན་ཞིང་། ཁོང་ནི་ནཱ་ལེནྡྲའི་པཎྜི་ཏ་ཞིག་ཡིན་ནའང་ཕྱི་ཚུལ་ལ་གང་ཡང་མི་ཤེས་པའི་ཁུལ་མཛད་མཁན་སྦས་པའི་རྣལ་འབྱོར་པ་ཞིག་ཡིན། པཎྜི་ཏ་གཞན་གྱི་མཐོང་ཚུལ་ལ་ཁོང་ནི་ཟ་རྒྱུ་དང་། ཉལ་རྒྱུ། ཆབ་གསང་ལ་འགྲོ་རྒྱུ་ལས་གཞན་གང་ཡང་མི་ཤེས་མཁན་ཞིག་ཏུ་སྣང་བ་ལས། ཁོང་གི་ནང་ཐུགས་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་རྣམས་གཏན་ནས་ཤེས་ཀྱི་མེད།

པཎྜི་ཏ་གཞན་ཚོས་ཁོང་དེ་ལྟར་བཞག་ཚེ་ང་ཚོ་པཎྜི་ཏ་གཞན་གྱི་མཚན་སྙན་ལ་གནོད་ཀྱི་འདུག་ཅེས་བརྗོད་པ་དང་། དེ་ཡང་རྒྱུ་མཚན་མེད་པར་ཕྱིར་འབུད་བྱས་ན་མི་འགྲིག་སྟབས། ཁོང་གིས་ཆོས་འཆད་མི་ཤེས་པས་ཆོས་བཤད་དུ་བཅུག་ན་རང་བཞིན་གྱིས་ཕྱིར་བུད་འགྲོ་དགོས་ཆགས་ཀྱི་རེད་ཅེས་པཎྜི་ཏ་རྣམས་གྲོས་བྱས་ཏེ། རྒྱལ་སྲས་ཞི་བ་ལྷར་ཆོས་གསུང་རོགས་གནང་ཞེས་ཞུས། ཆོས་གསུང་བར་ཕེབས་སྐབས་པཎྜི་ཏ་དག་གིས་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་མང་དུ་ཡོད་པ་དེ་དག་ལ་ཡི་གེ་བཏང་བ་དང་། ཡི་གེའི་ནང་དེ་རིང་འདི་གར་ནཱ་ལེནྡྲའི་པཎྜི་ཏ་ཆེན་པོ་ཞིག་གིས་ཆོས་གསུང་གི་ཡོད། ད་རེས་མ་ཡོང་ན་རྗེས་སུ་གོ་སྐབས་འདི་འདྲ་མི་འཐོབ་ཚུལ་བྲིས་ཏེ་བཏང་བས་མི་ཧ་ཅང་མང་པོ་སླེབས། དེ་ནི་གཙོ་བོ་ཞི་བ་ལྷར་དམའ་འབེབས་གཏོང་རྒྱུའི་ཆེད་དུ་ཡིན། ཆོས་གསུང་བར་ཕེབས་སྐབས་སུའང་ཁྲི་སྐས་མེད་པའི་ཁྲི་མཐོ་པོ་ཞིག་བརྒྱབས་ཡོད། ཞི་བ་ལྷས་ཁྲི་སྐས་མེད་པར་གཟིགས་སྐབས་དེ་ནི་པཎྜི་ཏ་དག་གིས་ཞི་བ་ལྷ་རང་ཉིད་ལ་དམའ་འབེབས་བྱ་རྒྱུའི་སླད་དུ་བྱས་པ་ཡིན་པར་གཞི་ནས་མཁྱེན།

དེ་ནས་ཞི་བ་ལྷས་རང་ཉིད་ཀྱི་ཕྱག་རིང་པོ་ཞིག་བརྐྱངས་ཏེ་ཁྲི་མཐོ་པོ་དེ་ཕྱག་གིས་མནན་པར་མཛད་དེ་ཁ་ཤས་ཀྱིས་མཐོང་བ་དང་། འགའ་ཞིག་གིས་མ་མཐོང་བའི་བར་དེར་ཁྲི་སྟེང་དུ་ཕེབས་པས་པཎྜི་ཏ་རྣམས་ཀྱི་བསམ་པར་ཁོང་གང་ཡང་མི་ཤེས་མཁན་ལྟ་བུ་ཞིག་ཡིན་ནའང་། ཁྲིའི་སྟེང་དུ་ཕེབས་སྟངས་དེ་ཡ་མཚན་པོ་བྱུང་། ད་ནི་ཆོས་ཇི་ལྟར་བྱས་ནས་འཆད་ཡོང་སྙམ་པའི་ཚེ་ན་རྒྱལ་སྲས་ཞི་བ་ལྷས་ངས་སྔར་བྱུང་མྱོང་བའི་ཆོས་ཤིག་འཆད་དགོས་སམ། ཡང་ན་སྔར་མ་བྱུང་བའི་ཆོས་ཤིག་འཆད་དགོས་ཞེས་བཀའ་འདྲི་གནང་བར། དེར་འཁོད་པའི་པཎྜི་ཏ་རྣམས་ཀྱིས་སྔར་མ་བྱུང་བའི་ཆོས་ཤིག་གསུང་དགོས་པར་སྨྲས། དེ་ནས་རྒྱལ་སྲས་ཞི་བ་ལྷས།

སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།།

སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ།།

དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད།།

རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས།།

ཞེས་སྔོན་ཆད་སུས་ཀྱང་བཤད་མ་མྱོང་བ་ཞིག་དང་། ཚིག་གི་སྡེབ་སྦྱོར་དང་སྙན་ངག་མཁས་པའང་ང་ལ་མེད། དེ་འདྲ་ངས་ཤེས་ཀྱི་མེད། ངའི་སེམས་ལ་འདིས་མི་གཞན་དག་ལ་ཕན་ཡོང་བསམ་པའང་མེད་ཅིང་། གཞན་ལ་ཕན་པའི་སེམས་བཟང་པོ་དེ་རང་ཉིད་ལ་གོམས་འདྲིས་ཡོང་བའི་ཆེད་དུ་འདི་བརྩམས་པ་ཡིན་ཞེས་སྤྱོད་འཇུག་དེ་བློ་ཐོག་ནས་གསུངས། སྤྱོད་འཇུག་ལེའུ་དགུ་པའི་མཇུག་དེར་སླེབས་སྐབས་ནམ་མཁར་འཕུར་ཕེབས་ཏེ་སྐུ་གཟུགས་མཇལ་རྒྱུ་མེད་ལ་གསུང་ཐོས་རྒྱུ་ཡོད་པའི་ཐོག་ནས་སྤྱོད་འཇུག་ཆ་ཚང་གསུངས། དེ་ནས་རྒྱ་གར་ལྷོ་ཕྱོགས་སུ་ཕེབས། དེ་མིན་སྤྱོད་འཇུག་ལས་རྒྱས་པའི་གཞུང་ <<བསླབ་པ་ཀུན་ལས་བཏུས་པ།>> ཞེས་པ་ཞིག་ཀྱང་མཛད་ཡོད།

སྤྱོད་འཇུག་ལ་བམ་པོ་གཉིས་ལས་མེད་ཅིང་། བསླབ་པ་ཀུན་ལས་བཏུས་པ་ལ་བམ་པོ་བཅུ་བཞི་ཡོད། སྤྱོད་འཇུག་དེ་བསླབ་པ་ཀུན་ལས་བཏུས་པ་ལས་བསྡུས་པ་ཡོད། ཡང་མདོ་ཀུན་ལས་བཏུས་པ་ཞེས་པ་དེ་ལས་རྒྱས་པ་ཞིག་ཀྱང་ཡོད། དེར་བརྟེན། ཁོང་གིས་མདོ་ཀུན་ལས་བཏུས་པ་དང་། བསླབ་པ་ཀུན་ལས་བཏུས་པ། སྤྱོད་འཇུག་བཅས་རྒྱས་འབྲིང་བསྡུས་གསུམ་གྱི་གཞུང་ཆེན་མོ་གསུམ་བརྩམས་གནང་ཡོད་ལ། སྤྱོད་འཇུག་དེ་རྒྱས་འབྲིང་བསྡུས་གསུམ་གྱི་ནང་ནས་འབྲིང་བ་དེ་ཡིན། སྤྱོད་འཇུག་བརྩམས་པ་ནས་བཟུང་རྒྱ་གར་ནང་ཁོང་གི་མཚན་སྙན་གང་སར་ཁྱབ། དེ་ནས་ནཱ་ལེནྡྲར་མ་བཞུགས་པར་གྲུབ་ཐོབ་ཀྱི་ཆ་བྱད་བཟུང་ནས་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་ཏེ་མུ་སྟེགས་པ་མང་པོ་བཏུལ་བ་དང་རྫུ་འཕྲུལ་ཡང་མང་པོ་བསྟན། ཞིབ་ཕྲ་བུ་སྟོན་ཆོས་འབྱུང་དང་། སྡེ་དགེའི་བསྟན་འགྱུར་གྱི་དཀར་ཆག་སོགས་ཀྱི་ནང་ཡོད་པས་འདིར་མི་ཞུ།

ཁ) སྤྱོད་འཇུག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས།

སྤྱོད་འཇུག་གི་གཞུང་འདིར་ཁྱད་ཆོས་ཆེན་པོ་དྲུག་ཡོད་པ་ལས། ཁྱད་ཆོས་དང་པོ་ནི། མན་ངག་འདུ་ཆེ་བ་དང་ཆ་ཚང་བ་སྟེ། སངས་རྒྱས་དང་པཎྜི་ཏ་རྣམས་ཀྱིས་གསུངས་པའི་བྱང་ཆུབ་སེམས་སྦྱོང་གི་མན་ངག་ཡོངས་སུ་རྫོགས་པ་ཕྱོགས་གཅིག་ཏུ་བསྡུས་ནས་གསུངས་པ་ཞིག་ཡིན། དེར་བརྟེན། བྱང་ཆུབ་སེམས་སྦྱོང་གི་མན་ངག་ཆ་ཚང་ཡོད་པ་ཞིག་ཡིན་པས་མན་ངག་འདུ་ཆེ་བའི་ཁྱད་ཆོས་ལྡན་ཡོད།

ཁྱད་ཆོས་གཉིས་པ་ནི། ལག་ཏུ་འཁྱེར་བདེ་བའི་ཁྱད་ཆོས་ལྡན་ཡོད། དེ་ཡང་ཇི་ལྟར་ཡིན་ཞེ་ན། འདི་ནི་ཚིག་འདྲ་ཆགས་པོ་དང་། སྙན་ངག མངོན་བརྗོད། སྡེབ་སྦྱོར་སོགས་གཙོ་འདོན་མ་མཛད་པར་གཙོ་བོ་ཁ་གསལ་ལ་གོ་བདེ་བ་དང་། མིའི་སེམས་ལ་ཕན་པའི་སླད་དུ་གཙོ་བོར་གསུངས་པར་བརྟེན། བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་མཁན་དག་ལ་ཧ་ཅང་སྟབས་བདེ་ཞིང་། བློ་རབ་འབྲིང་ཐ་མ་གསུམ་ཀར་ཕན་པ་ཞིག་ཡིན།

ཁྱད་ཆོས་གསུམ་པ་ནི། བློ་ལ་འཛིན་བདེ་བ་དེ་ཡིན། གལ་ཏེ་བློ་ལ་འཛིན་འདོད་ན་འཛིན་སླ་པོ་ཡོད། སྤྱོད་འཇུག་གི་གཞུང་འདི་ཚིགས་བཅད་ཡིན་པ་གང་ཞིག་ལ་རྐང་པ་རིང་པོ་མིན་ལ་ཐུང་ངུའང་མིན་པར་རིང་ཐུང་སྙོམས་པོ་ཞིག་དང་། ཚིགས་བཅད་ཕལ་མོ་ཆེར་ཚེག་བར་བདུན་ལས་མེད། འོན་ཏེ། ཚིགས་བཅད་འགའ་ཞིག་ལ་ཚེག་བར་དགུ་སོགས་མདོར་ན་ཚེག་བར་དགུ་ལས་རིང་བ་ཉུང་ཤས་ལས་མེད། དེར་བརྟེན། བློ་ལ་གཟུང་སླ་བ་དང་། བློ་ལ་འཛིན་མཁན་ཡང་མང་པོ་ཡོད། དེ་ཡང་འཕགས་བོད་གཉིས་ཀར་ཡོད་པར་མ་ཟད། རྙིང་མ་དང་བཀའ་བརྒྱུད་དགེ་ལུགས་སོགས་ཀྱི་བླ་མ་དང་མཁས་པ་མང་པོས་སྤྱོད་འཇུག་གི་གཞུང་བློ་འཛིན་མཛད་དེ་ཞལ་འདོན་གནང་མཁན་ཡང་མང་པོ་ཡོད།

ཁྱད་ཆོས་བཞི་པ་ནི། ཚིག་གོ་བདེ་ཞིང་དོན་གསལ་བ་དེ་ཡིན། སྤྱིར་པཎྜི་ཏ་དག་གིས་ཚིག་གཏིང་ཟབ་པོ་ཞིག་གསུང་སྲོལ་ཞིག་ཡོད་པ་དེ་ལྟར་མིན་པར་གང་གསུང་རྒྱུ་ཡོད་པ་དེ་དག་ཚིག་གསལ་པོ་བྱས་ནས་གསུངས་ཡོད། དེར་བརྟེན། སུས་བལྟས་ཀྱང་གོ་བདེ་པོ་ཡོད། ལེའུ་བརྒྱད་པ་དང་དགུ་པ་གཉིས་སུ་རིག་པའི་གཞུང་ལུགས་མང་པོ་ཡོད་པས་ཅུང་ཟད་གོ་དཀའ་བ་ལས་གཞན་རྣམས་གོ་སླ་པོ་ཡོད།

ཁྱད་ཆོས་ལྔ་པ་ནི། རིག་པའི་གཞུང་ལུགས་རྣོ་ཞིང་གསལ་པོ་ཡོད་པ་དེ་ཡིན། སྤྱོད་འཇུག་ནང་རིག་པའི་གཞུང་ལུགས་ཧ་ཅང་མང་པོ་ཡོད་པ་སྟེ། དཔེར་ན། བརྩོན་འགྲུས་ཀྱི་ཕན་ཡོན་དང་། ཁོང་ཁྲོའི་ཉེས་དམིགས་སོགས་མང་དུ་གསུངས་ཡོད། དཔེར་ན། ཁོང་ཁྲོའི་ཉེས་དམིགས་ལྟ་བུར་མཚོན་ནའང་། ཁོང་ཁྲོའི་ཉེས་དམིགས་ཀྱི་རྒྱུ་མཚན་ལ་རིག་པའི་གཞུང་ལུགས་མང་དག་ཅིག་གསུངས་ཡོད། དེ་བཞིན་བརྩོན་འགྲུས་ཀྱི་ཕན་ཡོན་དང་། ལེ་ལོའི་ཉེས་དམིགས་གསུངས་པའི་སྐབས་སུའང་རིག་པའི་གཞུང་ལུགས་མང་པོ་གསུངས་ཡོད། རིག་པའི་གཞུང་ལུགས་དེ་དག་ཚང་མར་ང་ཚོའི་བསམ་བློའི་ནང་འཆར་སྲིད་པའི་གནད་དོན་རེ་རེའི་ཐོག་ཏུ་དཔྱད་པ་རེ་རེ་ཡོད། དེར་བརྟེན། རིག་པའི་གཞུང་ལུགས་དེ་དག་ནི་རྣོ་ཞིང་སེམས་ལ་ཟུག་པོ་དང་། བློ་སྒོ་འབྱེད་པར་ནུས་པ་ཆེན་པོ་ཡོད་པ་དེ་འདྲ་ཞིག་གསུངས་ཡོད།

ཁྱད་ཆོས་དྲུག་པ་ནི། སྤྱོད་འཇུག་གི་འཕྲིན་ལས་དེ་ཧ་ཅང་ཁྱབ་བརྡལ་ཆེན་པོ་བྱུང་ཡོད་པ་དེ་ཡིན། དེ་ཡང་རྒྱ་གར་འཕགས་ཡུལ་ལ་ཆ་བཞག་ན། སྤྱོད་འཇུག་གི་འགྲེལ་པ་རྒྱས་བསྡུས་མི་འདྲ་བ་བརྒྱ་ལྷག་ཡོད་ཅིང་། བསྟན་འགྱུར་ནང་ཁོ་ནར་བོད་སྐད་དུ་བསྒྱུར་བ་ཆ་ཚང་མིན་ལ་མ་ལྟོས་པར་བརྒྱད་ཙམ་ཡོད། དེ་ཡང་ཆ་ཚང་བ་བཞི་དང་ཆ་མ་ཚང་བ་བཞི་ཡོད། ཆ་མ་ཚང་བ་དེ་དག་ནི་ཁ་ཤས་ཤེས་རབ་ལེའུའི་འགྲེལ་པ་དང་། ཁ་ཤས་ལེའུ་དང་པོ་དང་གཉིས་པའི་འགྲེལ་པ་ཡིན་པར་མ་ཟད། དེ་དག་ལས་གཞན་བཞི་ནི་སྤྱོད་འཇུག་གི་དབུ་ནས་མཇུག་བར་གྱི་འགྲེལ་བཤད་རེད།

ག) སྤྱོད་འཇུག་གི་འགྱུར་དང་། སྤྱོད་འཇུག་གི་འགྲེལ་པའི་སྐོར།

སྤྱོད་འཇུག་འདི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སྐབས་སུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་ཐོག་མར་བསྒྱུར་བ་ཞིག་ཡིན་པ་དང་། རྒྱ་གར་དུ་འཕྲིན་ལས་ཀྱི་ཁྱབ་བརྡལ་ཆེན་པོ་བྱུང་བ་ལྟར་བོད་དུའང་འདི་ནི་སེམས་ལ་ཕན་པོ་དང་ཡག་པོ་བྱུང་ཡོད། དེ་ནས་དུས་རབས་བཅུ་གཅིག་པའི་མཇུག་དང་བཅུ་གཉིས་པའི་འགོར་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་འགྱུར་བཅོས་ཕྲན་བུ་མཛད་ཡོད་ལ། དེ་བཞིན་ལོ་ཙཱ་བ་རིན་ཆེན་བཟང་པོས་དུས་རབས་བཅུ་གཅིག་པའི་འགོར་སླར་ཡང་འགྱུར་བཅོས་ཕྲན་བུ་མཛད།

གང་ལྟར་ད་ལྟ་ང་རང་ཚོས་མཇལ་རྒྱུ་ཡོད་པའི་སྤྱོད་འཇུག་འདི་བོད་སྐད་དུ་སྒྱུར་སྐབས་འགྱུར་ཧ་ཅང་ཡག་པོ་བྱུང་ཡོད། ང་ཚོས་འདི་ལྟར་ལྟ་སྐབས་བོད་པའི་པཎྜི་ཏ་ཞིག་གིས་བྲིས་པ་ལྟར་གོ་བདེ་པོ་དང་ཡག་པོ་ཡོད། ང་རང་ཚོ་བོད་ཀྱི་མཁས་པས་མཛད་པའི་སྤྱོད་འཇུག་གི་འགྲེལ་པའི་ནང་ནས་སྔ་ཤོས་ནི་ས་སྐྱ་རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པ་དེ་ཆགས་ཡོད། དེའི་རྗེས་ལ་ས་སྐྱ་དང་། རྙིང་མ། བཀའ་བརྒྱུད། དགེ་ལུགས་སོགས་ཀྱི་བླ་མ་མང་པོས་སྤྱོད་འཇུག་གི་འགྲེལ་པ་བརྩམས་གནང་ཡོད། རྗེ་བཙུན་བསོད་ནམས་རྩེ་མོ་ནས་མར་བརྩིས་ཏེ་རྫ་དཔལ་སྤྲུལ་གྱི་སློབ་མ་རྫོགས་ཆེན་མཁན་པོ་ཀུན་དགའ་དཔལ་ལྡན་གྱིས་སྤྱོད་འཇུག་གི་འགྲེལ་པ་མཛད་པའི་བར་བོད་པའི་མཁས་པས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་དྲུག་ཅུ་ལྷག་ཙམ་ཡོད། དེའི་ནང་ནས་འགའ་ཤས་ནི་ཚིག་དོན་གཉིས་ཀའི་འགྲེལ་པ་དང་། འགའ་ཤས་ནི་མཆན་འགྲེལ། འགའ་ཤས་ནི་ས་བཅད་རེད། སྤྱོད་འཇུག་གི་འགྲེལ་པའི་ནང་ནས་ཕྱི་ཤོས་ནི་རྫོགས་ཆེན་མཁན་པོ་ཀུན་དགའ་དཔལ་ལྡན་གྱིས་མཛད་པ་དེ་རེད། དེའི་རྗེས་ལ་སྤྱོད་འཇུག་གི་འགྲེལ་པ་འབྲི་གནང་མཁན་བྱུང་མི་འདུག

དེ་ནས་སྤྱོད་འཇུག་གི་འགྲེལ་པའི་ནང་ནས་མང་ཤོས་དང་རྒྱས་ཤོས་ནི་ ཐུབ་བསྟན་ཆོས་ཀྱི་གྲགས་པའི་འགྲེལ་པ་ང་རང་ཚོའི་ལས་ཁུངས་ཀྱིས་དཔར་བཏབ་པ་དེ་ལས་རྒྱས་པ་གཏན་ནས་མེད། འདི་ནི་བོད་ལ་ཡོད་པའི་སྤྱོད་འཇུག་གི་འགྲེལ་པ་གཞན་དག་ཀུན་གྱི་ལེགས་ཆ་རྣམས་བསྡུས་ཏེ་བརྩམས་གནང་བས་ཧ་ཅང་ཡག་པོ་ཡོད། འོན་ཀྱང་། ཆུ་ཚད་དམའ་ཞིང་ལས་དང་པོ་བ་དག་ལ་ཅུང་ཟད་རྒྱས་དྲགས་ཡོད། ང་རང་ཚོ་ལས་དང་པོ་བ་ལ་རྫོགས་ཆེན་མཁན་པོ་ཀུན་དགའ་དཔལ་ལྡན་གྱིས་མཛད་པ་འདི་རྒྱས་བསྡུས་འཚམ་པོ་དང་ལེགས་པོ་ཡོད། སྤྱོད་འཇུག་གི་འགྲེལ་པའི་སྐོར་འདི་ལྟར་ཡིན།

སྤྱོད་འཇུག་གི་འགྲེལ་པ་རྒྱག་སྟངས་དེ་ལ་ཕྲན་བུའི་ཁྱད་པར་ཡོད་པ་ལས། དེ་མིན་ས་སྐྱ་དང་། རྙིང་མ། བཀའ་བརྒྱུད། དགེ་ལུགས་སོགས་མང་ཆེ་བ་གཅིག་པ་རེད། རྫ་དཔལ་སྤྲུལ་རིན་པོ་ཆེས་སྤྱོད་འཇུག་འཁྲིད་གནང་བའི་སྐབས་སུ་དགེ་ལུགས་པའི་བླ་མ་དང་གྲྭ་པ་ཚོར་རྒྱལ་ཚབ་དར་མ་རིན་ཆེན་གྱི་སྤྱོད་འཇུག་གི་འགྲེལ་པའི་ཐོག་ནས་དང་། ཡང་ས་སྐྱ་པའི་བླ་མ་དང་གྲྭ་པ་དེ་འདྲ་ཕེབས་ན་རྗེ་བཙུན་བསོད་ནམས་རྩེ་མོའི་སྤྱོད་འཇུག་གི་འགྲེལ་པའི་ཐོག་ནས་སློབ་ཁྲིད་གནང་གི་ཡོད།

དེ་བཞིན་ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་སྤྱོད་འཇུག་གི་འགྲེལ་པའི་ཐོག་ནས་ཀྱང་གསུང་གི་ཡོད། འདི་དང་ཐུབ་བསྟན་ཆོས་ཀྱི་གྲགས་པས་བརྩམས་གནང་བའི་འགྲེལ་པ་གཉིས་ཀའི་ནང་ཤེས་རབ་ལེའུའི་སྐོར་དེ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་འགྲེལ་པ་གཞིར་བཟུང་བྲིས་གནང་ཡོད་ལ། རྫ་དཔལ་སྤྲུལ་རིན་པོ་ཆེས་ཀྱང་ཤེས་རབ་ལེའུའི་འགྲེལ་བཤད་རྒྱག་སྟངས་དེ་རྒྱལ་ཚབ་དར་མ་རིན་ཆེན་གྱི་འགྲེལ་པར་གཞི་བཞག་སྟེ་གསུང་གི་ཡོད།

ང) སྤྱོད་འཇུག་གི་གཞུང་ཚད།

སྤྱོད་འཇུག་གི་གཞུང་ཚད་གང་ཡིན་ཞེ་ན། སྤྱོད་འཇུག་ལ་བམ་པོ་གཉིས་དང་ལེའུ་བཅུ་ཡོད། དེ་ཡང་བམ་པོ་ཞེས་པ་གང་འདྲ་ཞིག་ལ་གོ་དགོས་སམ་ཞེ་ན། བམ་པོ་ཞེས་པ་དེ་ང་ཚོ་བོད་ལ་དཔེ་ཆ་སྣ་རིང་ཅན་དེ་མ་བྱུང་བའི་སྔོན་དུ་བཙན་པོའི་དུས་སྐབས་སུ་དཔེ་ཆ་ཚང་མ་ཤོག་སྒྲིལ་ཡིན་ཞིང་། ཤོག་སྒྲིལ་རེ་ལ་བམ་པོ་རེ་བརྩི་བཞིན་ཡོད། རྒྱ་གར་གྱི་དཔེ་ཆའི་ནང་བམ་པོ་ཞེས་པ་མེད་པ་དང་། བམ་པོ་རེ་ལ་ཤློཀ་སུམ་བརྒྱ་རེ་ཡོད། སྤྱོད་འཇུག་ལ་ཚེག་བར་བརྒྱད་སྟོང་བཞི་བརྒྱ་ཐམ་པ་ཡོད།

ཏུན་ཧོང་ནས་ཐོན་པའི་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་གྱི་དཀར་ཆག་མགོ་མཇུག་མེད་པ་ཞིག་ངས་མཐོང་མྱོང་། དེའི་ནང་དཔེ་ཆ་འདི་དང་འདི་ཞེས་བྱ་བ་ལ་བམ་པོ་དང་། ཤློཀ །ཚེག་བར། ཤད་སོགས་ཇི་ཙམ་ཡོད་མེད་ཀྱི་ཐོ་འཁོད་འདུག་པ་དེ་ནི་ཧ་ཅང་ཞིབ་ཚགས་སུ་མངོན། ང་ཚོས་ཕྱིས་སུ་དཔེ་ཆའི་ཐོ་འབྲི་སྐབས་ཤོག་གྲངས་དང་། ཐིག་ཕྲེང་ཇི་ཙམ་ཡོད་མེད་ཙམ་ལས་བམ་པོ་དང་ལེའུ་ཤད་སོགས་ཇི་ཡོད་འབྲི་སྲོལ་མེད། འོན་ཀྱང་། བོད་ཀྱི་དཀར་ཆག་རྙིང་པ་དེ་དག་ཏུ་ཡིག་འབྲུ་དང་ཤད་ཀྱི་ཁ་གྲངས་ཡན་ཆད་འཁོད་ཡོད། ཤད་ཀྱི་གྲངས་ཡོད་དགོས་དོན་ནི། མཚམས་ཀྱི་ཆེད་དུ་ཡིན་ཞིང་། ལོ་ཙཱ་བ་དང་པཎྜི་ཏ་ཚོས་བསྒྱུར་ཟིན་གཏན་ལ་ཕབ་པའི་དཔེ་ཆ་དེ་དག་རྒྱལ་པོར་ཕུལ་ཏེ་སྙན་སེང་ཞུས་པ་དང་། རྒྱལ་པོས་མར་གཏན་ལ་ཕབ་སྟེ་ཚེག་བར་དང་ཤད་ཀྱི་གྲངས་སོགས་བཀོད་ནས་དེང་ཕྱིན་ཆད་སུས་ཀྱང་འཕྲི་སྣོན་བྱ་མི་ཆོག་པའི་དོན་ཡིན་པ་སོགས་ཀྱི་ཁྲིམས་ཡིག་དམ་པོ་བཟོས་ཡོད་པ་དཀར་ཆག་དེའི་ནང་འཁོད་འདུག

དཀར་ཆག་དེ་ང་སྔོན་མ་ཕྱི་ལོ་ ༡༩༨༧ ལོར་ཚོགས་འདུར་འགྲོ་སྐབས་འཇར་མན་གྱི་མི་ཞིག་གིས་ཁྱེར་འདུག སྔོན་མ་ཏུན་ཧོང་གི་ཡིག་ཆ་མང་པོ་འཇར་མན་སོགས་སུ་ཕར་ཚུར་བགོ་བཤའ་བརྒྱབ་ནས་ཁྱེར་བའི་དཀར་ཆག་དེ་ཁོང་ཚོར་རག་འདུག དཀར་ཆག་དེར་མགོ་མཇུག་མི་ཚང་བའི་ཤོག་ལྷེ་གཉིས་རང་ཁྱེར་འདུག་པ་དེ་ངས་བཤུས་ནས་ཉར་བ་ཡིན། འདི་ཡན་སྤྱོད་འཇུག་གི་གཞུང་ཚད་ཀྱི་སྐོར་དེ་ཡིན།

ཅ) སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ངོ་སྤྲོད།

དེ་ནས་ཞུ་རྒྱུ་གཙོ་བོ་གང་ཡིན་ཞེ་ན། སྤྱོད་འཇུག་གི་ནང་དོན་ངོ་སྤྲོད་དང་ལྷན་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་དེ་ངོ་སྤྲོད་ཞུ་རྒྱུ་ཡིན། ད་ལན་ངས་འཆད་རྒྱུའི་ནང་དོན་གཙོ་བོ་ཡང་དེ་རང་རེད། སྤྱོད་འཇུག་གི་གཞུང་འདིར་གདེང་འཇོག་བྱེད་ཚུལ་གང་འདྲ་ཡིན་མིན་ཞུས་ན། འདི་ནི་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་རིག་པའི་གཞུང་ལུགས་ཀྱི་ནང་ནས་ཆ་ཚང་ཤོས་ཤིག་གམ། ཐེག་པ་ཆེན་པོའི་མདོ་ཕྱོགས་ཀྱི་མཚན་ཉིད་རིག་པའི་གཞུང་ཞིག་ཡིན། འདིའི་ནང་གསང་སྔགས་ཚུད་མེད།

ནང་པ་སངས་རྒྱས་པའི་མཚན་ཉིད་རིག་པར་གཙོ་བོ་མི་འདྲ་བ་གསུམ་ཡོད་པ་ལས། དང་པོ་ནི་ལུས་ངག་གི་ཀུན་སྤྱོད་སྲུང་བའི་མཚན་ཉིད་རིག་པ་དང་། གཉིས་པ་ནི། གཞན་སེམས་གོང་འཕེལ་གཏོང་བྱེད་ཀྱི་མཚན་ཉིད་རིག་པ། གསུམ་པ་ནི། རང་ཉིད་ཀྱི་སེམས་ལ་རང་དབང་འཐོབ་པར་བྱེད་པའི་མཚན་ཉིད་རིག་པ་བཅས་གསུམ་ཡོད། གསུམ་པ་འདི་ནི་གསང་སྔགས་ཀྱི་སྐོར་དེ་ཆགས་ཡོད། དེར་བརྟེན། ནང་པ་སངས་རྒྱས་པའི་མཚན་ཉིད་རིག་པ་དེ་གསུམ་དུ་འདུས་ཡོད།

ནང་པ་སངས་རྒྱས་པའི་ཆོས་ཀྱི་བསམ་བློའི་དོན་སྙིང་དེ་གང་རེད་ཅེ་ན། གཞན་ལ་གནོད་པ་སྤངས་ཏེ་ཕན་པ་སྒྲུབ་རྒྱུ་དེ་གཙོ་བོ་ཡིན་ལ། གཞན་ལ་ཕན་པའི་བསམ་བློ་དེ་ཡང་ཐོག་མར་རྨང་གཞི་ཞིག་གི་སྟེང་ནས་སྒྲུབ་དགོས་པས་དེ་གང་ཡིན་ཞེ་ན། དེ་ནི་གཞན་ལ་གནོད་པ་སྤོང་བ་ནས་འགོ་འཛུགས་དགོས་ཤིང་། རྨང་གཞི་འདིའི་ཐོག་ནས་གོམ་གང་མདུན་སྤོས་ཀྱིས་གཞན་ཕན་གྱི་བསམ་བློ་དེ་འཕེལ་རྒྱས་འགྲོ་དགོས་ཀྱི་ཡོད། གཙོ་ཆེ་ཤོས་དེ་རེད།

དཔེར་ན། དེང་སང་ལྟར་བཤད་ན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཟུང་དུ་འབྲེལ་དགོས་པ་དང་། བསམ་པའི་དཔལ་ཡོན་གྱི་ནང་ནས་གལ་འགངས་ཆེ་ཤོས་གང་ཡིན་ཞེ་ན། ངས་བྱས་ན་བསམ་པའི་དཔལ་ཡོན་གྱི་ནང་གཙོ་ཆེ་ཤོས་སྒེར་སེམས་མེད་པ་དེ་རེད། སྒེར་སེམས་མེད་པ་ནི་མདོར་ན་གཞན་ལ་ཕན་པ་སྒྲུབ་རྒྱུ་དང་། གནོད་པ་སྤོང་རྒྱུ་ལས་གཞན་གང་ཡང་མིན། སྒེར་སེམས་ཡོད་ན་རང་ལ་ཕན་པ་ཞིག་དང་གཞན་ལ་གནོད་པ་ཞིག་བྱེད་རྒྱུ་དེ་རེད། སྒེར་སེམས་ཀྱི་འབྲས་བུར་དེ་གཉིས་ཡོང་གི་རེད།

འཛམ་བུ་གླིང་ལ་དགོས་པའི་བསམ་པའི་དཔལ་ཡོན་དེ་ཡང་སྒེར་སེམས་མེད་པར་གཞན་ལ་མི་གནོད་ཅིང་ཕན་པ་སྒྲུབ་རྒྱུ་དེ་རེད། སྒེར་སེམས་མེད་ཅིང་། སྤྱི་སེམས་ཡོད་པ། ཐུན་མོང་གི་བསམ་བློ་ཡོད་པའི་སེམས་བཟང་པོ་ཞིག་ལ་ཟེར། འདི་ནི་ང་རང་ཚོ་མི་ཚང་མས་ནམ་རྒྱུན་ནས་ཤེས་རྟོགས་ཡོད་པ་ཞིག་ཡིན་པ་ལས་དཀའ་ལས་ཁག་པོ་དེ་ཙམ་མིན། སེམས་བཟང་པོ་ནི་སྦྱོང་བརྡར་དང་གོམས་འདྲིས་བྱས་ཏེ་ཡོང་བ་ལས་གློ་བུར་དུ་སྤང་སྟེང་དུ་ཤ་མོ་སྐྱེ་བ་ལྟར་ཡོང་ཐབས་མེད་པར་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ཏུ་སྒྱུར་ཐུབ་པ་ཞིག་བྱེད་དགོས། དེ་ལྟར་བྱུང་ན་དངོས་པོའི་དཔལ་ཡོན་ལེགས་པོ་ཇི་ཙམ་བྱུང་ཡང་ཕན་ཐོགས་ཡོད། གཞན་ལ་ཕན་པའི་སེམས་བཟང་པོ་དེ་མེད་པར་རང་ལ་ཕན་ཞིང་། གཞན་ལ་གནོད་པ་བྱེད་རྒྱུའི་བསམ་བློའི་རྨང་གཞིའི་ཐོག་ནས་དངོས་པོའི་དཔལ་ཡོན་ཡར་རྒྱས་ཇི་ཙམ་ཕྱིན་ཀྱང་སྙིང་པོ་གང་ཡང་མེད། དངོས་པོའི་དཔལ་ཡོན་ཡར་རྒྱས་ཇི་ཙམ་ཕྱིན་པ་དེ་ཙམ་སྒེར་སེམས་ཆེ་རུ་དང་། སྤྱི་ཚོགས་ཀྱི་ཟང་ཟིང་མང་དུ་འགྲོ་ངེས་རེད།

གཞན་ཕན་གྱི་བསམ་བློ་ལས་སྟོབས་ཆེ་བའི་བསམ་པའི་སྟོབས་ཤུགས་གཅིག་དང་། དེ་ལས་ལེགས་པའི་བསམ་པའི་དཔལ་ཡོན་ཞིག་མེད། ནུས་པ་དང་སྟོབས་ཤུགས་ཆེ་ཤོས་དེ་གཞན་ཕན་གྱི་བསམ་བློ་རེད། གཞན་ཕན་གྱི་བསམ་བློ་དེར་བསམ་བློའི་སྟོབས་ཤུགས་ཕུན་སུམ་ཚོགས་པོ་ཞིག་ཡོད། དེ་གང་ཡིན་ཞེ་ན། ས་གཞི་རིལ་མོ་འདིའི་སྟེང་དུ་འཚོ་བ་སྐྱེལ་མཁན་གྱི་འགྲོ་བ་མིའི་རིགས་དེ་སྤྱི་ཚོགས་ཀྱི་ནང་ལ་བསྡད་ནས་འཚོ་བ་སྐྱེལ་དགོས་ཤིང་། སྤྱི་ཚོགས་དེ་ཡང་གང་འདྲ་ཞིག་དགོས་སམ་ཞེ་ན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀ་ཚང་བ་ཞིག་དགོས་པ་ལས་གཅིག་མ་ཚང་ནའང་མི་འགྲིག གཉིས་ཀ་དགོས་པར་ཙམ་མ་ཟད་དེའི་ཐོག་ཏུ་གལ་གནད་ཆེ་ཤོས་བསམ་པའི་དཔལ་ཡོན་དེ་རེད།

དཔལ་ཡོན་གཉིས་དེ་ཡར་རྒྱས་གཏོང་སྐབས་དེ་གཉིས་ཟུང་འབྲེལ་བྱེད་དགོས་པ་ལས་དངོས་པོའི་དཔལ་ཡོན་ལ་མཐོང་ཆེན་དང་། བསམ་པའི་དཔལ་ཡོན་ལ་མཐོང་ཆུང་བྱས་ན་དེའི་འབྲས་བུར་དངོས་པོའི་དཔལ་ཡོན་ཡར་རྒྱས་ཇི་ཙམ་ཕྱིན་པ་དེའི་ཚོད་ཀྱིས་མི་ཚང་མ་སྒེར་སེམས་ཆེ་རུ་དང་། རང་ཕན་གཞན་གནོད་ཀྱི་བསམ་བློ་ཤུགས་ཇེ་ཆེར་འགྲོ་ངེས་མ་ཟད། མི་གསོད་ཁྲག་སྦྱོར་དང་། མགོ་བདེ་བླགས་འཚོལ། རྐུན་ཇག ཁྲམ་པ། ཁྲིམས་འགལ་སོགས་སྤྱི་ཚོགས་ཐོག་བརྟན་ལྷིང་དང་མཐུན་སྒྲིལ་མི་ཡོང་བའི་རྙོག་དྲ་ཚང་མ་དེ་ནས་ཡོང་གི་རེད།

འདི་དག་སྒེར་སེམས་ནས་བྱུང་བ་དང་། རྒྱལ་ཁབ་ཕན་ཚུན་གྱི་དམག་འཁྲུག་ཀྱང་སྒེར་སེམས་ནས་བྱུང་བ་རེད་ལ། ཁྱིམ་ཚང་ནང་བཟའ་ཚང་ཕན་ཚུན་མི་མཐུན་པ་དང་། ཕ་མ་བུ་ཕྲུག་དབར་མི་མཐུན་པ་དེ་ཡང་སྒེར་སེམས་ནས་བྱུང་བ་རེད། དེ་འདྲ་བྱས་ན་མཐུན་སྒྲིལ་ཡོང་རྒྱུ་མེད། སེམས་ནང་ཞི་བདེ་མེད་སྟབས་ཁྱིམ་ཚང་དང་། སྤྱི་ཚོགས། ལུང་པ། རྒྱལ་ཁབ་བཅས་ཀྱི་ནང་ལའང་ཞི་བདེ་ཡོང་རྒྱུ་གཏན་ནས་མེད། རྒྱལ་ཁབ་ནང་གི་འགོ་བྱེད་དག་གིས་རང་ལ་ཕན་པ་དང་གཞན་ལ་གནོད་པ་ཞིག་དང་། ཁྲིམས་ཁང་དང་དམག་དཔུང་བེད་སྤྱོད་བཏང་སྟེ་བསྡད་ན། མཐའ་མའི་འབྲས་བུར་མེ་མདའ་བེད་སྤྱོད་བཏང་སྟེ་དམག་འཁྲུག་རྒྱག་རྒྱུ་དེ་ལས་ལྷག་མེད།

ཁྱིམ་ཚང་གཅིག་གི་ནང་ལ་ཆ་བཞག་ནའང་། བཟའ་ཚང་གཉིས་ཀྱི་བར་ལ་རང་ལ་ཕན་པ་དང་གཞན་ལ་གནོད་པའི་བསམ་བློ་བཏང་ན་གཉིས་ཀར་འགྲིག་ཐབས་མེད། དེ་ལྟར་བྱས་ན་ཉིན་གཅིག་བཟའ་མི་ཁ་བྲལ་དུ་འགྲོ་རྒྱུ་ལས་མེད། ཕན་ཚུན་གཉིས་ཀས་ཐུན་མོང་གི་བསམ་བློ་ཞིག་བཏང་ནས་ཁྱིམ་ཚང་དེ་ཡར་རྒྱས་གཏོང་དགོས་པ་ལས། རང་ཉིད་གཅིག་པུའི་ཐོག་ཏུ་བསམ་བློ་བཏང་ན་གཏན་ནས་འགྲིག་ཐབས་མེད། སྤྱི་ཚོགས་ནང་མི་ཚང་མར་གཞན་ལ་མགོ་སྐོར་གཏོང་བ་དང་། རང་ཕན་གཞན་གནོད་ཀྱི་གོམས་གཤིས་དེ་འདྲ་ཞིག་འཇགས་ཚེ་རྒྱལ་ཁབ་ཀྱི་ཁྲིམས་བཙན་པོ་དང་། དམག་དཔུང་གི་སྟོབས་ཇི་ཙམ་ཡོད་ཀྱང་དེས་གཅུན་ཐབས་མེད། དེ་ལས་སྡུག་པའི་སྤྱི་ཚོགས་ཤིག་མེད། མཐར་དེ་ལྟ་བུའི་སྤྱི་ཚོགས་ཤིག་གི་ནང་ང་རང་ཚོ་མི་རྣམས་འཚོ་མི་ཐུབ།

མིའི་རིགས་ཀྱི་སྤྱི་ཚོགས་ཧྲིལ་པོ་དེ་ཞི་བདེའི་ཐོག་ཏུ་གནས་པ་ཞིག་དགོས་ཚེ། ཚང་མའི་བསམ་བློའི་རྨང་གཞིའི་ནང་ཐུན་མོང་གི་བསམ་བློ་དང་། གཞན་ལ་ཕན་པའི་བསམ་བློ། སྤྱི་ལ་ཕན་པའི་བསམ་བློའི་རྨང་གཞི་དེ་འདྲ་ཞིག་ཡོད་པའི་ཐོག་ནས་དཔལ་འབྱོར་ཡར་རྒྱས་གཏོང་དགོས་པ་ཡིན། དེ་བྱུང་ན་ཡག་ཤོས་རེད། དེ་ལྟར་བྱུང་ན་རང་གཞན་གཉིས་ཀ་སྐྱིད་པ་དང་། སྤྱི་ཚོགས་ཞི་བདེར་གནས་པ་ཡོང་གི་རེད། གཞན་ལ་ཕན་པའི་སེམས་བཟང་པོ་ཡོང་རྒྱུ་དེ་ཡང་ལས་སླ་པོ་ཞིག་མིན། རིག་པའི་གཞུང་ལུགས་ཀྱི་ཐོག་ནས་བསམ་བློ་དེ་ལ་སྦྱོང་བརྡར་སྤྲད་ནས་དེ་ལ་གོམས་གཤིས་ཤིག་འཇགས་སུ་བཅུག་ན་མ་གཏོགས་མེ་མདའ་བེད་སྤྱོད་དང་། སྒོར་མོ་ཁྲི་ཕྲག་མང་པོ་སྤྲད་ཀྱང་ཕན་ཐོགས་མེད།

དེ་ལ་གང་ཞིག་བྱེད་དགོས་སམ་ཞེ་ན། རྒྱུ་མཚན་དང་རིགས་པ་སྨྲས་ཏེ་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་སློབ་གསོ་བརྒྱབ་སྟེ་བསམ་བློ་དེ་ལ་སྦྱོང་བརྡར་སྤྲོད་དགོས། སྤྱོད་འཇུག་གི་གཞུང་ནི་དེ་ལྟ་བུའི་གཞུང་ལུགས་ཤིག་ཆགས་ཡོད། དེར་བརྟེན། སྤྱོད་འཇུག་ལ་དོན་སྙིང་ཆེན་པོ་ལྡན་ཡོད། མི་འགའ་ཞིག་གིས་སྤྱོད་འཇུག་འདི་གྲྭ་པ་དང་བླ་མ་གསོ་སྐྱོང་བྱེད་རྒྱུའི་ཆེད་དུ་ཡིན་པས། དགོན་པའི་ནང་མ་གཏོགས་སྤྱི་ཚོགས་ནང་འདིས་གནོད་སྐྱེལ་གྱི་རེད་ཅེས་བརྗོད་ཀྱི་ཡོད།

ངས་བྱས་ན་འདི་ནི་སྤྱི་ཚོགས་ལ་གནོད་པ་སྐྱེལ་རྒྱུ་ལས་ལྡོག་སྟེ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་ཅེས་བརྗོད་ཀྱི་ཡོད། འདིའི་སྙིང་དོན་ནི་རླབས་ཆེན་རེད། དེས་གཞན་ཕན་གྱི་བསམ་བློ་གསོ་སྐྱོང་བྱེད་ཚུལ་གྱི་རིག་པའི་གཞུང་ལུགས་སྟོན་གྱི་ཡོད་པས་ང་ཚོར་དགོས་པ་འདི་རེད། གུང་བྲན་ཏང་དང་འཛམ་གླིང་ཧྲིལ་པོ་ལའང་དགོས་རྒྱུ་འདི་རེད། དེ་ལས་ལྷག་པའི་སེམས་བཟང་པོ་ཞིག་དགོས་རྒྱུ་མེད་ལ་གང་ནས་ཀྱང་རྙེད་རྒྱུ་མེད། བསམ་པའི་དཔལ་ཡོན་དེ་ལས་ལེགས་པ་ཞིག་མེད། དེ་ནི་དངོས་གནས་རེད།

གཞན་ལ་ཕན་པའི་བསམ་པའི་དཔལ་ཡོན་དེ་ཕར་བཞག་སྟེ། མིའི་གླ་ཕོགས་ལྡབ་གཉིས་གསུམ་དང་། གནས་རིམ་སོགས་ཇི་ཙམ་སྤར་ཡང་། རང་ལ་ཕན་པ་དང་གཞན་ལ་གནོད་པའི་བསམ་བློ་དེ་ཡོད་པ་དེ་སྲིད་སྒོར་མོ་ཁྲི་ཕྲག་མང་པོ་གླ་ཆར་སྤྲད་ཀྱང་འགུལ་སྐྱོད་རྩ་བ་ཉིད་ནས་ཐེབས་མི་ཐུབ། འགུལ་སྐྱོད་མི་ཐེབས་པའི་ཁར་གང་འཚམ་ནས་འུ་ཐུག་པའི་མཚམས་སུ་མེ་མདའ་བེད་སྤྱོད་གཏོང་དགོས་པ་ཐུག་ཉེན་ཡོད། དེས་ནི་ཕན་པ་ལྟ་ཅི་ཇེ་སྡུག་ཏུ་འགྲོ་རྒྱུ་ལས་མེད། བར་སྐབས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་བསླབ་བྱ་གཅིག་བྱུང་བ་རེད། རྒྱལ་ཁབ་མང་པོ་ཞིག་གིས་དཔལ་འབྱོར་ཡར་རྒྱས་གཏོང་བ་དང་། རང་བྱུང་ཚན་རིག་དང་། རྡུལ་ཕྲན་མཚོན་ཆ། རྡུལ་ཕྲན་ནུས་པ་སོགས་ལ་ཚོད་ལྟ་འདྲ་མིན་སྣ་ཚོགས་བྱས་ཏེ། ཐ་ན་འཁྲུལ་འཁོར་གྱི་མི་ཡང་བཟོས་པ་རེད།

འཕྲུལ་འཁོར་གྱི་མི་བཟོས་ནས་ཕན་ཐོགས་གང་ཞིག་ཡོད་དམ། དེས་ཕན་ཐོགས་རྒྱུ་ཕར་བཞག་མི་མང་པོ་ཞིག་ལ་ལས་ཀ་མེད་པ་ཆགས་པ་དང་ལས་ཀ་ཤོར་བཞིན་ཡོད། སློབ་གྲྭ་འབྲིང་བ་དང་ཆུང་བ་ཐོན་པ་ཚོ་རེ་བ་རྒྱག་རྒྱུ་ལྟ་ཅི་སློབ་གྲྭ་ཆེན་མོ་ཐོན་པ་ཚོ་ཡང་ལས་ཀ་མ་རག་པར་དཀའ་ངལ་འཕྲད་ཡོད། དེ་མིན་རྒྱ་ཆེའི་ཞིང་འབྲོག་གི་མང་ཚོགས་རྣམས་གང་ཞིག་བྱེད་དགོས་སམ། ཁོང་ཚོར་གླ་ཕོགས་ནི་མེད། ལོ་གཅིག་ཧྲིལ་པོ་ས་ཞིང་དང་རྩྭ་ཐང་ལ་བསྙེས་ཏེ་ཐོན་སྐྱེད་དང་སྒུར་སྒུར་བྱས་ཏེ་དཀའ་ལས་རྒྱག་རྒྱུ་ལས་གཞན་དག་གང་ཡང་མེད།

དངོས་པོའི་དཔལ་ཡོན་ཁོ་ནར་མགོ་འཁོར་ནས་བསྡད་ན་དུས་སྐབས་དེའི་རིང་ལ་གནས་སྐབས་ལྷིང་འཇགས་ལྟ་བུ་བཟོ་ཐུབ་ཀྱང་། དེ་ནི་བརྟན་པོ་ཞིག་མིན། མིག་སྔའི་དངོས་པོའི་དཔལ་ཡོན་དང་། རྒྱང་རིང་གི་བསམ་པའི་དཔལ་ཡོན་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཡག་པོ་ཞིག་དགོས་ཞེས་ངས་བརྗོད་ཀྱི་ཡོད། འོན་ཏེ། འགྲིག་དང་མི་འགྲིག་ཁྱེད་རང་ཚོས་དཔྱད་པ་གནང་རོགས། ཁྱེད་རང་ཚོ་ཞིབ་འཇུག་གནང་མཁན་ཡིན་པས་ངའི་སྐད་ཆར་འགྲིག་དང་མི་འགྲིག་ཅི་རིགས་ཡོང་ངེས་ཡིན།

མི་ཁག་ཅིག་གིས་སྤྱི་ཚོགས་དང་སློབ་གྲྭའི་ནང་སྤྱོད་འཇུག་སློབ་རྒྱུ་འདིར་ངོ་རྒོལ་བྱེད་ཀྱི་ཡོད། དེ་ལ་ཁག་ཡོད་པ་མ་རེད། ཁོང་ཚོས་དེའི་ནང་དོན་ཤེས་ཀྱི་མེད། ཤེས་ཀྱི་མེད་ཀྱང་ཤེས་མདོག་བྱས་ཏེ་དེ་ཆབ་སྲིད་ཀྱི་ཚད་མཐོ་པོ་ཞིག་གི་སྟེང་དུ་བསྐྱལ་ཏེ། ཧ་ལམ་རྩ་དོན་བཞི་དང་རྒྱབ་འགལ་གྱི་སློབ་གསོ་རྒྱག་གི་ཡོད་པ་ལྟ་བུར་ཤོད་ཀྱི་ཡོད། དངོས་ཡོད་ཐོག་འདི་ནི་རྩ་དོན་བཞི་དང་བསམ་པའི་དཔལ་ཡོན་དང་མཐུན་གྱི་འདུག་གམ་མི་འདུག ཡིན་ནའང་། ངས་སྤྱི་ཚོགས་ཚན་རིག་ཁང་དང་། ཞིབ་འཇུག་ཁང་། སློབ་གྲྭ་ཆེན་མོ་སོགས་དེ་དག་གི་ནང་སྤྱོད་འཇུག་སློབ་དགོས་ཞེས་ངས་ཞུ་གི་མེད་ལ། ང་ལ་ཁྱད་པར་གང་ཡང་མེད།

ཡིན་ནའང་། ང་ཚོས་གང་དུ་ལྟ་དགོས་སམ་ཞེ་ན། འདིས་སྤྱི་ཚོགས་ཧྲིལ་པོའི་ཁེ་ཕན་དང་རིན་ཐང་ཆེན་པོ་ཞིག་སྟོན་གྱི་ཡོད། དེ་འཚོང་ཆོག་དགོས་ཀྱི་རེད། སྤྱི་ཚོགས་ཧྲིལ་པོའི་མི་ལ་བསླད་སྐྱོན་གཏོང་བྱེད་ཀྱི་ཅ་ལག་དེ་འདྲ་མང་པོ་འཐོན་བཞིན་ཡོད། དེ་དག་འཚོང་མཁན་དང་ཉོ་མཁན་གཉིས་ཀ་ཡོད། དངོས་གནས་ཕན་ཐོགས་ཡོད་པའི་བསམ་པའི་དཔལ་ཡོན་དེ་དག་སློབ་ཆོག་གི་མེད། དེའི་མཐའ་མའི་འབྲས་བུ་གང་འདྲ་ཆགས་སམ་ཞེ་ན། རྒྱལ་ཁབ་གཅིག་གིས་དཔལ་འབྱོར་གྱི་ཐོག་ལ་དཀའ་ལས་མང་དག་ཅིག་བརྒྱབ་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་དཀའ་ལས་མང་པོ་བརྒྱབ་པའི་དངོས་པོའི་སྟོབས་ཤུགས་དེ་དག་འཕྲོ་བརླག་གཏོང་གི་ཡོད།

མང་པོ་ཞུ་མི་དགོས་པར་རྡོག་རྡོག་ཞུས་ན། ང་ཚོར་དགོས་པའི་སེམས་བཟང་པོ་ནི་གཞན་ཕན་རེད། གཞན་ལ་ཕན་པའི་སེམས་བཟང་པོ་དེའི་ཐོག་མའི་རྨང་གཞི་རྩིག་རྨང་ལྟ་བུ་དེ་ནི་གཞན་ལ་གནོད་པ་མི་བྱེད་པ་དེ་རེད། ཐོག་མར་གཞན་ལ་ཕན་མི་ཐོགས་ཀྱང་གནོད་མ་བསྐྱལ་ན་ཡག་ཤོས་རེད། གཞན་ལ་གནོད་པ་མི་བྱེད་པ་དེ་ནས་འགོ་འཛུགས་དགོས། རྨང་གཞི་དང་པོ་དེ་ཡིན་ལ། རྨང་གཞི་དེ་གང་འཚམ་བྱུང་རྗེས་གཞན་ལ་ཕན་ཨེ་ཐུབ་ལྟ་དགོས། དེ་ནི་སྤྱོད་འཇུག་གི་སྙིང་པོ་རེད།

དང་པོ་གནོད་མི་སྐྱེལ་བ་དང་མཇུག་ལ་གཞན་ལ་ཕན་ཐོགས་སྒྲུབ་དགོས་ཞེས་བརྗོད་ཀྱི་ཡོད། སངས་རྒྱས་ཤཱཀྱ་མུ་ནེ་ཁོང་གིས་གསུང་རྒྱུ་ཡང་དེ་རང་རེད། མི་ལ་ཆོས་གསུང་སྐབས་ཐོག་མ་ཉིད་ནས་གཞན་ལ་ཕན་ཐོགས་སྒྲུབ་དགོས་ཞེས་གསུངས་མེད། ཐོག་མར་གཞན་ལ་གནོད་པ་མི་སྐྱེལ་བར་གསུངས་པ་དང་། དེ་ནས་ལོ་ཤས་ཕྱིན་རྗེས་གནོད་མི་སྐྱེལ་བ་ཙམ་གྱིས་མི་འགྲིག་པར་ཕན་ཐོགས་བྱེད་ཨེ་ཐུབ་ལྟ་དགོས་ཞེས་གསུང་གི་ཡོད། ཐེག་པ་ཆེན་པོའི་ཆོས་ནི་གཞི་ནས་རྗེས་སུ་གསུངས་པ་ཞིག་རེད།

སངས་རྒྱས་ཤཱཀྱ་ཐུབ་པ་ཁོང་ནི་དེང་སང་གི་ཤོད་སྟངས་ལྟར་བྱས་ན་སློབ་གསོ་མཁས་ཅན་ཞེས་པ་དེ་ཆགས་ཡོད། སློབ་གསོ་མཁས་ཅན་ཞེས་པ་དེ་ནི་རིམ་པ་བྱས་ནས་སློབ་གསོ་རྒྱག་རྒྱུར་མཁས་པ་ཞིག་ལ་བརྗོད་ཀྱི་ཡོད། བསམ་བློའི་གནས་ཚད་ལ་གཞིགས་ཏེ་རིམ་པར་བྱས་ཏེ་འཁྲིད་མཁས་པ་ཞིག་རེད། དེར་བརྟེན། སེམས་པ་བཟང་པོ་དེ་ཡོང་བར་ཐོག་མར་གཞན་ལ་གནོད་པ་མི་བྱེད་པ་བྱེད་དགོས་ལ། གཞན་ལ་གནོད་མི་བྱེད་པ་དེ་གང་ཡིན་ཞེ་ན། གཞན་གྱི་ནོར་དང་སེམས་ལུས་སྲོག་བཅས་ལ་གནོད་པ་མི་བྱེད་པ་དེ་རེད།

༡) ལུས་ངག་གི་ཀུན་སྤྱོད་སྡོམ་ཚུལ།

མི་དགེ་བ་བཅུ་ཟེར་བ་གང་འདྲ་བྱས་ནས་ཡོང་བ་རེད་དམ་ཞེ་ན། དེའི་ནང་ནས་ཁ་ཤས་ཀྱིས་གཞན་གྱི་སེམས་ལ་གནོད་པ་དང་། ཁ་ཤས་ཀྱིས་གཞན་གྱི་ལུས་ལ་གནོད་པ། ལ་ལས་གཞན་གྱི་ཚེ་སྲོག་ལ་གནོད་པ། འགའ་ཞིག་གིས་གཞན་གྱི་རྒྱུ་ནོར་ལ་གནོད་པ་སོགས་རེད། བཞི་པོ་དེ་དག་གང་ཞིག་ལ་གནོད་པ་བྱས་ཀྱང་དེ་ནི་ཀུན་སྤྱོད་ཡག་པོ་མིན། ང་ཚོས་མི་དེ་ཀུན་སྤྱོད་ཡག་པོ་མེད་ཅེས་བརྗོད་དོན་ནི། མི་དེའི་ཀུན་སྤྱོད་ཀྱིས་གཞན་ལ་གནོད་པ་བྱེད་ཀྱི་ཡོད་པས་རེད།

ཐོག་མར་ང་རང་ཚོའི་ཀུན་སྤྱོད་ཡག་པོ་དགོས་ལ། དེ་ཡང་ལུས་ཀྱི་ཀུན་སྤྱོད་དང་ངག་གི་ཀུན་སྤྱོད་གཉིས་ཀ་ཡག་པོ་དགོས་ཤིང་། ལུས་ཀྱི་སྒོ་ནས་རྐུ་མ་དང་། སྲོག་གཅོད། ལོག་གཡེམ་སོགས་སྤོང་དགོས་ཞེས་གསུང་གི་ཡོད། རྐུ་མ་རྐུ་བ་དང་འཕྲོག་པ་འདིས་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་སོགས་ཀྱིས་གཞན་གྱི་སེམས་ལ་གནོད་པ་བྱེད་ཀྱི་ཡོད། མདོར་བསྡུས་ནས་བཤད་ན་ལུས་སྲོག་ལོངས་སྤྱོད་སེམས་བཅས་བཞི་པོ་དེ་ལ་གནོད་པ་མི་བྱེད་པ་དེ་ལ་ཀུན་སྤྱོད་གཙང་མ་ཞེས་བརྗོད་ཀྱི་ཡོད། ཀུན་སྤྱོད་གཙང་མ་ནི་ཐོག་མའི་རྨང་གཞི་ཡིན།

ཀུན་སྤྱོད་གཙང་མ་དེ་ཡང་ཇི་ལྟར་ཡོང་ངམ། རང་ཉིད་གཅིག་པུའམ་ཡང་ན་གཞན་དང་མཉམ་དུ་བསྡད་པའི་ཐོག་ནས་ཡོང་གི་རེད་ཅེ་ན། ཀུན་སྤྱོད་གཙང་མ་ཞེས་པ་ནི། སྒྲིག་ཁྲིམས་དང་སྒྲིག་འཛུགས་ཡོད་པའི་ཐུན་མོང་གི་འཚོ་བ་ཞིག་སྐྱེལ་བའི་ཐོག་ནས་གོམས་འདྲིས་བྱས་ན་མ་གཏོགས་རང་ཉིད་གཅིག་པུའི་ཐོག་ནས་ཀུན་སྤྱོད་གཙང་མ་ཞིག་ཡོང་མི་ཐུབ། རྒྱུ་མཚན་དེ་ལ་བརྟེན་ནས། ནང་པའི་སངས་རྒྱས་པའི་ཆོས་ཀྱི་ནང་གང་ཞིག་གསུངས་སམ་ཞེ་ན། ལུས་ངག་གི་ཀུན་སྤྱོད་གཙང་མ་དེ་སྒྲིག་འཛུགས་ཀྱི་འཚོ་བའི་ནང་གསོ་སྐྱོང་བྱེད་དགོས་པའི་བསམ་བློའི་རྨང་གཞི་དེ་འདྲ་ཞིག་ཡོད། དགོན་པ་ཆགས་དགོས་པའི་རྒྱུ་མཚན་དེ་རེད།

དགོན་པ་དེ་གང་འདྲ་བྱས་ནས་བྱུང་བ་རེད་དམ། ངེས་པར་དུ་གྲྭ་པ་མང་པོ་ཞིག་མཉམ་རུབ་བྱས་ཏེ་རི་ཁུག་ཏུ་སྡོད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཟ་རྒྱུ་འཐུང་རྒྱུ་གཅིག་པུའི་དོན་དུ་མིན་པར་གཙོ་བོ་ནི་ཁོང་ཚོའི་ཀུན་སྤྱོད་གཙང་མ་ཞིག་གསོ་སྐྱོང་བྱེད་རྒྱུ་དེ་ཐུན་མོང་དུ་འཚོ་བ་སྐྱེལ་བ་དང་ཐུན་མོང་དུ་སྒྲིག་ཁྲིམས་འཁུར་བའི་ཐོག་ནས་རང་ཉིད་སོ་སོར་གོམས་གཤིས་ཆགས་ཡོང་གི་ཡོད། གོམས་གཤིས་ཆགས་ན་དེང་སྐབས་མཚན་ཉིད་རིག་པའི་ནང་དུ་གཞན་དབང་ནས་རང་དབང་གི་གནས་སུ་སླེབས་ཞེས་ཡོད་པ་ལྟར་རང་དབང་འཐོབ་དགོས་ན་སྔོན་ལ་གཞན་དབང་དགོས་ཞེས་གཞན་དབང་གི་ནང་ནས་རང་དབང་གསོ་སྐྱོང་བྱེད་དགོས།

གཞན་དབང་གི་གནས་ཚུལ་དེ་སྔོན་ལ་སོ་སོས་མ་མྱངས་ན་རང་དབང་གི་བསམ་བློ་དེ་འཁོར་གྱི་མ་རེད། གཞན་དབང་གིས་རང་ཉིད་གཅུན་པ་དེ་མེད་ན་རང་དབང་གི་ཐོག་ནས་བློ་བདེ་བག་ཕེབས་དེ་ཡོང་གི་མེད། དེ་ནི་མཚན་ཉིད་རིག་པའི་འགྲོ་སྟངས་ལྟར་བཤད་ན་འགལ་ཟླ་གཅིག་གྱུར་ཞེས་པ་དེ་རེད། དེ་གཉིས་ཀྱི་བར་ལ་འགལ་ཟླ་ཡོད་ལ་གཅིག་གྱུར་ཡང་ཡོད། རང་དབང་གི་ཐོག་ནས་བློ་བདེ་བག་ཕེབས་ཤིག་ཡོང་དགོས་ན། ཐོག་མར་གཞན་དབང་གི་འཚོ་བ་ཞིག་སྐྱེལ་དགོས་ལ། གཞན་དབང་གི་འཚོ་བ་ཞིག་བསྐྱལ་བའི་ནང་ནས་བློ་བདེ་བག་ཕེབས་ཀྱི་རང་དབང་གི་གནས་སུ་སླེབས་ཐུབ།

དགོན་པ་དགོས་པའི་རྒྱུ་མཚན་ཡང་དེ་ལྟར་རེད། དེང་སྐབས་མངའ་བདག་ཆེན་པོ་གསུམ་ཞེས་བརྗོད་སྐབས་དགོན་པ་དགོས་པའི་རྒྱུ་མཚན་དེ་ལྟར་བཤད་ན་མི་འགྲིག འདི་ནི་ངས་ནང་པའི་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་ཐོག་ནས་ཞུས་པ་ཡིན། འདིས་དགོན་པ་ཟེར་བ་དེ་སྤྱི་ཚོགས་དང་ཁ་བྲལ་ནས་སྡོད་དགོས་པའི་རྒྱུ་མཚན་ཆེན་པོ་ཞིག་བཤད་པ་ལོས་ཡིན། དེང་སང་ཚན་རིག་དང་སྤྱི་ཚོགས་ལ་ཞིབ་འཇུག་བྱས་པའི་ཐོག་ནས་གང་ཞིག་བརྗོད་ཀྱི་ཡོད་ཅེ་ན། སྤྱི་ཚོགས་དང་ཁ་བྲལ་བའི་ཟ་འདྲེ་རེད་ཟེར་གྱི་ཡོད། སྤྱི་ཚོགས་དང་ཁ་བྲལ་བའི་ཟ་འདྲེ་རེད་ཅེས་བརྗོད་དོན་ནི། དོན་ལ་ཟ་རྒྱུ་མ་གཏོགས་སྤྱི་ཚོགས་ལ་ཕན་ཐོགས་མི་འདུག་ཟེར་གྱི་ཡོད། སྤྱི་ཚོགས་ནས་ཚུར་བྱུང་བ་དེ་དག་བཟས་ཏེ་གཉིད་ཉལ་ནས་སྡོད་པ་ལས་ཕར་སྤྱི་ཚོགས་ལ་ཕན་མི་ཐོགས་པ་ཞིག་ཏུ་མཐོང་གི་ཡོད། བཟས་ནས་བསྡད་པ་དེ་མཐོང་བ་ལས་སྤྱི་ཚོགས་དང་ཁ་བྲལ་ནས་སྡོད་དགོས་པའི་རྒྱུ་མཚན་གང་ལ་ཐུག་མིན་དེ་མཐོང་གི་མེད། གྲྭ་པ་སྤྱི་ཚོགས་དང་ཁ་བྲལ་ནས་སྡོད་དགོས་པའི་རྒྱུ་མཚན་གང་ལ་ཐུག་པ་རེད་དམ། སྤྱི་ཚོགས་ཀྱི་ནང་དུ་མིའི་བསམ་བློ་མང་ཆེ་བ་གང་འདྲ་ཞིག་རེད་ཅེ་ན། ངས་གོང་དུ་ཞུས་པ་གཞིར་བཟུང་སྤྱི་ཚོགས་ནང་གི་མི་བརྒྱ་ཆ་དགུ་བཅུ་ནི་རང་ལ་ཕན་པ་དང་གཞན་ལ་གནོད་པའི་བསམ་བློ་ཡོད་མཁན་ཤ་སྟག་རེད། གཞན་ལ་ཕན་པའི་བསམ་བློ་གཏོང་མཁན་དེ་བརྒྱ་ཆ་བརྒྱ་ཐམ་པའི་ནང་ནས་ཆ་གཉིས་གསུམ་ཡོད་མེད་ཀྱང་ཁག་པོ་རེད།

མི་བརྒྱ་ཐམ་པའི་ནང་ལ་གསུམ་ཡོད་ན་ཨང་ཀི་དང་པོ་རེད། དེ་ཡང་ཁག་པོ་རེད། སྤྱི་ཚོགས་དེ་འདྲ་ཞིག་གི་ནང་དུ་སྤྱི་ཚོགས་ཀྱི་བསམ་བློའི་གོམས་གཤིས་ངན་པའི་སྐྱོན་ཚང་མ་སོ་སོར་ཚུར་འགོས་ཡོང་གི་ཡོད། ཚུར་འགོས་ཡོང་དུས་དེ་དང་ཁ་མ་བྲལ་བར་མཉམ་དུ་བསྡད་ན་ཇེ་སྡུག་ཏུ་འགྲོ་བ་ལས་ཇེ་ཡག་ཏུ་འགྲོ་རྒྱུ་མེད། སྤྱི་ཚོགས་དང་ཁ་བྲལ་ནས་ཟུར་དུ་སྡོད་དགོས་དོན་དེ་ལྟར་རེད། ད་ལྟ་རང་དབང་གི་གནས་ལ་མ་སླེབས་པར་གཞན་དབང་གི་གནས་ལ་སླེབས་ཡོད་པས། ཆ་རྐྱེན་དང་ཁོར་ཡུག་དེ་ལྟ་བུ་ཞིག་གི་ནང་དུ་ཁོར་ཡུག་གི་སྐྱོན་རྣམས་ཚུར་འགོས་ཡོང་བ་ལས་སོ་སོས་ཕར་སེམས་བཟང་པོའི་བག་ཆགས་འཇོག་མི་ཐུབ།

གནས་ཚུལ་དེ་ལྟ་བུའི་འོག་ཏུ་སྤྱི་ཚོགས་དང་ཁ་བྲལ་ན་མ་གཏོགས་སྤྱི་ཚོགས་ནང་གནས་མི་ཐུབ། དགོན་པ་དེ་སྤྱི་ཚོགས་དང་ཁ་བྲལ་དུ་གནས་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ལ་ཐུག་ཡོད། དགོན་པར་སྒྲིག་ཁྲིམས་དང་སྒྲིག་ལམ་ཡོད་དགོས་པ་དེ་ནི་སེམས་བཟང་པོ་དང་། ཀུན་སྤྱོད་བཟང་པོ་དེ་རང་གཞན་གཉིས་ཀས་རང་ཉིད་གཅུན་པའི་ཐོག་ནས་ཡོང་དགོས། སྤྱིར་བཏང་མི་མང་ཆེ་བས་གཞན་གྱིས་གཅུན་ན་མ་གཏོགས་རང་གིས་རང་གཅུན་ཐུབ་ཀྱི་མེད། ཚུར་གཅུན་མཁན་ལ་མཚོན་ན། སྒྲིག་འཛུགས་དང་། ཏང་། དམག་དཔུང་། རྒྱལ་ཁབ་ཀྱི་ཁྲིམས་སོགས་གཅུན་མཁན་ཧ་ཅང་མང་པོ་ཞིག་ཡོད། གང་ལྟར་གཞན་གྱིས་གཅུན་པའི་གནས་ཚུལ་གྱི་འོག་ལ་རང་ཉིད་ཀྱི་ཀུན་སྤྱོད་བཟང་པོ་དེ་ཡར་རྒྱས་གཏོང་རྒྱུ་ལས་ཐབས་གཞན་མེད།

རྗེས་སུ་རིམ་པས་གོམས་གཤིས་ཆགས་ན་ཡག་པོ་ཡོད། བསམ་བློའི་ནང་གི་སྐྱོན་ཆ་དེ་དག་མེད་པར་བཟོ་དགོས་ན། བསམ་བློའི་ནང་གི་སྐྱོན་ཆ་འདོད་ཆགས་དང་། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་སོགས་མང་དག་ཅིག་ཡོད་པ་དེ་དག་ལམ་སེང་མེད་པར་བཟོ་ཐབས་མེད། སྔོན་ལ་ལུས་ངག་གཉིས་ཀྱི་ཀུན་སྤྱོད་ངན་པ་གཞན་ལ་གནོད་པ་སྐྱེལ་མཁན་དེ་འགོག་དགོས་པ་དང་། དེ་ནས་ལུས་ངག་གི་ཀུན་སྤྱོད་ངན་པ་དེ་དག་གི་འབྱུང་རྩ་རིམ་གྱིས་མེད་པར་བཟོ་དགོས། བསམ་བློའི་ཉེས་སྐྱོན་དེ་དག་སེལ་བར་འདོད་ཆགས་ཀྱི་ཉེས་དམིགས་དང་། ཁོང་ཁྲོའི་ཉེས་དམིགས། དེ་བཞིན་ཕྲག་དོག་གི་ཉེས་དམིགས་ལ་སོགས་པ་དེ་དག་ཚང་མའི་སྐྱོན་རྣམས་ལ་བསམ་བློ་བཏང་སྟེ་མེད་པར་བཟོ་དགོས།

དེ་ཡང་ཐོག་མར་བསམ་བློའི་ནང་སྐྱོན་ཆ་རྣམས་ཤུགས་ཇེ་ཆུང་དུ་གཏོང་དགོས། དེ་ནས་བསམ་བློ་བཟང་པོ་གཞན་ལ་ཕན་པའི་བསམ་བློ་དེ་ཤུགས་ཇེ་ཆེར་འགྲོ་བ་ནི་རྒྱ་མ་དང་གཅིག་པ་རེད། རྒྱ་མའི་ནང་མར་དང་ཚྭ་ཞིག་བཞག་ནས་གང་ལྕི་བ་དེ་མར་འགྲོ་བ་དང་གཞན་དེ་ཡར་འགྲོ་བ་དང་གཅིག་མཚུངས་རེད། བསམ་བློ་བཟང་པོ་དང་ངན་པ་གཉིས་རྒྱ་མའི་སྟེང་དུ་བཞག་པ་ལྟར་རེད། གཅིག་མང་དུ་ཕྱིན་ན་གཅིག་ཉུང་དུ་འགྲོ་ངེས་རེད།

བསམ་བློའི་ནང་གི་སྐྱོན་ཆ་དེ་དག་མེད་པར་བཟོ་བར་སྐྱོན་ཆ་ཤུགས་ཇེ་ཆུང་དུ་བཏང་རྗེས་ད་དུང་གོམ་པ་གང་སྤོས་ཏེ་གང་ཞིག་བྱེད་དགོས་སམ་ཞེ་ན། སྐྱོན་ཆ་དེ་རྣམས་གང་ནས་ཡོང་མིན་གྱི་འབྱུང་རྩ་དེ་སྔོག་དགོས། དེང་སང་གི་ཆབ་སྲིད་སློབ་སྦྱོང་ལྟར་ན་རྩ་བ་སྔོག་དགོས་ཞེས་པ་དེ་རེད། རྩ་བ་དེ་གང་ནས་འབྱུང་ངམ་ཞེ་ན། དེ་ནི་རང་ཉིད་རྩ་ཆེན་པོར་བརྩི་བ་དེ་ནས་ཡོང་གི་ཡོད། རང་ལ་ཕན་པ་དང་གཞན་ལ་གནོད་པ་དེ་གང་ནས་ཡོང་གི་ཡོད་ཅེ་ན། རང་ཉིད་རྩ་ཆེན་པོར་བརྩི་བ་དེ་ནས་ཡོང་གི་ཡོད། ཡང་དེ་ལའང་གྲོགས་བྱེད་མཁན་གཞན་ཞིག་ཡོད། དེ་གང་རེད་ཅེ་ན། ང་ཀྱོག་ཀྱོག་ཅེས་པའི་བསམ་བློ་ཞིག་ཡོད་པ་དེས་བཟོ་བཞིན་ཡོད། དེ་ཡོད་སྟབས་ང་རྩ་ཆེན་པོ་བརྩི་བའི་བསམ་བློ་དེ་སླེབས་ཀྱི་ཡོད།

ངས་བསྟན་བཤིག་གཅིག་ཞུ་རྒྱུར། སྔོན་མ་ཕྱི་རྒྱལ་གྱི་མི་ཞིག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ཡོད་ཅིང་། ཁོས་བོད་སྐད་ཡག་པོ་ཤེས་ཀྱི་ཡོད། ཁོས་ང་ལ་ཁྱེད་རང་ཚོའི་བོད་ཡིག་གི་ཡི་གེ་ང་དེ་ང་གསོན་པོ་ལྟ་བུར་བྲིས་འདུག་ཅེས་བརྗོད་བྱུང་། རྒྱུ་མཚན་གང་ཡིན་ཞེ་ན། ང་ཚོའི་སེམས་ནང་གི་ང་ཞེས་པའི་བསམ་བློ་དེ་མ་གཞི་ཁ་ཐུག་ཡིན་པ་ལ་ཕར་ཀྱོག་ཙམ་ཡོད། འོ་ན་གང་དུ་ཀྱོག་ཡོད་དམ་ཞེ་ན་སོ་སོ་རང་ཉིད་ཀྱི་ཕྱོགས་སུ་ཀྱོག་ཡོད། ཕར་ཀྱོག་པར་མ་ཟད་ཡར་ཀེར་ནས་རང་ཉིད་མ་གཏོགས་བསམ་རྒྱུ་མེད་པ་ཞིག་ཡོད་པ་མངོན་སུམ་གསོན་པོ་ལྟ་བུ་བྲིས་འདུག་ཅེས་ཟེར།

ང་ཚོས་ཡིག་གཟུགས་ལ་བལྟས་ནས་གོ་བ་དེ་ལྟར་ལེན་གྱི་མེད་ཀྱང་། ཁོང་ཚོས་གོ་བ་དེ་ལྟར་ལེན་གྱི་འདུག དེ་ནི་དངོས་གནས་དྲང་གནས་དེ་ག་རང་ཆགས་ཡོད། དཔེར་ན། རང་ཉིད་ལ་གོ་གནས་མཐོ་པོ་ལྟ་བུ་ཞིག་རག་སྟེ་སྐྱིད་པོ་བྱུང་བའི་སྐབས་ལ་ང་ཞེས་པ་ལག་པས་འཛིན་རྒྱུ་དང་མིག་གིས་མཐོང་རྒྱུ་ཡོད་པ་ལྟ་བུ་ཞིག་སོ་སོའི་འཆར་སྣང་དུ་ཡོང་གི་ཡོད། དེ་ནས་ཡང་གོ་གནས་དེ་མ་རག་ཚེ་ལོ་ཁ་ཤས་རིང་རེ་བ་རྒྱག་རྒྱུ་མེད་ཅེས་ཡི་ཐང་ཆད་ནས་འདིར་མི་སྡོད་ཅེས་དང་། ལས་ཀ་གནས་སྤོས་བྱེད་ཀྱི་ཡིན་ཞེས་བརྗོད་མཁན་དེ་ལྟར་ཡོད།

དེའི་སྐབས་སུ་སེམས་ནང་ཡི་ཐང་ཆད་པའི་སྐབས་སུ་ང་ཞེས་མགོ་ནས་རྐང་པའི་བར་གྱི་ཆ་ཤས་གང་ཡང་མ་ཡིན་པར་དེ་ལས་ལོགས་སུ་ང་ཞེས་པ་ཞིག་ཡོད་པའི་འཆར་སྣང་ཞིག་ཡོད། དཔེར་ན། རང་ཉིད་ཀྱི་མིང་ལ་བཀྲ་ཤིས་ཟེར་གྱི་ཡོད་ན། དང་པོ་གཞན་གྱིས་ཕྱི་ལོགས་ནས་སྐད་བཏང་སྟེ་བཀྲ་ཤིས་ཞེས་འབོད་སྐབས་ང་ལ་བརྗོད་ཀྱི་འདུག་སྙམ་པ་དང་། ཡང་དེ་ནས་ཕྱི་ལོགས་ནས་རང་ཉིད་ལ་རྐུན་མ་ཞེས་བོས་ན་དེ་མ་ཐག་ངས་རྐུ་མ་མ་བརྐུས་ཀྱང་ཁོས་ང་ལ་རྐུ་མ་ཞེས་བརྗོད་ཀྱི་འདུག་པས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་ཏུ་འགྲོ་གི་ཡིན་ཞེས་བརྗོད་ཀྱི་རེད།

དེ་དུས་ཕོག་ཐུག་གཏོང་སའི་ང་ཞེས་པ་དངོས་གནས་ཁོག་པའི་ནང་ལྕགས་རིལ་རིལ་རྡོག་རྡོག་ལྟ་བུ་བཟོད་མི་ཐུབ་པ་དང་། ནད་མི་འཁྱོག་པ་ལྟ་བུ་ཞིག་ཡོད་པའི་བསམ་བློ་ཧ་ཅང་ཤུགས་ཆེན་པོ་ཡོད། ངར་འཛིན་ཟེར་བ་ནི་དེ་རེད། ངར་འཛིན་ཡོད་ན་རང་ཉིད་རྩ་ཆེན་པོར་བརྩི་བ་དེ་ཡོང་གི་ཡོད། གོང་དུ་གཞན་གྱིས་རང་ཉིད་ལ་རྐུ་མ་ཞེས་བརྗོད་སྐབས་ང་ཞེས་པའི་བསམ་བློ་དེ་དང་། ང་རྩ་ཆེན་པོར་བརྩི་བའི་བསམ་བློ་གཉིས་མཉམ་དུ་འབྲེལ་ནས་ཡོད། ཐོག་མར་བཀྲ་ཤིས་ཞེས་བརྗོད་སྐབས་ང་ལ་བརྗོད་ཀྱི་འདུག་སྙམ་པའི་སྤྱིར་བཏང་གི་བསམ་བློ་ཞིག་ལས། དམིགས་བསལ་དགའ་བ་དང་སྡུག་པའི་སྐད་ཆ་གང་ཡང་མེད། དེ་རྗེས་རྐུན་མ་ཞེས་བརྗོད་སྐབས་ནད་མི་འཁྱོག་པར་ང་ཞེས་པའི་བསམ་བློ་དེ་ཤུགས་ཆེ་རུ་འགྲོ་གི་ཡོད།

གོང་དུ་ཐོག་མར་བཀྲ་ཤིས་ཞེས་པ་ང་ལ་བརྗོད་ཀྱི་འདུག་སྙམ་པའི་བསམ་བློ་དེ་ཕར་བརླགས་ནས་ང་རྩ་ཆེན་པོར་བརྩི་བའི་བསམ་བློ་ཤུགས་ཆེ་རུ་ཕྱིན་པ་རེད། དེས་ན་བསམ་བློ་དེ་གཉིས་ལས་ངར་འཛིན་མ་རིག་པ་དེ་རྒྱལ་པོ་ལྟ་བུ་དང་། རང་རྩ་ཆེན་པོར་བརྩི་བའི་རང་གཅེས་འཛིན་གྱི་བསམ་བློ་དེ་བློན་པོ་ལྟ་བུར་གནས་ཡོད། དེ་གཉིས་སྐབས་རེ་མི་གཅིག་ཡིན་པ་ལྟ་བུ་དང་། སྐབས་རེ་མི་གཉིས་ཡིན་པ་ལྟ་བུ། ཡང་སྐབས་ལ་ལར་དེ་གཉིས་ངོ་བོ་དབྱེར་མེད་ཡིན་པ་ལྟ་བུ་དང་། ཡང་སྐབས་རེ་ངོ་བོ་ཐ་དད་ཡིན་པ་ལྟ་བུར་ཆགས་ཡོད། ང་རྩ་ཆེན་པོ་ཡིན་བསམ་པའི་བསམ་བློ་དེའི་དབང་གིས་འདོད་ཆགས་སྐྱེ་མི་དགོས་སར་འདོད་ཆགས་སྐྱེས་པ་དང་། ཁོང་ཁྲོ་ལང་མི་དགོས་སར་ཁོང་ཁྲོ་ལངས། སེར་སྣ་བྱེད་མི་དགོས་སར་སེར་སྣ་བྱས། ཕྲག་དོག་བྱེད་མི་དགོས་སར་ཕྲག་དོག་བྱས། དེ་ཚོ་ཚང་མ་རྩ་བ་གང་ནས་ཡོང་གི་ཡོད་ཅེ་ན། ངར་འཛིན་དང་རང་གཅེས་འཛིན་གྱི་བསམ་བློའི་ཐོག་ནས་ཡོང་གི་ཡོད་པ་དེ་མེད་པར་བཟོ་དགོས།

དེ་མེད་པར་བཟོ་བ་ལ་དེ་ཡོད་པ་མ་རེད་ཅེས་བརྗོད་པ་ཙམ་གྱིས་ལམ་སེང་དེ་ལ་ཕོག་ཐུག་གཏོང་མི་ཐུབ་པས། དེ་མེད་པའི་མེད་སྟངས་མེད་ལུགས་ཀྱི་རྒྱུ་མཚན་ཞིག་བརྗོད་དགོས་ཤིང་། རྒྱུ་མཚན་བཤད་ནས་ང་ཞེས་པ་དེ་གང་དུ་འདུག་གམ། མགོ་ལ་འདུག་གམ་ཡང་ན་རྐང་པའི་སྟེང་དུ་འདུག་གམ་ཞེས་བརྗོད་ན། མགོ་ལ་མེད་ལ་རྐང་པའི་སྟེང་དུའང་མེད། མགོ་ན་བའི་སྐབས་སུ་ང་མགོ་ན་གི་འདུག་ཅེས་བརྗོད་སྐབས་མགོའི་ཐོག་ཏུ་ཡོད་པ་ལྟ་བུ་དང་། ཡང་རྐང་པ་ན་སྐབས་ང་དེ་རྐང་པའི་ཐོག་ཏུ་མར་སླེབས་པ་ལྟ་བུ་ཡོད། མགོ་ནས་རྐང་པའི་བར་གྱི་ཆ་ཤས་གང་ཡང་མ་ཡིན་པར་དེ་ལས་ལོགས་སུ་ཡོད་པའི་སྣང་བ་ཤུགས་ཆེན་པོ་ཡོད་པར་མ་ཟད་དེ་ལ་ཆགས་ཞེན་ཡང་ཤུགས་ཆེན་པོ་ཞིག་ཡོད།

གཡང་རོང་དུ་འགྲོ་སྐབས་འོག་ཏུ་ཆུ་དང་སྒང་ལ་ལམ་ཁ་ཆུང་ཆུང་ཞིག་ལས་ཕར་འགྲོ་ཚུར་འོང་བྱེད་ས་མེད་པའི་ཁག་པོ་ཞིག་ཐུག་སྐབས་ད་ནི་ང་མར་ལྷུང་འགྲོ་གི་འདུག་བསམ་པ་དང་། ལྷུང་མཁན་གྱི་ང་དེ་རྡོག་རྡོག་གི་སྣང་བ་ཞིག་འཆར་གྱི་ཡོད། བསམ་བློ་དེ་ནི་འཁྲུལ་པ་རེད། འཁྲུལ་པ་ཡིན་སྟངས་ཇི་ལྟར་ཡིན་ཞེ་ན། ང་ཞེས་པ་དེ་ཁྱེད་རང་གི་བསམ་བློའི་ཐོག་ནས་རང་གིས་རང་ལ་བཏགས་པ་ལས་དོན་དག་ཡང་སྙིང་མགོ་ནས་རྐང་པའི་བར་གྱི་ཆ་ཤས་གང་དུ་བཙལ་ཡང་ལོགས་སུ་མེད། འདིའི་སྐོར་ལ་རིགས་པ་མང་པོ་ཡོད། རིགས་པ་འདི་དག་བཏང་སྟེ་བསམ་བློའི་ནང་གི་ངར་འཛིན་དེ་མེད་པར་བཟོ་དགོས་ཤིང་། བསམ་བློའི་ཚད་གཞི་དེ་འདིར་སླེབས་དགོས། དེར་སླེབས་ན་རང་ཉིད་རྩ་ཆེན་པོར་བརྩི་བ་དེ་མེད་པར་བཟོ་ཐུབ། དེང་སང་གི་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་བཤད་ནའང་རང་ཉིད་རྩ་ཆེན་པོར་བརྩི་བ་དེ་མེད་པར་བཟོ་དགོས་སམ་མི་དགོས་ཤེ་ན་བཟོ་དགོས། ང་ཚོས་ལི་ཧྥུང་ལ་སློབ་སྦྱོང་བྱེད་དགོས་ལ། ལི་ཧྥུང་ལ་སློབ་སྦྱོང་བྱེད་པའི་དོན་དག་གཙོ་བོ་དེ་རང་ཉིད་རྩ་ཆེན་པོར་བརྩི་བ་དེ་མེད་པར་བཟོ་རྒྱུ་དེ་རེད། དེ་མ་གཏོགས་ལི་ཧྥུང་ལ་སློབ་སྦྱོང་བྱེད་པའི་དོན་དག་གཞན་གང་ཡང་མེད།

རང་ཉིད་བློས་བཏང་སྟེ་གཞན་ལ་ཕན་ཐོགས་བྱེད་རྒྱུ་དེ་ཁོའི་སྙིང་སྟོབས་རེད། ང་རང་ཚོར་དགོས་པ་ནི་དེ་ལྟ་བུའི་སྙིང་སྟོབས་དེ་རེད། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་དུའང་དགོས་རྒྱུ་དེ་རང་ཡིན་པ་ལས་ལོགས་སུ་གང་ཡང་མེད། རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་པ་ལས་དོན་དག་གཅིག་པ་རེད། ང་རང་ཚོའི་མར་ལེའི་རིང་ལུགས་ནང་འགྲོ་བ་མིའི་རིགས་ལ་ཕན་པ་བྱེད་ཅེས་པ་ལས། སངས་རྒྱས་པའི་ཆོས་གཞུང་ལྟར་འགྲོ་བ་སེམས་ཅན་ཡོད་དོ་ཅོག་ལ་ཕན་པ་བྱེད་ཅེས་པ་དེ་མེད།

༢) རྩ་རླུང་སེམས་གསུམ་གྱི་རྣམ་གཞག

དེ་ནས་འོ་ན་བསམ་བློའི་ནང་གི་སྐྱོན་དེ་དག་མེད་པར་བཟོས་ཟིན་ན་ལས་ཀ་ཚར་བ་རེད་དམ་ཞེ་ན། ད་དུང་ཚར་མེད། གང་ཡིན་ཞེ་ན། ང་ཞེས་པའི་བསམ་བློ་ཡོང་སའི་རྩ་བ་ད་དུང་བསྔོག་རྒྱུ་བསྡད་ཡོད། རྩ་བ་སྔོག་རྒྱུ་གང་འདྲ་ཞིག་ཡོད་ཅེ་ན། ང་རང་ཚོའི་ལུས་པོ་དང་སེམས་གཉིས་བར་གྱི་འབྲེལ་བ་དེ་རང་དབང་མེད་པའི་འབྲེལ་བ་ཞིག་ཆགས་ཡོད། ང་རང་ཚོའི་སེམས་དེ་ལུས་པོར་མ་བརྟེན་ཐབས་མེད་ཡིན་ཞིང་། ལུས་པོ་འདི་ལ་གནས་ཚང་གཡར་ནས་བརྟེན་ཕྱིན་ཆད་སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ་ལ་སོགས་པ་དེ་དག་མི་མྱོང་ཐབས་མེད་ཆགས་ཡོད།

ང་རང་ཚོའི་ལུས་པོ་འདི་དང་སེམས་འདི་མ་འཆི་བར་དུ་ཁ་བྲལ་ཐབས་མེད་པ་དང་འཆི་དུས་ཁ་བྲལ་བ་རེད། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་མ་ཤི་གོང་ནས་རང་གི་ལུས་པོ་དང་སེམས་གཉིས་ཁ་བྲལ་རྒྱུའི་ཐབས་ཤེས་ཤིག་གསུངས་ཡོད། དེ་ནི་གསང་སྔགས་ཀྱི་གཞུང་ནས་གསུངས་ཤིང་། དེ་ལ་སེམས་ལ་རང་དབང་འཐོབ་བྱེད་ཀྱི་རིག་པའི་གཞུང་ལུགས་ཟེར། ང་ཚོའི་སེམས་ལ་རང་དབང་མི་འཐོབ་པར་འབུད་རྒྱག་རྒྱག་མཁན་དེ་གང་ཡིན་ཞེ་ན། རྩའི་ནང་རྒྱུ་བའི་རླུང་དེ་རེད། དཔེར་ན། ཡི་གེ་འབྲི་བྱེད་ཀྱི་སྨྱུ་གུ་ཕུ་འདྲེན་ནང་རླུང་དང་། སྣག་ཚ། སྣག་ཚ་གནས་སའི་ལྒང་ཕུག་བཅས་གསུམ་ཡོད། ལྒང་ཕུག་དེ་མེད་ན་སྣག་ཚ་གནས་མི་ཐུབ་ཅིང་། སྣག་ཚ་དེ་འགྲོ་བ་ལ་རླུང་ཞིག་ཀྱང་དགོས། མཁའ་རླུང་མེད་ན་དེའི་ནང་སྣག་ཚ་མི་གནས།

དེ་བཞིན་ང་རང་ཚོ་མིའི་ལུས་པོ་འདི་ལའང་རྩ་ཡོད་པ་དང་། རྩ་ཁག་ཅིག་གི་ནང་དུ་ཁུ་བ་འགྲོ་བ་དང་། ཁག་ཅིག་གི་ནང་དུ་ཁྲག་འགྲོ་བ། ཡང་ཁག་ཅིག་གི་ནང་རླུང་འགྲོ་བཞིན་ཡོད། རྩ་ལ་རིགས་གསུམ་ཡོད། རྩའི་ནང་རྒྱུ་བའི་རླུང་དེ་ལ་འདོད་ཆགས་སྐྱེ་རུ་འཇུག་མཁན་གྱི་རླུང་གཅིག་དང་། ཞེ་སྡང་སྐྱེ་རུ་འཇུག་མཁན་གྱི་རླུང་གཅིག གཏི་མུག་སྐྱེ་རུ་འཇུག་མཁན་གྱི་རླུང་གཅིག་བཅས་རླུང་མི་འདྲ་བ་རིགས་གསུམ་ཡོད། དེ་གསུམ་གྱིས་བསྐུལ་ཏེ་ང་ཚོ་འདོད་ཆགས་དང་ཁོང་ཁྲོ་སོགས་སྐྱེ་རུ་འཇུག་གི་ཡོད། རྩའི་ནང་ཁྲག་ཤུགས་ཆེན་པོ་འགྲོ་སྐབས་ཁོང་ཁྲོ་ལང་གི་ཡོད། ཁོང་ཁྲོ་ལངས་པའི་འབྲས་བུར་གཟུགས་པོ་ཡོངས་ལ་ཚ་བ་རྒྱས་ཏེ་ངོ་གདོང་དམར་པོ་ཆགས་ཏེ། མི་དེ་སྡིག་པ་རྭ་ཙ་མངོན་སུམ་ལྟ་བུ་ཆགས་ཀྱི་ཡོད།

དེར་བརྟེན། ང་རང་ཚོའི་སེམས་ལ་རང་དབང་ཐོབ་མེད། སེམས་ནང་གི་སྐྱོན་དེ་དག་མེད་པར་བཟོ་དགོས་པར་མ་ཟད། སེམས་ལ་རང་དབང་འཐོབ་དགོས། ད་ཕན་སེམས་ཀྱིས་རང་ཉིད་ལ་ཚུར་བཀོད་འདོམས་བྱེད་ཀྱི་ཡོད། ད་ནི་རང་གིས་ཕར་སེམས་ལ་བཀོད་འདོམས་བྱེད་ཐུབ་པ་ཞིག་བཟོ་དགོས། དེ་ལྟར་བྱེད་པའི་རིག་པའི་གཞུང་ལུགས་དང་། ཐབས་ཤེས་ཀྱི་མཚན་ཉིད་རིག་པ་དེ་གསང་སྔགས་ཀྱི་ནང་གསུངས་ཡོད། ང་ཚོ་མ་ཤི་བའི་སྔོན་དུ་ལུས་པོ་དང་སེམས་གཉིས་ཁ་བྲལ་རྒྱུའི་ཐབས་ཤེས་དེ་ཡང་གསང་སྔགས་ཀྱི་གཞུང་ནས་གསུངས་ཡོད། ང་ཚོ་མ་ཤི་བར་དུ་སེམས་དེ་ལུས་པོ་ལ་གནས་ཚང་གཡར་ནས་སྡོད་པ་ལས་དེ་གཉིས་ཁ་བྲལ་མི་ཐུབ། འཆི་བའི་དུས་སུ་རང་དབང་མེད་པའི་ཐོག་ནས་མ་གཏོགས་རང་དབང་ཐོབ་ནས་ཁ་བྲལ་བ་མིན།

གསང་སྔགས་ཀྱི་གཞུང་ནས་གསུངས་པ་དེ་གང་ཡིན་ཞེ་ན། རང་དབང་ཡོད་པའི་ཐོག་ནས་རང་གི་ལུས་སེམས་གཉིས་ཁ་བྲལ་དུ་འཇུག་པར་བྱེད་པའི་ཐབས་ཤེས་གཅིག་རེད། རང་དབང་ཡོད་པའི་ཐོག་ནས་ཁ་བྲལ་རྒྱུའི་ཐབས་ཤེས་དེ་ལ་མང་དུ་གསུངས་ཡོད་ལ། དེ་ལ་ཚད་དང་རིམ་པ་ཧ་ཅང་མང་པོ་ཡོད། སེམས་ལ་རང་དབང་ཐོབ་ན་རང་གིས་ཕར་སེམས་ལ་བཀོད་འདོམས་བྱེད་ཐུབ་ཀྱི་ཡོད། སེམས་ལ་རང་དབང་འཐོབ་པ་ལ་རླུང་ལ་རང་དབང་འཐོབ་དགོས་ཤིང་། རླུང་ལ་རང་དབང་འཐོབ་དགོས་པས་ན་རླུང་སྒོམ་དགོས་ཀྱི་ཡོད། རླུང་སེམས་གཉིས་ཀྱི་འབྲེལ་བ་དེ་གང་འདྲ་ཡིན་མིན་དཔེའི་ཐོག་ནས་ཞུས་ན། འདི་ནི་གཞུང་རང་གི་ནང་དུ་གསུངས་ཡོད།

དེ་གཉིས་ཀྱི་འབྲེལ་བ་བཤད་ན་རླུང་ནི་མི་རྐང་ཅན་ལོང་བ་ཡིན་པ་ལྟ་བུ་དང་། སེམས་ནི་ཞ་བོ་མིག་ཅན་དང་འདྲ་བར་གསུངས་ཡོད། དེ་ལ་སྒྲུང་ཞིག་ཀྱང་ཡོད་པ་ནི། སྔོན་མ་མི་ལོང་བ་རྐང་ལྡན་ཞིག་དང་ཞ་བོ་མིག་ལྡན་ཞིག་གྲོགས་པོ་བྱས་ཏེ་མཉམ་དུ་ལྟོ་གོས་འཚོལ་བཞིན་ཡོད། ལྟོ་གོས་ཇི་ལྟར་འཚོལ་གྱི་ཡོད་དམ་ཞེ་ན། ལོང་བ་རྐང་ཅན་གྱིས་ཞ་བོ་མིག་ཅན་སྒལ་པར་ཁྱེར་ཏེ་ལྟོ་སློང་བར་སོང་སྟེ་འཛམ་གླིང་བསྐོར་བ་ཡིན་ཟེར། སྒྲུང་འདི་བཟོས་པ་ཞིག་ཡིན་པ་ལས་དངོས་གནས་མིན་ནའང་འདིས་དཔེ་མཚོན་བཤད་པ་རེད། དཔེ་དེ་བཞིན་དབང་པོ་ལྔས་གཟུགས་མཐོང་བ་དང་། སྒྲ་ཐོས་པ། དྲི་སྣོམ་པ། རོ་མྱོང་བ། རེག་བྱ་མྱོང་བ་ལ་སོགས་པར་རླུང་གིས་གྲོགས་བྱེད་བཞིན་ཡོད། རླུང་མེད་ན་དེ་དག་ཡོང་ཐབས་མེད།

ནང་གི་རླུང་དང་ཕྱིའི་རླུང་གཉིས་ཕྲད་དེ་མིག་གིས་གཟུགས་མཐོང་བ་སོགས་བྱུང་ཞིང་། རྩའི་ནང་ཡོད་པའི་རླུང་ལ་བཀོད་འདོམས་བྱས་ཏེ་རྩ་གང་བྱུང་གི་ནང་དུ་རླུང་འགྲོ་རུ་མ་བཅུག་པར་དབུས་ཀྱི་རྩ་སྲོག་རྩ་དང་མཉམ་དུ་ཡོད་པ་དེའི་ནང་རླུང་འགྲོ་རུ་བཅུག་སྟེ། དེའི་ནང་རླུང་སོང་ན་འདོད་ཆགས་དང་ཞེ་སྡང་ཁོང་ཁྲོ་སྐྱེ་རྒྱུ་མེད། གཡས་གཡོན་གཉིས་ཀྱི་ཁྲག་འགྲོ་སའི་རྩ་གཉིས་ཀྱི་ནང་ལ་རླུང་ཕྱིན་ན་ཁོང་ཁྲོ་ལང་གི་ཡོད་ལ། ཁུ་བ་འགྲོ་སའི་རྩ་དེའི་ནང་དུ་རླུང་ཕྱིན་ན་འདོད་ཆགས་སྐྱེ་བཞིན་ཡོད། ཐང་ཁུག་གི་ཁ་སྒྲོག་བསྡམས་པ་ལྟར་གཡས་གཡོན་གཉིས་ཀྱི་རྩའི་ཁ་བཀག་ནས་དབུས་ཀྱི་རྩ་དེར་རླུང་འགྲོ་རུ་བཅུག་པར་བརྟེན་སེམས་ལ་རང་དབང་ཐོབ་པ་དེ་ཡོང་གི་ཡོད།

སེམས་ལ་རང་དབང་ཐོབ་ན་སྐྱེ་བ་ལེན་དང་མི་ལེན་གྱི་རང་དབང་རང་ཉིད་ལ་ཡོད་ལ། གང་དུ་སྐྱེ་བ་ལེན་པར་འདོད་ཀྱང་དེར་སྐྱེ་ཆོག་ཅིང་། ནམ་ཞིག་འཆི་བར་འདོད་ཀྱང་འཆི་ཆོག་ལ་འཆི་མི་འདོད་ན་སྡོད་ཀྱང་ཆོག སྐྱེ་འཆི་ལ་རང་དབང་ཐོབ་པ་རེད། ཕྱི་མ་བཟང་ངན་གང་འདྲ་ཞིག་སྐྱེ་རྒྱུར་ཡང་རང་དབང་ཐོབ་པ་དེ་ལྟར་ཆགས་ཀྱི་ཡོད། དེའི་མཚན་ཉིད་རིག་པ་དེ་ནང་པ་སངས་རྒྱས་པའི་གསང་སྔགས་ཀྱི་གཞུང་དེ་རེད། ཡིན་ནའང་། ང་རང་ཚོ་ཆོས་བྱེད་མཁན་མིན་སྟབས་གསང་སྔགས་ཀྱི་སྐོར་དེ་ཙམ་དགོས་དོན་མེད།

ང་ཚོར་དགོས་པའི་ཚད་མཐོ་ཤོས་དེ་སེམས་བཟང་པོ་ཞིག་བྱུང་ན་དེས་འགྲིག་པ་རེད། སྤྱོད་འཇུག་གི་ནང་སེམས་བཟང་པོ་ཇི་ལྟར་བྱེད་པའི་རིག་པའི་གཞུང་ལུགས་དེ་གཙོ་བོར་གསུངས་ཡོད། དེ་ལ་ཐེག་པ་ཆེན་པོ་ཞེས་བརྗོད་ཅིང་། དེའི་དོན་ནི་འཁུར་ཆེན་པོ་འཁུར་བཟོད་པ་དེ་ལ་ཟེར། དཀའ་ལས་ཇི་འདྲ་ཞིག་བྱུང་ཡང་འཁུར་ཐུབ་ཀྱི་ཡོད། མིས་རང་ལ་གནོད་གང་འདྲ་ཞིག་བསྐྱལ་ཡང་འཁུར་ཐུབ་པ། རྐྱེན་བཟང་ངན་གང་ཞིག་བྱུང་ཡང་རང་གི་སེམས་བཟང་པོ་དེ་ལ་འགྱུར་བ་གཏོང་མི་ཐུབ་པར་བརྟན་པོ་ཞིག་ཆགས་ཀྱི་ཡོད།

བརྒྱུད་སྐུལ།

མཆན་སྤེལ།