དུང་དཀར་འཆད་ཁྲིད། ལེའུ་བདུན་པ།

དུང་དཀར་འཆད་ཁྲིད། ལེའུ་བདུན་པ།

བདུན་པ། བརྩོན་འགྲུས་ཀྱི་ལེའུ།

བདུན་པ་བརྩོན་འགྲུས་ཀྱི་ལེའུ་བཤད་པ་སྟེ། བརྩོན་འགྲུས་ཀྱི་ཕན་ཡོན་དང་བརྩོན་འགྲུས་བྱེད་དགོས་པའི་རྒྱུ་མཚན་ལ་སོགས་པ་མང་པོ་ཞིག་གསུངས་ཡོད། བཟོད་པ་དང་བརྩོན་འགྲུས་གཉིས་མཉམ་དུ་ཡོང་དགོས་དོན་ནི། སེམས་བཟང་པོ་ཟེར་བ་དེ་གོང་ནས་གོང་འཕེལ་དུ་གཏོང་དགོས་པ་དང་། གོང་འཕེལ་དུ་མ་བཏང་ན་རང་འཇགས་སྡོད་ཀྱི་ཡོད། དེ་གོང་འཕེལ་དུ་གཏོང་དགོས་ན་སེམས་བཟང་པོ་བྱས་ནས་མ་བསྡད་པར་བྱ་སྤྱོད་ངོ་མར་སྒྱུར་ཐུབ་པ་དགོས།

བྱ་སྤྱོད་ངོ་མར་སྒྱུར་ཐུབ་པ་ཞིག་དགོས་ན་ད་དུང་མུ་མཐུད་དེ་བརྩོན་འགྲུས་བྱེད་དགོས་པ་དང་། ལས་ཀ་བཟང་པོ་སྣེ་གཅིག་ལས་མེད་ཀྱང་དངོས་སུ་ལག་ལེན་བསྟར་ཨེ་ཐུབ་ལྟ་དགོས། བརྩོན་འགྲུས་ཀྱི་དགྲ་བོ་བཞི་ཞེས་པ་ཞིག་ཡོད། དེ་དག་ནི་སྙོམ་ལས་ཀྱི་ལེ་ལོ་དང་། བྱ་བ་ངན་ཞེན་གྱི་ལེ་ལོ། སྒྱིད་ལུག་གི་ལེ་ལོ། བདག་ཉིད་ལ་བརྙས་པའི་ལེ་ལོ་བཅས་ཡིན། སྙོམ་ལས་ཀྱི་ལེ་ལོ་ཞེས་པ་ནི་ལས་ཀ་དང་སློབ་སྦྱོང་གང་ཡང་བྱེད་མི་འདོད་པར་འགྲོ་འཆག་ཉལ་འདུག་མ་གཏོགས་གཞན་བྱེད་འདོད་མེད་པ་དེ་ལ་ཟེར།

གང་ལ་ལེ་ལོ་གཅིག་ཡོད་པ།།

དེ་ལ་ཆོས་ཀུན་མེད་པ་ཡིན།།

ཞེས་གསུངས་ཡོད། ལེ་ལོ་ཡོད་ན་མི་དེ་ལ་སློབ་སྦྱོང་དང་འབྲས་བུ་གང་ཡང་བསྟན་རྒྱུ་མེད། ལེ་ལོ་ཡོད་ན་ཁ་ལ་ལྟོ་ཡང་རག་གི་མ་རེད། ཆོས་དང་འཇིག་རྟེན་གང་ལའང་སྙོམ་ལས་ཀྱི་ལེ་ལོ་ཞེས་པ་དེ་སྡུག་ཤོས་གཅིག་རེད། ལྷག་པར་དུ་སེམས་བཟང་པོ་གོང་ནས་གོང་འཕེལ་དུ་གཏོང་དགོས་ན་སྙོམ་ལས་ཀྱི་ལེ་ལོ་ཞེས་པ་ནི་འབྲས་བུ་སྟོན་རྒྱུ་མེད་པ་ཞིག་རེད་ཅེས་གསུངས་ཡོད།

དེ་ནས་བྱ་བ་ངན་ཞེན་གྱི་ལེ་ལོ་ནི། ལས་ཀ་གཅིག་འགོ་བཙུགས་ཏེ་དེའི་མཇུག་མི་འཁྱོལ་བ་དང་། ཡང་ཚོང་རྒྱག་པ་ལ་སོགས་པའི་སྙིང་པོ་མེད་པའི་ལས་ཀ་འབྲས་བུ་སྟོན་རྒྱུ་མེད་པ་དེ་རིགས་མང་པོར་མགོ་འཁོར་བ་དེ་ལ་བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་ཟེར།

སྒྱིད་ལུག་པའི་ལེ་ལོ་ནི། ངས་དེ་ལྟར་བྱེད་མི་ཐུབ་ཅེས་ཡི་ཐང་ཆད་པའི་བསམ་བློ་དེར་ཟེར། ང་ཚོས་གོ་གནས་དང་། ཕོགས་དངུལ། གྱོན་གོས་སོགས་ཀྱི་ཐོག་ཏུ་འགྲན་སྡུར་བྱེད་པ་ལས་ཤེས་ཡོན་གྱི་ཐོག་ཏུ་འགྲན་སྡུར་བྱེད་ཀྱི་མེད། ཤེས་ཡོན་དང་ཡོན་ཏན་གྱི་ཐོག་ལ་འགྲན་སྡུར་བྱས་ན་ཡག་ཤོས་རེད།

ལྷག་པར་དུ་ང་ཚོ་བོད་རིགས་ཚོར་འགྲན་སྡུར་བྱེད་རྒྱུའི་བསམ་བློ་ཧ་ཅང་སྐྱོ་པོ་རེད། མི་རིགས་གཞན་གྱི་ལས་ཀ་བྱེད་སྟངས་ལ་ང་ཚོས་འགྲན་སྡུར་གཏན་ནས་བྱེད་ཐུབ་ཀྱི་མེད་ལ། འགྲན་སྡུར་བྱེད་རྒྱུའི་སྙིང་སྟོབས་ཙམ་ཡང་མི་འདུག དཔེར་ན། ལྷ་སར་ཆ་བཞག་ན་རྒྱ་རིགས་ཀྱི་ཚོང་རྒྱག་སྟངས་དང་བོད་རིགས་ཀྱི་ཚོང་རྒྱག་སྟངས་གཉིས་ལ་ཁྱད་པར་ཆེན་པོ་ཡོད། ཁོང་ཚོ་ཐབས་ཤེས་བཟང་བ་དང་། ཚོང་རྒྱག་མཁས་པ། གྲ་འགྲིག་ཐག་ཆོད་ཡོད། ང་ཚོ་བོད་རིགས་ཀྱིས་ཚོང་ཟོག་ཉིན་ལྟར་ཉི་མ་དང་ཐལ་བའི་དཀྱིལ་ལ་བཀྲམ་ནས་འཇོག་གི་རེད། གོས་ཐུང་དང་སྟོད་ཐུང་ཁ་ཤས་ལས་འཚོང་རྒྱུ་མེད་ཀྱང་དེ་བཀྲམ་ནས་འཇོག་པ་མ་གཏོགས་གཞན་དག་ཅིག་ནས་སྐོར་ར་བརྒྱབ་ནས་དུས་ཐོག་ལ་འཚོང་རྒྱུའི་བསམ་བློ་འཁོར་ཐུབ་ཀྱི་མི་འདུག

ཡང་ང་ཚོས་རིག་གནས་ཀྱི་ཐོག་འགྲན་སྡུར་བྱེད་ཐུབ་ཀྱི་མི་འདུག བོད་འདི་རིག་གནས་དང་དཔལ་འབྱོར་སོགས་ཕྱོགས་མང་པོ་ཞིག་གི་ཐོག་ནས་རྗེས་ལུས་ཐེབས་ནས་བསྡད་ཡོད། རྒྱ་མི་རིགས་ཕར་བཞག་སོག་པོ་དང་ཤིན་ཅང་ལ་ཡང་ང་ཚོས་འགྲན་སྡུར་བྱེད་ཐུབ་ཀྱི་མི་འདུག ང་ཚོ་རྒྱང་ཐག་རིང་པོར་ལུས་ནས་བསྡད་ཡོད། ང་རང་ཚོ་ནང་ཁུལ་ལ་འགྲན་སྡུར་ཤུགས་ཆེ་བྱེད་ཀྱི་རེད། གོ་གནས་དང་གླ་ཕོགས་སོགས་མང་པོ་ཞིག་ལ་འགྲན་སྡུར་བྱེད་པ་ལས་རྒྱ་ཆེ་སར་འགྲན་སྡུར་བྱེད་རྒྱུ་དེ་ཡོང་གི་མེད། འགྲན་སྡུར་ཡག་པོ་བྱེད་མི་ཐུབ་པའི་སྒང་ལ་ཕྱི་ལ་དོན་ནས་ཁུ་ཚུར་རྐྱོང་བ་དང་། ཕྱི་ལ་ཕྱིན་ནས་སྐོར་ར་བརྒྱབ་ནས་སྐོར་བ་གཅིག་འཁོར་མི་འཁོར་གྱི་མཚམས་སུ་ལམ་སེང་འཛིན་བཟུང་བྱས་ཚར་བ་རེད། དེ་ནས་ཉེས་རྡུང་གཟེད་རྒྱུ་ལས་མེད། དེ་ལྟར་བྱས་ནས་སྡོད་ཀྱི་འདུག ཐབས་ཤེས་དེ་སྐྱོ་པོ་རེད། ང་ཚོས་རིག་གནས་དང་། དཔལ་འབྱོར། ཚན་རིག་སོགས་ཀྱི་ཐོག་ནས་རང་མི་རིགས་ཀྱི་ལུང་པ་དེ་ཡར་རྒྱས་བཏང་ནས་གཞན་དག་གི་རྗེས་ཟིན་པ་ཞིག་བྱེད་རྒྱུའི་འགྲན་སྡུར་གྱི་སྙིང་སྟོབས་གཏན་ནས་མེད་པ་དེ་ཧ་ཅང་སྐྱོ་པོ་རེད། སྒྱིད་ལུག་པའི་ལེ་ལོ་ཟེར་བ་དེ་རེད། ང་ཚོ་སྒྱིད་ལུག་པའི་ལེ་ལོའི་ནང་བསྡད་ཡོད། ད་ནས་ང་ཚོས་སྒྱིད་ལུག་པའི་ལེ་ལོའི་ནང་མ་བསྡད་པར་མ་འོངས་པར་གཞན་དང་འགྲན་སྡུར་བྱེད་ཐུབ་པ་བྱེད་དགོས།

ཆ) དྲན་པ་ཉེར་བཞག་བཞིའི་སྐོར།

༡) ལུས་དྲན་པ་ཉེར་བཞག

ཆོས་ཀྱི་བདག་མེད་སྒོམ་པའི་སྔོན་འགྲོའི་སྐོར་ཡིན་ཞིང་། དེ་ལ་དབྱེ་ན་བཞི་ཡོད། ལུས་དྲན་པ་ཉེར་བཞག་དང་། ཚོར་བ་དྲན་པ་ཉེར་བཞག སེམས་དྲན་པ་ཉེར་བཞག ཆོས་དྲན་པ་ཉེར་བཞག་བཅས་བཞི་པོ་རྣམས་ཡིན་ལ། དེ་ཡང་ལུས་དྲན་པ་ཉེར་བཞག་ཅེས་པ་དེ་ང་རང་ཚོ་ནམ་རྒྱུན་ནས་རྩ་ཆེན་པོ་བྱེད་པའི་ལུས་པོ་ཞིག་ཡོད། ལུས་འདི་དང་སེམས་གཉིས་བར་གྱི་འབྲེལ་བ་ལ་བརྟག་དཔྱད་བྱེད་པ་དང་། ཐོག་མར་ལུས་དང་ལུས་ཀྱི་ཆ་ཤས་བར་གྱི་འབྲེལ་བར་བརྟག་དཔྱད་བྱས་ཏེ་ང་རང་ཚོའི་ལུས་དང་། ལུས་ཀྱི་ཆ་ཤས་གཉིས་རང་བཞིན་གྱིས་གྲུབ་པའི་གཅིག་དང་ཐ་དད་གང་ཡིན་མིན་དང་། གཉིས་པ་ལུས་ཀྱི་ཆ་ཤས་ཚོགས་པ་དེ་ལུས་པོ་ཡིན་མིན། ལུས་ཞེས་པ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་མིན། དེ་དག་གི་མཇུག་བསྡོམས་སུ་ང་རང་ཚོའི་ལུས་པོ་དེ་ལ་ཆགས་ཞེན་བྱས་ན་མི་འགྲིག་ཅིང་། ལུས་པོའི་ཆ་ཤས་དང་ལུས་པོའི་བར་གྱི་འབྲེལ་བ་དེ་ཇི་འདྲ་ཞིག་ཡིན་ཞེ་ན། ལུས་ཞེས་པ་ནི་ལུས་ཀྱི་ཆ་ཤས་མགོ་ནས་རྐང་པའི་བར་གྱི་ཆ་ཤས་མང་པོ་ཞིག་ཡོད་པ་དང་། ཆ་ཤས་དེ་དག་ཚང་མ་རྡུལ་ཕྲན་མང་པོ་ཚོགས་པ་ལ་བརྟེན་ནས་གྲུབ་པ་ཞིག་དང་། དབང་པོ་ལྔ་ལ་ཆ་མཚོན་ནའང་རྡུལ་ཕྲན་མང་པོ་ཚོགས་ནས་གྲུབ་པ་རེད།

དེ་བཞིན་མགོ་ནས་རྐང་པའི་བར་གྱི་ལུས་ཀྱི་ཆ་ཤས་ཡོངས་རྫོགས་རིགས་མཐུན་པའི་རྡུལ་ཕྲན་མང་པོ་ཞིག་འདུས་པ་ལས་བྱུང་བ་དང་། རྡུལ་ཕྲ་རབ་དེ་དང་རིགས་མི་མཐུན་པ་དཔེར་ན། མིག་གི་རྡུལ་ཕྲ་རབ་དང་། རྣ་བའི་རྡུལ་ཕྲ་རབ། སྣའི་རྡུལ་ཕྲ་རབ་བཅས་ནང་གི་རྡུལ་ཕྲན་དེ་དག་ནི་སོ་སོར་ཐ་དད་ཡིན་ལ། རྡུལ་ཕྲན་སོ་སོས་ནུས་པ་རེ་ཐོན་གྱི་ཡོད། རྡུལ་ཕྲན་དེ་དག་ལུས་པོ་ཡོངས་ལ་ཁྱབ་པའི་རྡུལ་ཕྲན་ཞིག་ཡོད་པ་དེར་སྐོར་བ་བརྒྱབ་ནས་བསྡད་ཡོད། རྡུལ་ཕྲན་དེ་དག་ལ་ང་ཚོས་ཕར་ལྟ་སྐབས་ཆ་ཤས་ཆེ་བ་མགོ་དང་། མིག ལྕེ། སྣ་སོགས་ཆ་ཤས་ཆེ་བ་དེ་དག་ང་ཚོས་མཐོང་གི་ཡོད། ཡིན་ནའང་། ཆ་ཤས་ཆུང་ཤོས་ནང་གི་ཆུང་ཤོས་རྡུལ་ཕྲ་རབ་དེ་དག་མིག་གིས་མཐོང་མི་ཐུབ།

དེར་བརྟེན། མིག་གི་ཆ་ཤས་ཀྱང་རིགས་མཐུན་གྱི་རྡུལ་མང་པོ་ཞིག་འདུས་པ་ལས་མིག་གི་དབང་པོ་བྱུང་བ་དང་། དེ་བཞིན་རྣ་བའི་དབང་པོ། སྣ་ལྕེ་ལུས་གསུམ་བཅས་དབང་པོ་ལྔ་པོ་དེ་དག་ཀྱང་དེ་བཞིན་རེད། དེ་བཞིན་གློ་བ་དང་། སྙིང་། མཆིན་པ་སོགས་ལུས་པོའི་ཆ་ཤས་ཡོངས་ལ་རིགས་མཐུན་པའི་རྡུལ་ཕྲན་མང་པོ་ཞིག་ཚོགས་ཏེ་དབང་པོ་མི་འདྲ་བ་རེ་རེ་དང་། དབང་རྩ་མི་འདྲ་བ་རེ་རེ་ཆགས་པ་རེད། དབང་རྩ་དང་དབང་པོ་མི་འདྲ་བ་རེ་རེ་ཆགས་པ་དེ་དག་གི་འགུལ་སྐྱོད་དེ་དབང་རྩ་དང་འབྲེལ་བ་ཡོད། དབང་རྩ་མེད་ན་རྡུལ་ཕྲན་དེ་དག་གིས་འགུལ་སྐྱོད་བྱེད་མི་ཐུབ།

དབང་རྩ་ཡོད་པ་ཙམ་གྱིས་ཀྱང་མི་འགྲིག་ཅིང་དབང་རྩའི་ནང་རླུང་དགོས། དེ་མེད་ན་རྡུལ་ཕྲན་དེ་དག་འཁོར་རྒྱུག་བྱེད་པ་དེ་ཡོང་མི་ཐུབ། དུས་ཚོད་ཏག་ཏག་ལ་འཁོར་སྐྱོད་བྱེད་ཀྱི་ཡོད། དུས་ཐོག་ལ་འགུལ་སྐྱོད་རན་པོ་བྱུང་ན་མི་དེ་ནད་མེད་བདེ་ཐང་ཡིན་ལ། འགུལ་སྐྱོད་ཏག་ཏག་ལ་མ་བསྡད་ཚེ་ནད་གཞི་འཕོག་གི་ཡོད། དེར་བརྟེན། ཕྱི་རོལ་གྱི་གཟུགས་མིག་གིས་མཐོང་ཐུབ་པའི་གཟུགས་ཀྱི་རྡུལ་ཕྲན་དེ་དང་དེ་ཉིད་མཐོང་བའི་དབང་པོ་མིག་གི་རྡུལ་ཕྲན་བར་འབྲེལ་བ་ཡོད། ཕྱི་རོལ་གྱི་གཟུགས་མཐོང་ཐུབ་པའི་རྡུལ་ཕྲན་དེ་མིག་གིས་མཐོང་གི་ཡོད་ཀྱང་། རྣ་བས་ཚོར་གྱི་མེད། ཡང་གོ་ཐུབ་པའི་རྡུལ་ཕྲན་དེ་རྣ་བས་ཉན་པ་ལས་མཐོང་གི་མེད།

ཕྱི་རོལ་གྱི་ཡུལ་དང་ནང་གི་དབང་པོ་ལྔ། ལུས་པོ་བཅས་གང་ཞིག་ཡིན་ནའང་རྡུལ་ཕྲ་རབ་མང་པོ་ཞིག་ཚོགས་ནས་བྱུང་བ་དང་། ཆ་ཤས་ཕྲ་མོ་དེ་དག་མཉམ་རུབ་ཀྱིས་ཆ་ཤས་ཆེ་བ་མང་པོ་ཆགས་ཀྱི་ཡོད། གཟུགས་མཐོང་བའི་མིག་གི་དབང་པོ་གཅིག་དང་། སྒྲ་ཐོས་པའི་རིགས་མཐུན་གྱི་དབང་པོ་གཅིག་བཅས་འདི་ལྟར་མང་པོ་ཞིག་ཆགས་པ་དེ་དག་ཡོངས་རྫོགས་ང་རང་ཚོའི་ལུས་པོ་ཁྱོན་ཡོངས་ཀྱི་རྡུལ་ཕྲ་རབ་ཅིག་ཡོད་པ་དེར་སྐོར་བ་རྒྱག་བཞིན་ཡོད། སྐོར་བ་རྒྱག་ས་མགོ་ནས་རྐང་པའི་བར་འབབ་ཚུགས་ཆེན་པོ་བརྒྱད་ཡོད། དེ་ཡང་ཆེ་བ་བཞི་དང་ཆུང་བ་བཞི་ཡོད།

དེ་དག་ལས་ཆེ་ཤོས་དེ་སྙིང་ཁ་དེ་ཡིན། ང་ཚོས་སེམས་གནས་ས་དེ་ཀླད་པ་ཡིན་ཟེར་གྱི་ཡོད། ཆོས་ཀྱི་ནང་ནས་བཤད་ན་སྙིང་ཁ་ཡིན་ཞེས་བརྗོད་ཀྱི་ཡོད། འཆི་དུས་ཀྱང་སྙིང་ཁ་ནས་ལུས་སེམས་གཉིས་ཁ་བྲལ་བཞིན་ཡོད། ཐོག་མར་གཟུགས་པོ་ཆགས་སྐབས་ཀྱང་སྙིང་ཁ་ནས་ཆགས་ཤིང་། ཕྱེད་ཀ་ཡར་དང་ཕྱེད་ཀ་མར་ཆགས་པ་ཡིན། དེའི་ནང་ནས་གཟུགས་པོའི་མ་ལག་གལ་གནད་ཆེ་བ་ཚང་མ་སྟོད་ལ་ཡོད། སྨད་དུ་གཟུགས་པོའི་མ་ལག་གལ་གནད་ཆེ་བ་དེ་ཙམ་མེད། གཙོ་བོ་མིའི་འཕྲུལ་འཁོར་ཨ་མ་ལྟ་བུ་དེ་ལུས་ཀྱི་སྟོད་ལ་ཡོད། འཕྲུལ་འཁོར་གྱི་མི་རང་རེད། གློག་ཀླད་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་འཕྲུལ་འཁོར་གྱི་མི་བཟོས་པ་རེད། ང་རང་ཚོ་ཡང་རྡུལ་ཕྲན་མ་ལག་མང་པོ་ཚོགས་ནས་ཆགས་པ་རེད།

རྡུལ་ཕྲན་དེ་དག་ཐོག་མར་ཕ་མའི་ཁུ་ཁྲག་ལས་ཆགས་པའི་རྡུལ་ཕྲན་ཞིག་ཡོད། རྡུལ་ཕྲན་གྱི་སྙིང་པོ་ཞིག་ཡོད་པ་དེ་འཕེལ་རྒྱས་ཕྱིན་ཏེ་མི་ཆགས་པ་དང་། དེའི་ནང་སེམས་གནས་ཐུབ་པའི་རྡུལ་ཕྲན་དང་། དབང་པོ་ལྔ་ཆགས་པའི་རྡུལ་ཕྲན། དེ་བཞིན་དབང་རྩ་ཆགས་པའི་རྡུལ་ཕྲན། རུས་པ་དང་ཤ་རྒྱུས་ཆགས་པའི་རྡུལ་ཕྲན། སོ་དང་སེན་མོ་སྐྲ་སོགས་ཆགས་ཐུབ་པའི་རྡུལ་ཕྲན་སོགས་ཡོད། དེ་དག་རིམ་པས་གཅིག་ནས་གཉིས་དང་། གཉིས་ནས་བཞི་སོགས་སུ་འཕེལ་རྒྱས་ཕྱིན་ནས་ཟླ་དགུ་ངོ་བཅུའི་རིང་ཨ་མའི་ལུས་ནང་རྡུལ་དེ་དག་འཕེལ་རྒྱས་ཕྱིན་ནས་མིའི་བཟོ་ལྟ་ཆགས་པ་རེད། དེར་བརྟེན། ང་རང་ཚོ་མིའི་ལུས་འདི་རྩ་བ་ཆེན་པོ་བྱེད་པའི་རྡུལ་ཕྲན་དེ་རྡུལ་ཕྲན་མང་པོ་ཚོགས་ནས་བྱུང་བ་རེད། དེ་ནི་ཕ་མས་སྤྲད་པའི་རྡུལ་ཕྲན་ཞིག་རེད། དེ་དག་རང་ཉིད་ཀྱི་ཡིན་མདོག་བྱས་ཏེ་ཧ་ཅང་རྩ་ཆེན་པོ་བྱེད་པ་དང་། དེ་ཡང་ན་དོགས་ཚ་དོགས་དང་། ཡང་ལ་ལར་ཧ་ཅང་ལྟོགས་དོགས་ཀྱིས་རྩ་ཆེན་པོ་བྱེད་བཞིན་ཡོད། ཕར་རིམ་འདེད་བྱེད་སྐབས་ཕ་མས་སྤྲད་པའི་ལུས་ཆགས་པའི་རྡུལ་ཕྲན་དེ་ལ་ང་ཡིན་བསམས་ནས་ང་དང་ང་ཞེས་བརྗོད་ཀྱི་ཡོད།

ཡང་སྙིང་ལུས་པོ་ཞེས་པ་ལུས་ཀྱི་ཆ་ཤས་རྡུལ་ཕྲན་མང་དུ་ཡོད་པ་དེ་དག་དང་གཅིག་པ་རེད་དམ་ཞེ་ན། གཅིག་པ་དང་ལོགས་སུ་ཡོད་པ་གང་ཡང་མིན། ལོགས་སུ་ཡོད་ན་དེ་ལྟར་ཆགས་མི་ཐུབ་ལ། ཡང་གལ་ཏེ་གཅིག་པ་ཡིན་པར་འདོད་ན་ནི། དཔེར་ན། ང་རང་ཚོ་སྙིང་ལ་གཤག་བཅོས་བྱས་ཏེ་སྙིང་བརྗེ་པོ་བརྒྱབ་རྗེས་མིའི་དབང་པོ་དང་འཕྲོད་ཐུབ་པའི་སྲོག་ཆགས་གཞན་ཞིག་གི་སྙིང་ཚུར་བླངས་ནས་མཐུད་དགོས་པ་རེད། སྙིང་རྙིང་པ་ཕན་ཐོགས་མེད་པ་དེ་ཕར་གཡུགས་ནས། སྙིང་གསར་པ་ཕན་ཐོགས་ཡོད་པ་དེ་ཚུར་བརྗེ་དགོས་པ་དེ་ལྟར་ཡོང་བ་གཙོ་བོ་རྡུལ་ཕྲན་རིགས་མི་འདྲ་བ་མང་པོ་ཚོགས་པའི་འགལ་བ་དེ་འཕེལ་རྒྱས་ཕྱིན་ནས་གཟུགས་པོ་དང་འཕྲོད་ཐུབ་ཀྱི་མེད།

དེ་ལྟར་མ་འཕྲོད་པར་བརྟེན་བརྗེ་པོ་རྒྱག་དགོས་པ་ཆགས་པ་རེད། དེས་ན་བརྗེ་པོ་རྒྱག་པ་དེའི་བར་སྟོང་པ་ཞིག་ཡོད། རང་གི་སྙིང་དེ་བཀོག་ནས་སྙིང་གཞན་དེ་ཚུར་མ་མཐུད་པའི་བར་སྟོང་ཅུང་ཟད་ཡོད་པ་དེའི་ནང་ལ་སེམས་དེ་འགུལ་སྐྱོད་ཇི་ལྟར་བྱེད་ཀྱི་ཡོད་པ་དང་། སེམས་དེ་གང་དུ་སོང་བ་ཡིན་ནམ། ཕར་ཕྱོགས་སྲོག་ཆགས་གཞན་གྱི་དབང་རྩ་དེར་ང་རང་ཚོའི་སེམས་དེ་འཕྲོད་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། དེ་རྡུལ་ཕྲན་གྱི་དབང་གིས་རེད། རྡུལ་ཕྲན་དེ་དག་རིགས་མཐུན་པ་ཞིག་ཡིན་ན་འཕྲོད་ཐུབ་པ་དང་། རིགས་མི་མཐུན་པ་ཞིག་ཡིན་ན་འཕྲོད་མི་ཐུབ།

དཔེར་ན། གཡག་དང་བོང་བུ་དང་། རྟ་དྲེལ་སོགས་ཀྱི་སྙིང་ང་ཚོར་མི་འཕྲོད་ཅིང་། སྤྲེའུ་དང་ལུག་དང་ཁྱི་བཅས་འཕྲོད་ཀྱི་ཡོད། དེ་དག་ལས་འཕྲོད་ཤོས་སྤྲེའུ་རེད། དེ་ནས་ལུག་དང་རི་བོང་ཡིན། དེ་དག་ཇི་ལྟར་ཡིན་ཞེ་ན། དབང་རྩར་རྣམ་ཤེས་གནས་ཐུབ་པ་དང་། དེའི་ནང་རླུང་དེ་འགྲོ་ཐུབ་ཅིང་རླུང་དེ་དང་མཉམ་དུ་སེམས་གནས་ཐུབ་པ་དེ་རྡུལ་ཕྲན་རིགས་མཐུན་པར་གྱུར་པའི་རྐྱེན་གྱིས་ཡིན། རྡུལ་ཕྲན་རིགས་མཐུན་ན་འཕྲོད་པ་རེད། དེར་བརྟེན། ང་རང་ཚོ་མིའི་ལུས་ཀྱི་ཆ་ཤས་རྣམས་རྡུལ་ཕྲན་རིགས་མཐུན་པ་མང་པོ་ཞིག་ཚོགས་པས་ན་རྡུལ་ཕྲན་དེ་དག་དང་ཁ་བྲལ་ན་ལུས་པོ་མེད། དེ་ལྟར་ཡིན་ན་མིའི་ལུས་པོ་དེ་མགོ་ཡི་རྡུལ་ཕྲན་དང་གཅིག་པ་རེད་དམ་ཞེ་ན་དེ་ཡང་མིན། དེ་བཞིན་རྐང་པའི་རྡུལ་ཕྲན་དང་། སྙིང་གི་རྡུལ་ཕྲན་དང་གཅིག་པ་ཡིན་ནམ་ཞེ་ན་གཅིག་པ་མིན། གལ་ཏེ་དེ་ལྟར་ཡིན་ན། སྙིང་གཤག་བཅོས་བྱས་ནས་སྙིང་དེ་ཕར་གཡུགས་ཟིན་ན་ལུས་པོ་མེད། རོ་ཆགས་པ་རེད་དམ་ཞེ་ན། རོ་ཆགས་མི་ཐུབ།

ལུས་པོ་འདི་ལུས་ཀྱི་ཆ་ཤས་དང་གཅིག་པ་མིན། དེ་ལ་འགྱུར་བ་མང་པོ་གཏོང་རྒྱུ་ཡོད་པ་ཞིག་རེད། དེ་དང་ཁ་བྲལ་ཡང་ཆ་ཤས་གཞན་གྱིས་མུ་མཐུད་ནས་ལས་ཀ་བྱེད་ཐུབ་ཀྱི་ཡོད། དཔེར་ན། ཆ་ཤས་མང་པོ་ཚོགས་པ་དེ་ལུས་རེད་དམ་ཞེ་ན། ང་ཚོས་ལུས་པོ་ཞེ་བཏགས་པ་ལས་ཆ་ཤས་མང་པོ་ཚོགས་པ་དེ་ཉིད་ལུས་པོ་མིན། དཔེར་ན། མི་མ་ཆགས་གོང་ཕ་མའི་ཁུ་ཁྲག་གི་ས་བོན་ཡོད་པ་དེ་ལུས་པོ་ཆགས་རྒྱུའི་ཆ་ཤས་ཡིན་པ་ལས། དེ་དུས་ལུས་པོ་ཆགས་ཐུབ་མེད་ལ། ལུས་པོ་འཕེལ་རྒྱས་ཀྱང་ཕྱིན་མེད། དེས་ན་ང་ཚོས་ངའི་ལུས་པོ་ཞེས་རྩ་ཆེན་པོ་བྱེད་རྒྱུ་དེ་མདོར་བསྡུས་ནས་བཤད་ན་ཕ་མས་སྤྲད་པའི་ལུས་ཀྱི་ཆ་རྐྱེན་དེ་ལ་ངའི་ལུས་པོ་ཞེས་རྩ་ཆེར་བརྩི་བ་ལས་དེ་ལས་ལོགས་སུ་རང་གི་ལུས་པོ་ཞེས་ཟུར་དུ་མེད་པར་གསུངས་པ་རེད། དེ་ནི་ཆོས་ཀྱི་བདག་མེད་པའི་སྐོར་གྱི་གྲ་སྒྲིག་གི་བསམ་བློ་ཞིག་རེད།

༢) ཚོར་བ་དྲན་པ་ཉེར་བཞག

གཉིས་པ་ཚོར་བ་དྲན་པ་ཉེར་བཞག་ཅེས་བརྗོད་སྐབས་ང་རང་ཚོར་ཚོར་བ་ཞིག་ཡོད་པ་སྟེ། དཔེར་ན། ལུས་ལ་ཁབ་བཙུགས་ན་ཚ་བའི་ཚོར་བ་ཡོང་གི་ཡོད་ལ། ཆུ་གྲང་མོ་གཤོས་ན་འཁྱག་པ་དང་། ཆུ་ཚ་པོ་གཤོས་ན་འཚིག་པ་སོགས་ཀྱི་ཚོར་བ་ཡོང་བ་དང་། དེ་བཞིན་ཤིང་ཏོག་ཟ་བ་དང་། ཆུ་མངར་མོ་འཐུང་བ། ཇ་ཞིམ་པོ་འཐུང་བ་སོགས་ལས་ཚོར་བ་བདེ་བ་ཡོང་བ་སོགས་ཚོར་བ་བདེ་སྡུག་ཚང་མ་རང་བཞིན་གྱིས་བྱུང་བ་ཞིག་མིན། ཚོར་བ་སྡུག་བསྔལ་དེ་རང་བཞིན་གྱིས་བྱུང་བ་ཞིག་ཡིན་ན་མུ་མཐུད་འཕེལ་རྒྱས་འགྲོ་བ་ལས། སྐབས་རེ་ཡོད་པ་དང་སྐབས་རེ་མེད་པར་འགྱུར་མི་ཐུབ། དཔེར་ན། མགོ་ལ་རྨ་བྱུང་ན་རྨ་དེ་དྲག་སྐྱེད་མ་བྱུང་བར་དུ་ཚོར་བ་སྡུག་བསྔལ་དེ་མུ་མཐུད་གནས་ཤིང་། རྨ་དེ་དྲག་སྐྱེད་བྱུང་ན་ཚོར་བ་སྡུག་བསྔལ་དེ་མེད་པར་གྱུར་པ་རེད། དེ་ནས་མགོའི་ན་ཚ་དྲག་པའི་ཚོར་བ་བདེ་བ་དེ་སྐྱེ་ཡོང་གི་ཡོད།

ཚོར་བ་བདེ་བ་དང་སྡུག་བསྔལ་གང་ཞིག་ཡིན་ནའང་སྐབས་རེ་ཡོད་པ་དང་། སྐབས་རེ་མེད་པར་འགྱུར་བ་ལས་མུ་མཐུད་རྟག་ཏུ་གནས་པ་ཞིག་མིན། ཚོར་བ་དེ་སྐྱེ་བའི་རྐྱེན་ཡོད་ན་ཚོར་བ་དེ་ཡོང་བ་དང་། རྐྱེན་མེད་ན་ཚོར་བ་དེ་ཡང་མི་ཡོང་། དེར་བརྟེན། ཚོར་བ་བདེ་སྡུག་གང་ཡིན་ནའང་སྡུག་བསྔལ་དེ་མངོན་གསལ་མེད་པའི་ཐོག་ནས་བདེ་བར་འགྱུར་བ་དང་། བདེ་བ་དེ་མངོན་གསལ་མེད་པའི་ཐོག་ནས་སྡུག་བསྔལ་ལ་འགྱུར་བ་ཞིག་ཀྱང་ཡོང་། དཔེར་ན། ཡུན་རིང་སོང་ནས་དཀའ་ལས་ཁག་སྟེ་རྐང་པ་ན་བ་དེ་སྡུག་བསྔལ་དང་། བསྡད་ན་སྐྱིད་པོ་ཡོད་པ་དེ་བདེ་བ་རེད། ཡང་བསྡད་དྲགས་ན་གང་འཚམ་ནས་རྐུབ་དང་རྐང་པ་ན་ངེས་རེད། ཡང་འགྲོ་དགོས་པ་ལས་མ་ཕྱིན་ན་མི་འགྲིག འགྲོ་འགྲོ་བ་བྱས་ཀྱང་མི་འགྲིག་ལ་བསྡད་དྲགས་ཀྱང་མི་འགྲིག

དེར་བརྟེན། སྡུག་བསྔལ་ཆུང་ངུ་དེ་མར་འགགས་ནས་བདེ་བ་ཆུང་ཆུང་དེ་རིམ་པས་ཤུགས་ཆེ་རུ་འགྲོ་གི་ཡོད། བདེ་བ་ཆེ་ཤོས་དེར་སླེབས་སྐབས་སྡུག་བསྔལ་ཆུང་ངུའི་འགོ་ཚུགས་ཡོང་གི་ཡོད། དེ་ནས་ཡང་སྡུག་བསྔལ་དེ་ཇེ་ཆེར་འགྲོ་བཞིན་ཡོད། ལྟོ་ཆས་བཟས་ནའང་དེ་ལྟར་ཆགས་ཡོད། ལྟོ་ཚོད་རན་པོ་བཟས་ན་ཕོ་བ་བདེ་པོ་ཡོད་ལ། ཚད་ལས་བརྒལ་ན་གྲོད་པ་ན་ངེས་རེད། ལྟོ་བཟས་ནས་གྲོད་པ་རྒྱགས་པ་དེ་བདེ་བ་ཡིན་ནའང་རྒྱགས་དྲགས་ན་སྡུག་བསྔལ་སྐྱེ་བཞིན་ཡོད།

ཡང་ཐང་ཆད་ནས་གཉིད་ཉལ་ན་ཚོར་བ་བདེ་བ་ཡོང་གི་ཡོད་ཀྱང་། གཉིད་ཉལ་དྲགས་ན་སྐྱིད་པོ་མེད་པར་སྡུག་བསྔལ་ཡིན་སྟབས། བདེ་བ་ཆེན་པོའི་ནང་ནས་སྡུག་བསྔལ་ཆུང་ངུ་འགོ་ཚུགས་ཀྱི་ཡོད་པ་དེ་ཤེས་ཀྱི་མེད། དེ་ལྟར་ཤེས་ཀྱི་མེད་སྟབས་བསམ་བློའི་ཐོག་ནས་ང་བདེ་པོ་འདུག ང་ལ་སྡུག་བསྔལ་འདུག་ཅེས་བདེ་སྡུག་འཇོག་པ་ལས་བདེ་སྡུག་ཅེས་པ་དེ་ཆུང་རིམ་ནས་འཕེལ་རྒྱས་ཕྱིན་ཏེ་ཆེན་པོར་གྱུར་སྐབས་ཅིག་ཤོས་འགོ་ཚུགས་ཀྱི་ཡོད་པས་བདེ་སྡུག་གཉིས་པོ་དེ་མངོན་གསལ་མེད་པའི་ཐོག་ནས་འཕེལ་རྒྱས་འགྲོ་བཞིན་ཡོད།

བདེ་བ་དང་སྡུག་བསྔལ་གང་ཞིག་ཡིན་ནའང་གནས་སྐབས་དེར་རང་གི་སེམས་ཀྱིས་བཏགས་པ་སྟེ། དཔེར་ན། ཕྱི་རོལ་ཡུལ་དང་འབྲེལ་བ་མ་བྱས་ན་ཚོར་བ་ཡོང་རྒྱུ་མེད། ཕྱི་རོལ་ཡུལ་དང་འབྲེལ་བ་བྱུང་ན་ཚོར་བ་ཡོང་། ཚོར་བ་ཡོད་མེད་སེམས་དང་འབྲེལ་བ་ཡོད། སེམས་ཡོད་ས་དེར་ཚོར་བ་ཡོད་པ་དང་། སེམས་མེད་སར་ཚོར་བ་མེད། དེ་ཇི་ལྟར་ཡིན་ཞེ་ན། ང་རང་ཚོ་གཤག་བཅོས་བྱེད་སྐབས་སྔར་སྦིར་སྨན་རྒྱག་པ་དང་། དེང་སྐབས་ཁབ་བརྒྱབ་ནས་གཤག་བཅོས་བྱེད་སྐབས་སེམས་ཀྱི་གནས་ས་དེ་སྤོས་པ་རེད།

དཔེར་ན། སྙིང་ལ་གཤག་བཅོས་བྱེད་དགོས་ན་དེའི་གཡས་གཡོན་ལ་ཁབ་བརྒྱབ་ནས་ན་ཟུག་ཅིག་གཏོང་དུ་འཇུག་པ་དང་། ན་ཟུག་བྱུང་སྟབས་ཚོར་བ་སྡུག་བསྔལ་ཞིག་སྐྱེས་པ་རེད། དེར་བརྟེན། སེམས་དེ་དེའི་ཐོག་ཕྱིན་པ་རེད། སྙིང་ཡོད་ས་དེར་སེམས་བསྡད་མེད། སྨན་པས་དེའི་དུས་ཚོད་དང་བསྟུན་ནས་གཤག་བཅོས་བྱེད་བཞིན་ཡོད། སྐབས་དེར་སྙིང་སོགས་གཤགས་ནས་གང་ཞིག་བྱས་ཀྱང་ཚོར་བ་མེད། ཀླད་པར་གཤག་བཅོས་བྱེད་སྐབས་ཀྱང་དེ་ལྟར་ཚོར་བ་སྤོ་བཞིན་ཡོད། དེར་སེམས་གནས་ཡོད་ན་གཤག་བཅོས་བྱེད་ཐུབ་ཐབས་མེད། སེམས་མི་གནས་པར་བརྟེན་ཤེས་རྟོགས་ཐུབ་ཀྱི་མེད། སེམས་ཡོད་ན་ཚོར་བ་ཡོད་ལ་སེམས་མེད་ན་ཚོར་བ་ཡང་མེད།

ཡིན་ནའང་། སེམས་ཀྱི་གནས་ས་ཞིག་ཡོད་པ་ལས། སེམས་གནས་ས་ཞིག་མེད་ན་མི་འགྲིག དཔེར་ན། སྙིང་ལ་གཤག་བཅོས་བྱེད་སྐབས་དེའི་གཡས་གཡོན་ལ་སེམས་དེ་གནས་སུ་འཇུག་གི་ཡོད། སེམས་གནས་ས་ཞིག་ངེས་པར་དུ་དགོས་པ་ཡིན། ཕྱི་རོལ་ཡུལ་དང་འབྲེལ་བ་བྱས་ན་ཚོར་བ་ཡོད། གཟུགས་པོར་དྲོད་ཡོད་ན་ཚོར་བ་ཡོད། དྲོད་མེད་ན་ཚོར་བ་མེད། ཚོར་བ་དང་། སེམས། ལུས་པོ། དྲོད་བཅས་འབྲེལ་བ་ཡོད་ཅིང་། དྲོད་མེད་ན་སེམས་གནས་ས་མེད། རླུང་མེད་ནའང་སེམས་གནས་ས་མེད། ཚོར་བ་དེ་གང་དུ་གནས་སམ། མགོ་ལ་གནས་ཡོད་དམ་ཞེ་ན། མགོ་ལ་སྐབས་རེ་ཡོད་ལ་སྐབས་རེ་མེད། ཕྱི་རོལ་ཡུལ་དང་འབྲེལ་བ་མ་བྱུང་ན་ཚོར་བ་མི་སྐྱེ་ཞིང་། མགོ་ལ་དབྱུག་པ་ཞིག་གཞུས་ན་ཚོར་བ་སྐྱེ་ལ། དེ་བཞིན་མགོ་ལ་བྱིལ་བྱིལ་བྱས་ནའང་ཚོར་བ་སྐྱེ། རང་སོར་བཞག་ན་ཚོར་བ་དམིགས་བསལ་གསལ་མེད། ཕྱི་རོལ་ཡུལ་དང་འབྲེལ་བ་བྱུང་མ་ཐག་ལམ་སེང་ཚོར་བ་སྐྱེ་ཡོང་གི་ཡོད།

དེས་ན་ཚོར་བ་བདེ་སྡུག་གཉིས་པོ་དེ་རང་གི་ལུས་ཀྱི་ཆ་ཤས་དེ་ཚོ་དང་གཅིག་པ་མ་རེད་ལ་ལོགས་སུ་གནས་པ་ཡང་མིན། རྒྱུ་རྐྱེན་དང་མ་ཕྲད་ན་མེད་ལ་རྒྱུ་རྐྱེན་དང་ཕྲད་ན་ཚོར་བ་སྐྱེ་ཡོང་གི་ཡོད་པས་ཚོར་བ་དེ་རང་བཞིན་གྱིས་མ་གྲུབ་པའི་རྟགས་རེད། ཚོར་བ་རང་བཞིན་གྱིས་གྲུབ་པ་ཡིན་ན་ཚོར་བ་བདེ་སྡུག་གང་ཞིག་ཡིན་ཡང་དུས་རྟག་ཏུ་གནས་དགོས་པ་ཞིག་རེད། མགོ་ལ་རྨ་བཟོས་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་དེ་རང་བཞིན་གྱིས་གྲུབ་པ་ཞིག་ཡིན་ན་སྨན་བཅོས་བྱས་ནས་དྲག་ཟིན་རྗེས་སུའང་ཚོར་བ་སྡུག་བསྔལ་དེ་ཡོད་དགོས། འོན་ཀྱང་། སྨན་བཅོས་བྱས་རྗེས་ཚོར་བ་བདེ་བར་གྱུར་ཏེ་སྡུག་བསྔལ་དེ་ཡལ་ཟིན་པ་རེད། དེར་བརྟེན། ཚོར་བ་སྡུག་བསྔལ་ཞེས་པ་དེ་རྒྱུ་རྐྱེན་ཞིག་མེད་ན་སྐྱེ་རྒྱུ་མེད་ལ། རྒྱུ་རྐྱེན་དང་ཕྲད་ན་སྐྱེ་རྒྱུ་ཡོད།

ཚོར་བ་སྐྱེ་སའི་ཡུལ་དེ་ཉིད་ཀྱི་ཐོག་ནས་རང་བཞིན་གྱིས་བྱུང་བ་ཞིག་མིན། དཔེར་ན། མགོ་ལ་རྨ་བཟོས་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་དེ་མགོ་རང་ཉིད་ཀྱི་ཐོག་ནས་རང་བཞིན་དུ་བྱུང་བ་ཞིག་རེད་དམ་ཞེ་ན་དེ་ལྟར་མིན། དེ་བཞིན་མིག་བདེ་པོ་མེད་པར་མིག་ལ་གཤག་བཅོས་བྱས་ན། གནས་སྐབས་མིག་ཅུང་ཟད་ཚ་ངེས་ཡིན། འོན་ཀྱང་། གཤག་བཅོས་བྱས་ཏེ་མིག་ནད་དྲག་སྐྱེད་བྱུང་ན་སྐྱིད་པོ་ཡོང་གི་ཡོད། མིག་ནད་གཤག་བཅོས་མ་བྱས་གོང་གི་ཚོར་བ་སྡུག་བསྔལ་དེ་དང་། གཤག་བཅོས་བྱས་རྗེས་ཀྱི་ཚོར་བ་བདེ་བ་གཉིས་པོ་མིག་རང་ཉིད་ཀྱི་ཐོག་ནས་རང་བཞིན་གྱིས་བྱུང་བ་ཞིག་མིན། དེ་ནི་རྒྱུ་རྐྱེན་དང་འཕྲད་སྐབས་ཚོར་བ་སྡུག་བསྔལ་ཡོང་བ་དང་། ཡང་རྒྱུ་རྐྱེན་གཞན་ཞིག་དང་འཕྲད་ན་ཚོར་བ་བདེ་བ་ཡོང་བ། དེ་གཉིས་གང་ཡང་མིན་པ་ཞིག་ཡིན་ན་སྡུག་བསྔལ་དང་བདེ་བ་གང་ཡང་མིན་པར་ཚོར་བ་བཏང་སྙོམས་སམ་སྤྱིར་བཏང་ཞིག་ཡིན། དེས་ན་ཚོར་བ་ཞེས་པ་ནི། ཚོར་བ་སྐྱེ་སའི་ལུས་པོའི་ཆ་ཤས་དེ་ཉིད་ཀྱི་ཐོག་ནས་ཚུར་རང་བཞིན་གྱིས་བྱུང་བ་ཞིག་མིན།

འོ་ན་ཚོར་བ་སྐྱེ་ས་དེ་ཕྱི་རོལ་གྱི་ཡུལ་དེ་དང་། ཚོར་བ་གཉིས་ཀྱི་བར་དུ་བར་སྟོང་ཡོད་དམ་མེད་ཅེ་ན། གལ་ཏེ་བར་སྟོང་ཡོད་ན་དེ་གཉིས་འཕྲད་མི་ཐུབ་ལ། བར་སྟོང་མེད་ན་ཚོར་བ་སྐྱེ་རྒྱུ་མེད། དེས་ན་བར་སྟོང་ཡོད་དམ་མེད་ཀྱི་ཐོག་ལ་བརྟག་དཔྱད་བྱེད་བཞིན་ཡོད། བར་སྟོང་གི་གཙོ་བོ་གང་ལ་ཆགས་པ་རེད་དམ་ཞེ་ན། ཚོར་བ་སྐྱེ་སའི་ཕྱི་རོལ་ཡུལ་གྱི་རྡུལ་ཕྲན་དང་། ཚོར་བ་སྐྱེ་སའི་དབང་རྩའི་རྡུལ་ཕྲན་དེ་གཉིས་འཕྲད་ཡོད་དམ་མེད། ཕྲད་ནས་བྱུང་བ་རེད་དམ། མ་འཕྲད་པར་བྱུང་བ་རེད། ཕན་ཚུན་འཕྲད་པའམ་འབྱར་ཡོད་ན། གཡས་ངོས་འབྱར་ཡོད་ན་གཡོན་ངོས་འབྱར་མེད་ལ། གཡོན་ངོས་འབྱར་ཡོད་ན་གཡས་ངོས་འབྱར་མེད། འོ་ན་དེ་ཇི་ལྟར་ཡིན་ཞེ་ན། བར་སྟོང་མེད་ན་མི་འགྲིག་ལ་བར་སྟོང་ཡོད་དགོས། འོན་ཀྱང་། བར་སྟོང་ཡོད་པ་དེ་ང་ཚོས་མཐོང་ཐུབ་ཀྱི་མེད། བར་སྟོང་དེ་ཐག་ཉེ་དྲགས་ན་མི་འགྲིག་ལ། ཐག་རིང་དྲགས་ནའང་མི་འགྲིག །བར་སྟོང་དེ་ཉིད་ཐག་ཉེ་རིང་འཚམ་པོ་ཞིག་ཡོད་པ་ཡིན། དེས་ན་ཕྱི་རོལ་གྱི་ཡུལ་དང་ཚོར་བ་གཉིས་པོ་འཕྲད་པའི་སྐབས་སུ་ཚོར་བ་སྐྱེ་ཡོང་གི་ཡོད། ཚོར་བ་སྐྱེ་བ་དེ་ཆ་རྐྱེན་ཞིག་ལ་བརྟེན་ནས་ཡོང་གི་ཡོད།

ལུས་པོ་མེད་ནའང་ཚོར་བ་ཡོད་དམ་ཞེ་ན། ལུས་པོ་མེད་པར་ཚོར་བ་ཞེས་པ་ཡོང་ཐབས་མེད། འོན་ཀྱང་། ལུས་པོ་ཡོད་ན་ཚོར་བ་ཡོད་པས་ཁྱབ་པ་མེད། ལུས་པོ་ཡོད་ཀྱང་ཚོར་བ་ཉམས་པའི་མིའི་རིགས་ཡོད། དཔེར་ན། དེང་སྐབས་དབང་རྩའི་ནུས་པ་ཤོར་བ་སྟེ། ལུས་པོ་ཕྱེད་ཀ་ཚོར་བ་མེད་པ་ཆགས་པ་དེ་ལྟར་ཡོང་གི་ཡོད། དེ་ལ་ལུས་པོ་ཡོད་ཀྱང་ཚོར་བ་གཏན་ནས་མེད། དེས་ན་ཚོར་བ་དེ་ལུས་པོ་དེ་ཉིད་ལ་གནས་པ་ཞིག་ཡིན། དེར་བརྟེན། ཚོར་བའི་ཐོག་ཏུ་བསམ་བློ་གཏོང་དགོས་པ་ཞིག་ཡིན། ཚོར་བ་ཞེས་བརྗོད་སྐབས། ལུས་པོའི་ཐོག་ཏུ་རང་བཞིན་གྱིས་གནས་པ་ཞིག་ཡིན་ནམ་ཞེ་ན་དེ་ལྟར་མིན། གལ་ཏེ་དེ་ལྟར་ཡིན་ན་ཚོར་བ་ཉམས་པའི་མི་མེད་དགོས། ཚོར་བ་ཉམས་པའི་མི་ལ་ལུས་པོ་ཡོད་ལ། ཚོར་བ་ཉམས་པའི་མི་ཡང་ཡོད་པ་ཡིན། མདོར་བསྡུས་ན། ཚོར་བ་ཞེས་པ་ནི། ལུས་པོའི་ཐོག་ཏུ་རང་བཞིན་གྱིས་གནས་པ་ཞིག་མིན།

༣) སེམས་དྲན་པ་ཉེར་བཞག

གསུམ་པ། སེམས་ལ་བརྟག་དཔྱད་བྱེད་སྐབས། སེམས་དྲན་པ་ཉེར་བཞག་ཅེས་པ་དེ་ཡིན། སེམས་དེ་རང་བཞིན་གྱིས་གྲུབ་པ་ཞིག་མིན་པར་སེམས་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། རང་བཞིན་གྱིས་བྱུང་བ་ཞིག་ཡིན་ན། ཡང་ན་དབང་པོ་དྲུག་གི་ཐོག་ཏུ་རང་བཞིན་གྱིས་གནས་དགོས་ལ། དེ་ཡང་ཡོངས་གྲགས་ནམ་རྒྱུན་དབང་པོ་ལྔ་ལས་དྲུག་ཏུ་བགྲང་སྲོལ་དེ་ཙམ་མེད། ཡོངས་གྲགས་ཀྱི་དབང་པོ་ལྔ་དང་། དེ་དག་གི་ཐོག་ཏུ་ཡིད་ཀྱི་དབང་པོ་བསྣན་པས་དྲུག་ཡོད། དེ་ལྟར་དབང་པོ་ལྔའམ་དྲུག་གི་ཐོག་ཏུ་རང་བཞིན་གྱིས་གནས་པ་ཞིག་མིན་ལ། ཡང་དབང་པོ་ལྔ་དང་ལུས་ཀྱི་བར་དུ་གནས་པ་ཞིག་ཀྱང་མིན། ཡང་ཕྱི་རོལ་ཡུལ་དང་རང་གི་ལུས་པོ་གཉིས་ཀྱི་བར་དུ་གནས་པ་ཞིག་ཀྱང་མིན།

རང་གི་ལུས་པོ་གཙོ་ཆེ་བ་གཅིག་གི་ཐོག་ཏུ་སེམས་དེ་གནས་པ་ཞིག་ཡིན་ནམ་ཞེ་ན་དེ་ཡང་མིན། དེ་དག་ཕར་བཞག་ནས་རང་གི་སེམས་དེ་གནས་ས་ཟུར་དུ་བཙལ་ན་དེ་ཡང་མེད། དེ་ཡང་མགོ་དང་། མིག རྣ། དབང་པོ་ལྔ་སོགས་ལུས་ཀྱི་ཆ་ཤས་རེ་རེ་ནས་ཕར་བཞག་སྟེ་སེམས་གནས་ས་ཞིག་བཙལ་ན་གང་དུའང་མེད། འདི་ནི་མདོ་ལུགས་ཀྱི་བཞེད་པ་ཡིན། གསང་སྔགས་ཀྱི་ཐོག་ནས་བཤད་ན་ཡོད་པར་གསུངས་ཡོད། ལུས་ཀྱི་ཆ་ཤས་ཡོངས་རྫོགས་དབྱེ་བ་ཕྱེ་སྟེ་སེམས་གནས་ས་གང་དུ་ཡོད་མེད་འཚོལ་སྐབས་སེམས་གནས་ས་དེ་སྙིང་ག་དེ་ཡིན། འོན་ཀྱང་། ད་ལྟ་སྤྱོད་འཇུག་གི་སྐབས་འདིར་དེ་ལྟར་མི་གསུངས་པར་སྦས་ནས་བཞག་པ་རེད། ད་ལྟ་གསང་སྔགས་བཤད་པའི་སྐབས་མིན་སྟབས་སྤྱོད་འཇུག་རང་གི་ཐོག་ནས་བརྗོད་ན། སྟོང་ཉིད་སྒོམ་པའི་སྐབས་སུ་སེམས་གནས་ས་ཟུར་དུ་མ་རྙེད་པ་ཞིག་ལ་འཇོག་པར་མཛད་ཡོད།

འོ་ན་སེམས་དེ་ལུས་པོ་དང་ཁ་བྲལ་ཐབས་མེད་པར་འདྲེས་ནས་གནས་ཡོད་དམ་ཞེ་ན། དེ་ལྟར་གཏན་ནས་མིན་པར་ཁ་བྲལ་རྒྱུ་ཡོད། དེང་སྐབས་ཚན་རིག་གི་ཐོག་ནས་ལུས་པོ་མེད་ན་སེམས་མེད་པར་བརྗོད་ཀྱི་ཡོད། དེ་ཡང་ལུས་པོ་མེད་ན་སེམས་གནས་ས་མེད་པས། ལུས་པོ་མེད་ན་སེམས་མེད་ཅེས་བརྗོད་ཀྱི་རེད། ང་རང་ཚོ་ཆོས་ཀྱི་ཐོག་ནས་བརྗོད་ན། ལུས་སེམས་གཉིས་ཁ་བྲལ་རྒྱུ་ཡོད་པ་ཞིག་ཡིན། དེས་ན་ལུས་སེམས་ཁ་བྲལ་རྒྱུ་ཡོད་སྟབས། ལུས་སེམས་གཉིས་གཏན་ནས་ཁ་བྲལ་ཐབས་མེད་པའི་འབྲེལ་བ་ཡོད་པ་ཞིག་མིན།

ད་ལྟ་ང་ཚོའི་ལུས་པོ་འདི་དང་ད་ལྟའི་སེམས་འདིའི་དབང་དུ་བཏང་ན། ང་ཚོས་སྐྱེ་བ་སྔ་ཕྱི་ཁས་ལེན་བཞིན་ཡོད་སྟབས། ད་ལྟའི་སྐྱེ་བ་འདིའི་ལུས་པོ་འདི་དང་། ད་ལྟའི་རང་གི་སེམས་གཉིས་ཆུ་དང་འོ་མ་འདྲེས་པ་ལྟར་འདྲེས་ནས་གནས་ཡོད་དམ་ཞེ་ན། དེ་ལྟར་མིན་པར་ལུས་སེམས་གཉིས་ཁ་བྲལ་རྒྱུ་ཡོད། འོ་ན་གློ་བུར་དུ་བྱུང་བའི་ལུས་པོ་འདི་ལ་བརྟེན་ནས་གློ་བུར་དུ་སེམས་འདི་བྱུང་ངམ་ཞེ་ན། དེ་ལྟར་ཡང་གཏན་ནས་མིན། ད་ལྟའི་ཚན་རིག་གི་ཐོག་ནས་བཤད་ན། ལུས་པོ་གློ་བུར་དུ་བྱུང་བ་ཞིག་ལ་སེམས་ཀྱང་གློ་བུར་དུ་བྱུང་བ་ཡིན་ཞེས་བརྗོད་ཀྱི་ཡོད།

སེམས་དེ་ནམ་ཞིག་བྱུང་ངམ་ཞེ་ན། ཚན་རིག་ཐོག་ནས་ཇི་ལྟར་བརྗོད་ཀྱི་ཡོད་མེད་ནི། ཕྲུ་གུ་མ་ཡི་མངལ་ནས་སྐྱེས་ཟིན་རྗེས་གཞི་ནས་སེམས་བྱུང་བ་རེད་ཅེས་བརྗོད་ཀྱི་ཡོད་དམ། ཡང་ན་མ་ཡི་མངལ་དུ་གནས་སྐབས་ནས་སེམས་ཡོད་ཅེས་བརྗོད་ཀྱི་ཡོད། ཡང་ན་སེམས་དེ་ཟླ་བ་དང་པོར་ཆགས་པ་དང་། ཟླ་བ་གཉིས་པར་ཆགས་པ། ཟླ་བ་གསུམ་པར་ཆགས་པ་གང་ཞིག་བརྗོད་ཀྱི་ཡོད་མེད་གསལ་པོ་ཞིག་མཐོང་མ་བྱུང་།

ཆོས་ལུགས་ཀྱི་ཐོག་ནས་བཤད་ན། སེམས་འདི་གསོན་པོ་ཞིག་དང་། དངོས་པོ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་ཞིག་ཡིན་སྟབས། དེ་ལ་ནམ་ཡང་རྒྱུན་ཆད་རྒྱུ་མེད་པ་ཞིག་ཡིན། ང་ཚོའི་ལུས་པོ་འདི་བྱུང་བ་དང་སེམས་དེ་ཡང་བྱུང་བ་སྟེ། ལུས་འདི་གློ་བུར་དུ་བྱུང་། དཔེར་ན། ཕྲུ་གུ་མ་སྐྱེས་པའི་གོང་དུ་ཕ་མ་གཉིས་ཀྱིས་ཕྲུ་གུ་བཟོས་པ་དང་། ཕ་མ་གཉིས་ཀྱིས་ཕྲུ་གུ་མ་བཟོས་པའི་སྔ་རོལ་དུ་ཕ་མ་གཉིས་ལ་ཕྲུ་གུ་ཆགས་རྒྱུའི་རྒྱུ་ཡོད་དམ་མེད། ཡང་ན་ཕ་མ་གཉིས་ལ་ཕྲུ་གུ་བུ་སྐྱེ་བ་ལས་བུ་མོ་མི་སྐྱེ་བ་དེ་ལྟར་ཡོང་གི་ཡོད། ཡང་འགའ་ཞིག་ལ་བུ་མོ་སྐྱེ་བ་ལས་བུ་སྐྱེ་རྒྱུ་མེད་པ་ཡང་ཡོང་གི་ཡོད། དེ་ལྟར་འགའ་ཞིག་ལ་བུ་སྐྱེས་ན་སྙམ་ཡང་མི་སྐྱེ་བ་དང་། ལ་ལར་བུ་མོ་སྐྱེས་ན་སྙམ་ཡང་བུ་མོ་མི་སྐྱེ་བར་བུ་ཤ་སྟག་སྐྱེ་བ་ཡོང་གི་ཡོད། ཕ་མ་གཉིས་ལས་གཅིག་ལ་བུ་ཆགས་རྒྱུ་ཡོད་ལ་བུ་མོ་ཆགས་རྒྱུ་མེད། རྗེས་མ་ཕྲུ་གུ་བུ་སྐྱེ་བར་འདོད་པའི་བུའི་སེམས་དེ་དེ་དུས་མེད། ཕ་མ་གཉིས་ཀྱི་ཁོག་པའི་ནང་དུ་མེད་ལ། ཕ་མ་གཉིས་ཀྱིས་ཕྲུ་གུ་བཟོས་ནས་ཕྲུ་གུ་བྱུང་བ་ཞིག་ཡིན།

དེར་བརྟེན། ཕྲུ་གུ་ཆགས་པ་དང་སེམས་ཆགས་པ་གཉིས་དུས་མཉམ་ཡིན་ནམ། ཡང་ན་ཕྲུ་གུ་ཆགས་ནས་ཟླ་བ་གཅིག་གཉིས་སོང་མཚམས་སུ་གཞི་ནས་སེམས་བྱུང་བ་ཡིན་ནམ་ཞེ་ན། ང་ཚོས་ཆོས་ཀྱི་ཐོག་ནས་བཤད་ན། ཕྲུ་གུ་ཆགས་པ་དང་རང་གི་སེམས་དེ་ལ་གནས་པ་དུས་མཉམ་ཡིན་ཞེས་གསུང་གི་ཡོད། སེམས་དེ་སྔར་ནས་ཆགས་ཟིན་པ་ཡིན། སེམས་དེ་རང་ཉིད་སྐྱེ་བ་གང་དུ་བླངས་ནའང་སེམས་དེ་ཡོད་མུས་ཡིན་པ་ལས། སེམས་དེ་གློ་བུར་དུ་བྱུང་བ་ཞིག་མིན། འོན་ཀྱང་། སེམས་གནས་ས་སྐྱེ་བ་འདིའི་ལུས་པོ་འདི་ད་ལྟ་གཞི་ནས་བྱུང་བ་ཞིག་ཡིན། རྗེས་སུ་འཆི་སྐབས་དེ་དང་ཁ་བྲལ་ནས་ཡང་གཞན་ཞིག་གི་ཐོག་ཏུ་འགྲོ་བར་གསུང་གི་ཡོད། དེ་ནི་ད་ལྟ་ཚན་རིག་དང་ཆོས་ལུགས་གཉིས་ཀྱི་ལྟ་སྟངས་མི་འདྲ་བ་ཡོད་པའི་གནད་ཆེ་ས་ཞིག་རེད།

དེ་ནས་ལུས་པོ་དེ་སེམས་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་ན། ཕ་མ་རིག་པ་ཡག་པོ་ཞིག་ལ་ཕྲུ་གུ་ཡང་རིག་པ་ཡག་པོ་ཞིག་སྐྱེ་དགོས་ཀྱང་། ཕ་མ་རིག་པ་ཡག་པོ་ལ་ཕྲུ་གུ་འགའ་ཞིག་རིག་པ་ཡག་པོ་ཡོད་ལ། ལ་ལ་རིག་པ་ཡག་པོ་མེད་པ་དང་། ཕྲུ་གུ་འགའ་ཞིག་འདྲ་ཆགས་པོ་ཡོད་ཀྱང་། ཕྲུ་གུ་འགའ་ཞིག་འདྲ་ཆགས་པོ་མེད་པ་ལྟ་བུ་ཡོང་གི་ཡོད། དེས་ན་ལུས་པོ་འདི་སེམས་ཆགས་པའི་ཐུན་མོང་མ་ཡིན་པའི་རྒྱུ་མིན། ཕ་མ་གཅིག་ལ་ཕྲུ་གུ་མང་པོ་ཡོད་ན་ཕྲུ་གུ་དེ་དག་གི་ཕ་མ་གཅིག་པ་ཡིན་ནའང་། ཕྲུ་གུ་དེ་དག་གི་གཤིས་ཀ་དང་། གོམས་གཤིས། རིག་པ་རྣོ་རྟུལ། འདྲ་ཆགས་མིན་སོགས་གཅིག་པ་མིན་པ་མང་པོ་ཡོད། ཕྲུ་གུ་དེ་དག་གང་ས་ནས་མི་འདྲ་བ་ཤ་སྟག་ཡོད།

འཛམ་གླིང་ནང་མི་སྟོང་ཕྲག་དང་། ཁྲི་ཕྲག་མང་པོ་ཡོད་པ་དེ་དག་གི་ནང་ནས་ཕྱོགས་ཚང་མ་ནས་གཅིག་པ་གཅིག་རྐྱང་ཡིན་པའི་མི་གཏན་ནས་མེད། གདོང་གི་དབྱིབས་གཅིག་པ་ཡོད་ཀྱང་། རིག་པ་ལེགས་ཉེས་དང་། གཤིས་ཀ་བཟང་ངན། འདྲ་ཆགས་མིན་གཅིག་མཚུངས་བྱས་པ་གཅིག་ཀྱང་མེད། དེ་ལྟར་མེད་སྟབས་ཕ་མ་གཅིག་ལས་སྐྱེས་པའི་བུ་ཕྲུག་གཅིག་པ་ཡིན་ནའང་གཤིས་ཀ་གཅིག་པ་ཡིན་པ་གཅིག་ཀྱང་མེད། དེར་བརྟེན། ལུས་པོ་འདི་སེམས་ཆགས་པའི་རྒྱུ་གཏན་ནས་མིན།

འོ་ན་མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་ལ་སོགས་པ་དེ་དག་ཕྱི་རོལ་ཡུལ་གྱི་སྔོན་རྗེས་གང་དུ་ཡོད་དམ་ཞེ་ན། སྔོན་དུ་ཡོད་པ་ནི་ཡལ་ཟིན། དཔེར་ན། ཕྱི་རོལ་གྱི་ཡུལ་དེ་ཉིད་རྙིང་པ་ནས་གསར་པ་བརྗེ་བ་ཤ་སྟག་ལས་སྔ་ལོའི་དེ་ཉིད་འདི་ལོར་རང་འཇགས་སུ་གནས་པ་གཅིག་ཀྱང་མེད། ཆོས་ལུགས་གང་གི་ཆ་ནས་བཤད་ནའང་གཅིག་གྱུར་ཡིན། ང་རང་ཚོའི་འཚོ་བའི་ནང་ལ་བལྟས་ཀྱང་དངོས་པོ་ཚང་མ་རྙིང་ཚབ་གསར་བརྗེའི་ནང་དུ་གནས་པ་ཤ་སྟག་ཆགས་ཡོད། ད་ལྟ་ང་ཚོས་དངོས་སུ་མཐོང་བའི་སེམས་འདི་དང་། ཕྱི་རོལ་གྱི་ཡུལ་གཉིས་ད་ལྟ་དུས་མཉམ་དུ་གནས་ཡོད། ད་ལྟའི་མིག་ཤེས་དང་། མིག་གིས་མཐོང་བའི་ཕྱི་རོལ་གྱི་གཟུགས་གཉིས་དུས་མཉམ་དུ་ཡོད་པ་དེ་མཚུངས་པ་ཡིན། སོང་ཟིན་པ་དེ་མི་མཚུངས་ལ་རྗེས་མ་དེ་ནི་མཐོང་རྒྱུ་མེད།

དེས་ན་སེམས་ཞེས་པ་དེ་རང་བཞིན་གྱིས་བྱུང་བ་ཞིག་གཏན་ནས་མིན་པ་དང་། སེམས་བཟང་པོ་དང་སེམས་ངན་པ་ཞེས་པ་དེ་ཡང་སེམས་དེ་ཉིད་ཀྱི་ཐོག་ཏུ་རང་བཞིན་གྱིས་བྱུང་བ་ཞིག་གཏན་ནས་མིན། གང་ཡིན་ཞེ་ན། སེམས་གཅིག་ཡིན་ནའང་མི་དེའི་རྒྱུད་ཀྱི་སེམས་བཟང་པོ་དེ་སེམས་ངན་པ་ཆགས་རྒྱུ་ཡོད་ལ། སེམས་ངན་པ་དེ་ཡང་སེམས་བཟང་པོ་ཆགས་རྒྱུ་ཡོད། དེ་ནི་སེམས་གཅིག་རང་ཡིན་པ་ལས་སེམས་བརྗེ་པོ་བརྒྱབ་པ་ཞིག་མིན། དེ་ནས་སེམས་ཞེས་པ་དེར་གཤག་བཅོས་བྱ་རྒྱུ་ཡོད་དམ་མེད་དྲི་བའི་ཐོག་ཏུ་འཇོག་རྒྱུ་ཡིན།

ང་ཚོས་ནམ་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད། མི་རྙིང་པ་ལ་སེམས་གསར་པ་བཅུག་ནས་ཡག་པོ་བྱེད་ཀྱི་ཡིན་ཞེས་ཟེར་གྱི་ཡོད། སེམས་གསར་པ་གང་འདྲ་ཞིག་ཡོད་དམ། ཆོས་ཀྱི་ཐོག་ནས་བཤད་ན། མི་དེའི་སེམས་ཀྱི་ངོ་བོའི་ཐོག་ནས་སེམས་བཟང་པོ་མིན་ལ། སེམས་ངན་པ་ཡང་མིན་པར་སེམས་ནི་ཤེལ་སྒོ་དང་གཅིག་མཚུངས་ཡིན། ཤེལ་སྒོ་དེ་ཉིད་རས་སྔོན་པོ་ཞིག་གི་ཐོག་ཏུ་བཞག་ན་སྔོན་པོ་དང་། རས་དམར་པོའི་ཐོག་ཏུ་བཞག་ན་དམར་པོ་ཡིན། དེ་བཞིན་ཚོས་གཞི་གང་འདྲ་ཞིག་གི་ཐོག་ཏུ་བཞག་ནའང་དེ་བཞིན་འགྱུར་བ་འགྲོ་བཞིན་ཡོད་པ་དེ་ལྟ་བུ་ཞིག་ཡིན། སེམས་རང་ཉིད་ཀྱི་ངོ་བོའི་ཐོག་ནས་བཟང་པོ་ཡིན་པ་ཞིག་དང་། ངན་པ་ཡིན་པ་ཞིག་མེད། སེམས་དེ་དྭངས་མ་ཞིག་ཡིན། ང་ཚོས་སེམས་ནི་དྭངས་ཤིང་གསལ་བ་དང་། སེམས་མ་བཅོས་པ་ཞེས་བཤད་རྒྱུ་ཡོད།

མི་སེམས་བཟང་པོ་ཡིན་པ་དེ་རང་བཞིན་གྱིས་བྱུང་བ་ཞིག་ཡིན་ན། སེམས་དེ་མ་འོངས་པར་ངན་པ་ཆགས་རྒྱུ་མེད། མི་བཟང་པོ་ངན་པ་ཆགས་པ་ཞེས་པ་ཞིག་འཛམ་གླིང་འདིའི་ཐོག་མེད། སེམས་ཡག་པོ་མ་བྱུང་བར་བརྟེན་མི་དེ་ངན་པ་ཆགས་པ་རེད། མི་འདི་དང་འདི་ལྟ་བུ་ཐོག་མར་བཟང་པོ་ཡོད་ཀྱང་མཐར་རྒྱག་རེས་ཚ་པོ་དང་། རྐུན་མ་ཚ་པོ། མི་གསོད་ལག་དམར་བ་ཆགས་པ་ལྟ་བུ་དང་། མི་དེ་སུས་མཐོང་ནའང་མི་སྡུག་ཆགས་ཤིག་རེད་ཅེས་དཔེ་གཞག་ས་ཞིག་ཡོང་གི་ཡོད། ཡང་ཐོག་མར་མི་འདི་དང་འདི་ལྟ་བུ་སྡུག་ཆགས་ཡོད་ཀྱང་། སློབ་གསོ་བརྒྱབ་པ་སོགས་ཀྱིས་མཐར་མི་ཚང་མས་མིག་དཔེ་ལྟ་ས་ཧ་ཅང་ཡག་པོ་ཞིག་ཆགས་ཐུབ་ཀྱི་ཡོད།

སེམས་རང་ཉིད་ཀྱི་ངོ་བོའི་ཐོག་ནས་བཟང་པོ་དང་ངན་པ་གང་ཡང་མིན། འོ་ན་གང་ཞིག་ཡིན་ཞེ་ན། སེམས་དེ་ཉིད་ལ་རྒྱུ་དང་རྐྱེན་ཡོད་པ་ཞིག་ཡིན་སྟབས། རྒྱུ་རྐྱེན་ཞིག་དང་འཕྲད་སྐབས་བཟང་པོ་ཆགས་པ་དང་། ཡང་རྒྱུ་རྐྱེན་གཞན་ཞིག་དང་འཕྲད་སྐབས་ངན་པ་ཆགས་ཀྱི་ཡོད། དེས་ན་མི་ལ་སྐྱོན་མེད་པ་ཞིག་མིན། མི་དེའི་སྐྱོན་དེ་རང་གི་སེམས་ཀྱི་ཐོག་ནས་རང་བཞིན་གྱིས་བྱུང་བ་ཞིག་མིན་པར་དེ་ལ་རྒྱུ་དང་རྐྱེན་ཡོད་པ་ཞིག་ཡིན། དེ་ནི་ནམ་རྒྱུན་ཡོངས་གྲགས་ལྟར་མིའི་སེམས་ལ་བརྟག་དཔྱད་བྱེད་སྐབས། དེང་སྐབས་སེམས་ཁམས་རིག་པའི་ཐོག་ནས་བརྟག་དཔྱད་བྱེད་མཁན་མང་པོ་ཡོད། དེ་ལྟར་བརྟག་དཔྱད་བྱེད་མཁན་དག་གིས་མིའི་སྐྱོན་དེ་མི་དེ་ཉིད་ཀྱི་སེམས་ཀྱི་ཐོག་ནས་རང་བཞིན་གྱིས་ཆགས་པ་ཞིག་གཏན་ནས་མིན་པར་བཟོ་རྒྱུ་ཡོད་པ་ཞིག་རེད། དེར་བརྟེན། ཕྲུ་གུ་ཆུང་ངུའི་དུས་ནས་ཡག་པོ་བཟོ་དགོས། སེམས་བཟང་པོ་ཆགས་པར་བྱེད་པའི་རྐྱེན་བཟང་པོ་རྣམས་ཕྲུ་གུར་ངོ་སྤྲོད་བྱེད་པ་དང་། སེམས་ཅན་ངན་པ་ཆགས་པར་བྱེད་པའི་རྐྱེན་རྣམས་མཐོང་ཐོས་མེད་པ་བཟོ་དགོས་པར་བརྗོད་ཀྱི་ཡོད།

དེས་ན་ང་ཚོས་བརྙན་འཕྲིན་འདྲ་མིན་སྣ་ཚོགས་ལྟ་བཞིན་ཡོད། ནང་དོན་ཡག་པོ་ཡོད་པ་དང་། ནང་དོན་ཡག་པོ་མེད་པ་སྣ་ཚོགས་ལྟ་བཞིན་ཡོད། མི་འགའ་ཞིག་ནང་དོན་ཡག་པོ་མེད་པའི་བརྙན་འཕྲིན་བལྟས་ཏེ་དེའི་ལད་ཟློས་བྱས་ནས་མི་སྡུག་ཆགས་ཆགས་ཀྱི་ཡོད། ཡང་མི་འགའ་ཞིག་གིས་བརྙན་འཕྲིན་བལྟས་ནས་འདི་དང་འདི་ལྟ་བུ་འདུག་སྙམ་པ་ལས། བརྙན་འཕྲིན་གྱི་ནང་དོན་ཡག་པོ་མེད་པའི་བག་ཆགས་རྣམས་རང་ཉིད་ལ་འཇགས་ཀྱི་མེད། དཔེར་ན། ལྟད་མོ་ལྟ་མཁན་མི་སྟོང་ཕྲག་མང་པོ་ཡོད་ལ། ནང་དོན་ཡག་པོ་མེད་པའི་ལྟད་མོ་དེ་མི་ཚང་མས་མཐོང་ཡོད་ཀྱང་། ལྟད་མོ་བ་དེ་དག་གི་ཁྲོད་ནས་མི་འགའ་ཞིག་སྡུག་ཆགས་ཆགས་ཀྱི་ཡོད། དེས་ན་མི་སྡུག་ཆགས་ཆགས་པ་རང་གི་སེམས་ཀྱི་ཐོག་ནས་རང་བཞིན་དུ་བྱུང་བ་ཞིག་མིན་པར་རྐྱེན་ཞིག་དང་འཕྲད་དགོས་པ་ཡིན། རྐྱེན་གང་ཞིག་དང་འཕྲད་ནའང་སྡུག་ཆགས་ཆགས་རྒྱུ་མེད་པ་བརྟན་པོ་ཞིག་བཟོ་རྒྱུ་ཡོད། དེས་ན་སེམས་འདི་ལ་བཟོ་ལྟ་གང་ཞིག་བཟོས་ཀྱང་བཟོ་རྒྱུ་ཡོད་པ་ཞིག་ཡིན། དེས་ན་རང་བཞིན་གྱིས་མ་གྲུབ་པ་དང་། རང་བཞིན་གྱིས་བྱུང་བ་མིན་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད།

༤) ཆོས་དྲན་པ་ཉེར་བཞག

དེ་ནས་བཞི་པ་ཆོས་དྲན་པ་ཉེར་བཞག་ཅེས་པའི་ནང་དོན་ནི། གཙོ་བོ་ཆོས་ཀྱི་བདག་མེད་ལ་བརྗོད་ཀྱི་ཡོད། ཆོས་ཀྱི་བདག་མེད་གཙོ་བོ་ནི། འདུས་བྱས་དང་། འདུས་མ་བྱས་ལྟ་བུ་སྟེ། དཔེར་ན། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་དང་། འགོག་པ་ཞེས་བརྗོད་ན་གང་ཞིག་ཡིན་ནམ་སྙམ་སྲིད། མདོར་ན་ང་རང་ཚོས་བྱ་སྤྱོད་ངན་པ་སྤངས་པའི་ཆ་དེར་འགོག་པ་ཞེས་བརྗོད་ཀྱི་ཡོད་ལ། སེམས་ངན་པ་སྤངས་པའི་ཆ་དེར་འགོག་པ་ཞེས་བརྗོད་ཀྱི་ཡོད། དེ་ནི་འདུས་མ་བྱས་རེད་ཅེས་བརྗོད་ཀྱི་ཡོད། འདུས་བྱས་དང་འདུས་མ་བྱས་གང་ཞིག་ཡིན་ནའང་། རང་གི་གདགས་གཞི་སྟེ། མིང་འདོགས་སའི་གཞི་ཚོགས་པ་ལ་བརྟེན་ནས་མིང་བཏགས་པ་ཙམ་ལས། རང་ངོས་ནས་གྲུབ་པ་ཞིག་མེད། རྟ་ལ་དཔེ་སྦྱར་ནས་ཞུས་ན།

དཔེར་ན། འདུས་བྱས་ལ་སྦྱར་ནས་ཞུས་ན། མི་རིགས་མི་འདྲ་བ་གཉིས་སམ་གསུམ་འཛོམས་སྐབས་མི་རིགས་སོ་སོས་དངོས་པོ་ཚང་མར་མིང་མི་འདྲ་བ་རེ་བཏགས་ཡོད། དེ་ལྟར་མིང་བཏགས་པ་དེས་གོ་ཆོད་པ་ལས། འདིས་བཏགས་པ་དེ་འགྲིག་པ་དང་། གཞན་གྱིས་བཏགས་པ་དེ་མི་འགྲིག་པ་ལྟ་བུ་བརྗོད་རྒྱུ་མེད་ལ་འདིས་བཏགས་པ་དངོས་ཡོད་གནས་ཚུལ་དང་མཐུན་པ་དང་། གཞན་གྱིས་བཏགས་པ་དེ་དངོས་ཡོད་གནས་ཚུལ་དང་མཐུན་གྱི་མི་འདུག་ཅེས་བརྗོད་རྒྱུ་མེད། དེ་གང་ཡིན་ཞེ་ན། དཔེར་ན། རྒྱ་གར་བས་ཧ་ཡ་ཞེས་བཏགས་པ་དང་། རྒྱ་མིས་མཱ་ཞེས་བཏགས་པ། བོད་པས་རྟ་ཞེས་བཏགས་པ་དེ་དག་ཚང་མ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཡིན་པ་ལས། དེ་དག་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་རྒྱུ་མཚན་གང་ཡང་བརྗོད་རྒྱུ་མེད། མིང་འདོགས་པ་པོ་རང་ཉིད་ཀྱི་བསམ་བློའི་ཐོག་ནས་དངོས་པོ་འདི་ལ་མིང་འདི་ལྟ་བུ་ཞིག་བཏགས་ན་ཡག་པོ་འདུག་སྙམ་པའི་ཐོག་ནས་མིང་བཏགས་པ་དེས་གོ་ཆོད་པ་ལས། མིང་དེས་གོ་མ་ཆོད་པ་རེད་ཅེས་བཟོ་རྒྱུ་གང་ཡང་མེད། མཐར་མིང་རྐྱང་བཏགས་ཡོད་ཙམ་རེད་གསུངས།

ཇ) ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་ལྔ།

དེ་རིང་ཞོགས་པ་བཤད་རྒྱུ་དེ་ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་ལྔ་ཞེས་པ་དེ་རེད། ངོ་བོ་ལ་བརྟག་དཔྱད་བྱེད་པ་གཅིག་དུ་བྲལ་གྱི་གཏན་ཚིགས་དང་། རྒྱུ་ལ་བརྟག་དཔྱད་བྱེད་པ་རྡོ་རྗེ་ཟེགས་མའི་གཏན་ཚིགས། དེའི་ནང་གསེས་ལ་བཞི་ཡོད་པ་ནི། བདག་སྐྱེ་དང་། གཞན་སྐྱེ། གཉིས་ཀ་ལས་སྐྱེ་བ། རྒྱུ་མེད་ལས་སྐྱེ་བ་བཅས་བཞི་ཡོད་པ་དང་། དེ་ནས་འབྲས་བུ་ལ་བརྟག་དཔྱད་བྱེད་པ་དེ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། མཇུག་ལ་ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་གྱི་གཏན་ཚིགས་བཅས་བསྡོམས་པས་ལྔ་ཡོད། སྤྱོད་འཇུག་གི་ནང་གསུང་སྟངས་ཀྱི་གོ་རིམ་དེ་ནམ་རྒྱུན་གྱི་གསུང་སྟངས་དང་ཅུང་ཟད་མི་འདྲ་བ་ཡོད།

སྤྱོད་འཇུག་ནང་གཅིག་དུ་བྲལ་གྱི་རིགས་པ་དེ་ཁ་སྔོན་ལུས་དྲན་པ་ཉེར་བཞག་དང་། ཚོར་བ་དྲན་པ་ཉེར་བཞག སེམས་དྲན་པ་ཉེར་བཞག ཆོས་དྲན་པ་ཉེར་བཞག་བཅས་བཞིའི་སྐབས་སུ་གཅིག་དུ་བྲལ་གྱི་གཏན་ཚིགས་དེ་ཁ་ཕྲལ་ནས་བཞིར་བཤད་ཟིན། དེ་ནས་རྒྱུ་དང་འབྲས་བུའི་གྲངས་ཀར་བརྟག་དཔྱད་བྱེད་པའི་མུ་བཞི་སྐྱེ་འགོག་གི་རིགས་པ་ཞེས་པ་ཞིག་ཡོད། རྒྱུ་གཅིག་ལས་འབྲས་བུ་མང་པོ་སྐྱེ་བའམ། རྒྱུ་མང་པོས་འབྲས་བུ་གཅིག་སྐྱེ་བ། རྒྱུ་མང་པོས་འབྲས་བུ་མང་པོ་སྐྱེ་བ། རྒྱུ་གཅིག་གིས་འབྲས་བུ་གཅིག་སྐྱེ་བ་བཅས་རིགས་པ་བཞི་ཡོད། དེ་ནི་སྤྱོད་འཇུག་ནང་དངོས་སུ་མེད། སྤྱོད་འཇུག་ནང་ཡོད་པ་ནི། རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མའི་གཏན་ཚིགས་དང་། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་གྱི་གཏན་ཚིགས། གཅིག་དུ་བྲལ་གྱི་གཏན་ཚིགས་བཅས་བཞི་པོ་དེ་ཧ་ཅང་རྒྱས་པོ་གསུངས་ཡོད། གོ་བདེ་བའི་དབང་དུ་བྱས་ནས་རྒྱུ་དང་འབྲས་བུ་ལ་དཔྱོད་པ་གཉིས་སྔོན་ལ་བཤད། དེ་ནས་མཇུག་སྡོམ་དུ་རྟེན་འབྲེལ་གྱི་གཏན་ཚིགས་དེ་གསུངས།

རྒྱུ་ལ་དཔྱོད་པ་དེ་ལ་ནང་གསེས་ཕྱེ་ན་ས་བཅད་བཞི་བཞག་པ་ནི། རྒྱུ་རྟག་པ་ལས་སྐྱེ་བ་དང་བཀག་པ། རྒྱུ་དབང་ཕྱུག་གིས་བྱས་པ་བཀག་པ། སྤྱི་གཙོ་བོ་ལས་བྱུང་བ་བཀག་པ། དངོས་པོ་རང་རང་གི་བདག་ཉིད་ལས་སྐྱེ་བ་བཀག་པ་བཅས་བཞི་ལས། རྒྱུ་རྟག་པ་ལས་སྐྱེ་བ་དེ་ཁ་སྔོན་བཤད་ཟིན་པའི་ཁུལ་ཡིན།

༡) དབང་ཕྱུག་གིས་བྱས་པ་བཀག་པ།

རྒྱུ་དབང་ཕྱུག་ལས་སྐྱེ་བ་མིན་པར་བཤད་པ་ནི། མུ་སྟེགས་དབང་ཕྱུག་པ་ཟེར་བས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ལྷ་དབང་ཕྱུག་གིས་བཀོད་སྒྲིག་བྱས་པ་རེད་ཟེར། ལྷ་དབང་ཕྱུག་ཉིད་གང་འདྲ་ཡིན་མིན་ལ་ཤོད་སྟངས་མི་འདྲ་བ་མང་དུ་ཡོད། འབྱུང་བ་ཆེན་པོ་བཞི་དེ་ལྷ་དབང་ཕྱུག་རེད་ཟེར་མཁན་གཅིག་དང་། ཡང་ལྷ་དབང་ཕྱུག་ཅེས་ཟུར་དུ་ལྷ་རང་གི་ངོ་བོ་བྱས་ནས་ས་ཆ་གཅིག་ལ་ཆེད་དུ་བསྡད་ནས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཁོས་བསམ་བློ་བཏང་སྟེ་བཀོད་སྒྲིག་བྱས་པ་རེད་ཟེར།

དབང་ཕྱུག་ཁོ་རང་གི་ངོ་བོ་དེ་གཙང་མ་ཡིན་པ་དུས་རྟག་ཏུ་གནས་པ་ཡིན་པ། ཆ་མེད་ཡིན་པ་ལ་སོགས་པའི་ཁྱད་ཆོས་མང་པོ་ཞིག་ཤོད་ཀྱི་ཡོད། དཔེ་ཆའི་ནང་ལྷ་དབང་ཕྱུག་གི་བློའི་གཡོ་བ་སྔོན་དུ་བཏང་ནས་བྱས་པ་རེད་ཅེས་བཤད་ཡོད། སྣོད་བཅུད་ཀུན་དབང་ཕྱུག་གི་བསམ་བློ་ལ་རག་ལས་པར་ཤོད་ཀྱི་ཡོད། ལྷ་དབང་ཕྱུག་གིས་ཁོ་རང་གི་འདོད་པ་ནང་བཞིན་ཕོ་མོ་དང་བདེ་སྡུག་སོགས་དང་སྣོད་བཅུད་ཀྱི་འཇིག་རྟེན་ནང་གི་འཕེལ་འགྲིབ་དེ་ཁོ་རང་གིས་བསམ་བློ་བཏང་སྟེ་བྱས་པ་རེད་ཟེར་གྱི་ཡོད། ལྷ་དབང་ཕྱུག་དེ་ཕྱོགས་གཅིག་ནས་བཤད་ནས་ཆ་མེད་གཅིག་པུ་ཡིན་པ་དང་། སྐྱེ་བ་དང་འཇིག་པ་མེད་པའི་རྟག་པ་ཡིན་པ། བསམ་བློ་གང་བཏང་ཡང་སྣོད་བཅུད་ཀྱི་འཇིག་རྟེན་ཀུན་ལ་བཀོད་འདོམས་བྱེད་ཐུབ་པ། ལྷ་ཡིན་པ། མཆོད་པའི་ཡུལ་ཡིན་པ། གཙང་མ་ཡིན་པ་སོགས་སུ་ཁས་ལེན།

འབྱུང་བ་ཆེན་པོ་བཞི་དང་སྣོད་བཅུད་རྣམས་སྐྱེ་བ་དང་། མི་རྟག་པ་ཡིན་པ། དེ་ལ་བསམ་བློ་མེད་པ། ལྷ་མིན་པ། རྐང་པ་སོགས་པས་གོམ་པས་བགྲོད་པ་ཡིན་པ། མི་གཙང་བ་ཡིན་པ་སོགས་སུ་བཤད། ལྷ་དབང་ཕྱུག་ཆེན་པོ་ཁོ་རང་གཙང་མ་ཡིན་པ་དང་། གཅིག་པུ་ཡིན་པ། སྐྱེ་བ་དང་འཇིག་པ་མེད་པའི་རྟག་པ་ཡིན་པ་དེ་འདྲ་བ་ཞིག་གིས་སྐྱེ་བ་དང་འཇིག་པ་ཡོད་པའི་མི་རྟག་པ་དེ་དག་བྱས། ཁོ་རང་གཙང་མ་ཡིན་པ་གཅིག་གིས་སྣོད་བཅུད་གཙང་མ་མིན་པ་དེ་བཟོས། ཁོ་རང་མཆོད་པ་འབུལ་སའི་ཞིང་ཡིན་པ་དེས་སྣོད་བཅུད་རྣམས་ང་རང་ཚོའི་ལོངས་སྤྱད་བྱའི་ཡུལ་ཡིན་པ་ལས་མཆོད་པའི་ཡུལ་མིན་པར་བཟོས་པ་དེ་འགྲིག་གི་མི་འདུག དེ་བཟོ་མཁན་དེ་དབང་ཕྱུག་མིན་ཏེ། དབང་ཕྱུག་རྟག་པ་ཡིན་ན་དབང་ཕྱུག་སྔར་ཐོག་མ་མེད་པ་ནས་ཡོད་པ་ཞིག་ཡིན་དགོས། རྟག་པ་ཡིན་པས་ག་དུས་བྱུང་མིན་གྱི་ཐོག་མ་མེད། ནམ་ཞིག་བྱུང་མིན་གྱི་ཐོག་མ་མེད་ན་ང་རང་ཚོའི་སྣོད་བཅུད་ཀྱི་འཇིག་རྟེན་འདི་ཀུན་དབང་ཕྱུག་བཞིན་དབང་ཕྱུག་ཡོད་དུས་ནས་མཉམ་དུ་ཡོད་དགོས་པ་དང་། དེ་ལྟའི་སྣོད་བཅུད་ཀྱི་འཇིག་རྟེན་རྣམས་ནམ་ཞིག་བྱུང་མིན་ངོས་འཛིན་རྒྱུ་དང་ཐོག་མ་མེད་པ་ཆགས་འགྲོ་གི་རེད་ཅེས་གསུང་གི་ཡོད།

ཐོག་མ་མེད་པའི་དངོས་པོ་ཞིག་ཡིན་ན་སྣོད་བཅུད་ཀྱི་འཇིག་རྟེན་འདི་ཀུན་ལྷ་དབང་ཕྱུག་ནང་བཞིན་རྟག་པ་ཡིན་དགོས་པ་དང་། རྟག་པ་ཡིན་པ་ཞིག་གིས་མི་རྟག་པ་བཟོ་མི་ཐུབ་ལ། སྐྱེ་བ་དང་འཇིག་པ་མེད་པའི་རྟག་པ་ཐོག་མ་མེད་པ་ནས་ཡོད་པ་ཞིག་གིས་ཐོག་མ་ངོས་འཛིན་རྒྱུ་ཡོད་པའི་སྣོད་བཅུད་ཀྱི་འཇིག་རྟེན་བཟོ་མི་ཐུབ། མ་ཟད་དབང་ཕྱུག་ཁོ་རང་བསམ་གྱིས་མི་ཁྱབ་པ་ཡིན་ན་དབང་ཕྱུག་གཙང་མ་ཡིན་པ་ལ་སོགས་པའི་ཁྱད་ཆོས་དང་ལྡན་པར་བཤད་པ་ལ་རྒྱུ་མཚན་མེད་པ་དང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཁྱེད་རང་གིས་ཁྱད་ཆོས་མང་པོ་ཞིག་བསམ་རྒྱུ་མེད། རྟག་པ་ཡིན་པ་དང་། མི་རྟག་པ་ཡིན་པ་ཞིག་ལ་རེ་རེ་ནས་རྒྱུ་དང་འབྲས་བུའི་རྣམ་གཞག་འཇོག་མི་ཐུབ་ཅིང་། དབང་ཕྱུག་རྟག་པ་ཡིན་པ་གཅིག་གིས་འབྲས་བུ་མི་རྟག་པ་ཡིན་པ་ཞིག་སྐྱེ་ཐབས་མེད།

རྟག་པ་ལ་རང་རྒྱུ་མེད་སྟབས་འབྲས་བུ་གཞན་སྐྱེ་ཐབས་མེད་པ་དང་། དབང་ཕྱུག་ཉིད་ལ་རྒྱུ་འབྲས་ཀྱི་ངོ་བོ་གང་ཡང་མེད། རང་ལ་རྒྱུ་འབྲས་ཀྱི་ངོ་བོ་མེད་པ་ཞིག་གིས་རྒྱུ་འབྲས་ཀྱི་དབྱེ་བ་ཡོད་པའི་དངོས་པོ་གཞན་དག་བཟོ་མི་ཐུབ་ཅེས་གསུངས་ཡོད། དེར་བརྟེན། དབང་ཕྱུག་གིས་བྱས་པའི་འཇིག་རྟེན་ཞེས་པ་ཞིག་ཡོང་ཐབས་མེད། གལ་ཏེ་སྣོད་བཅུད་དེ་དབང་ཕྱུག་གིས་བྱས་པ་ཡིན་ན་དེས་བྱས་པའི་སྣོད་བཅུད་ཀྱི་འཇིག་རྟེན་དག་ལ་ཐོག་མ་མེད། ཐོག་མ་ནས་ཡོད་པའི་རྟག་པ་ཞིག་ཡིན་དགོས། མ་ཟད་རྟག་པ་ཟེར་བར་སྐབས་རེ་ཡོད་པ་དང་སྐབས་རེ་མེད་པ་ཆགས་རྒྱུ་མེད་པར་དུས་རྟག་ཏུ་ཡོད་དགོས། དབང་ཕྱུག་དུས་རྟག་ཏུ་ཡོད་ན་དེས་བཟོས་པའི་སྣོད་བཅུད་ཀྱི་འཇིག་རྟེན་དེ་ཡང་དུས་རྟག་ཏུ་ཡོད་དགོས་ཤིང་། དེ་ཡིན་ན་སྣོད་བཅུད་ཀྱི་འཇིག་རྟེན་རྣམས་སྐབས་རེ་མར་ཉམས་འགྲོ་བ་དང་། སྐབས་རེ་མེད་པར་ཆགས་པ་དེ་ཡོང་མི་སྲིད་པ་རེད། རྟག་པ་ལ་དེ་དག་ཡོང་ཐབས་མེད།

གལ་སྲིད་དབང་ཕྱུག་དེ་སྐབས་རེ་ཡོད་པ་དང་སྐབས་རེ་མེད་པ་དེ་ལྟར་ཡིན་ན། དབང་ཕྱུག་རྟག་པ་ཡིན་པར་མི་འཐད་ཅིང་མི་རྟག་པ་ཡིན་དགོས། དབང་ཕྱུག་དེ་རྟག་པ་ཡིན་ནའང་འབྲས་བུ་མ་སྨིན་པ་དེ་ལྷན་ཅིག་བྱེད་རྐྱེན་མ་འཛོམས་པ་དེས་བྱས་པ་རེད། ལྷན་ཅིག་བྱེད་རྐྱེན་འཛོམས་ན་འབྲས་བུ་སྨིན་པ་ཡོང་ཟེར་ན། དབང་ཕྱུག་གིས་བཟོས་པ་ཡིན་ན་ལྷན་ཅིག་བྱེད་རྐྱེན་གཞན་དག་མི་དགོས་པ་དང་། དབང་ཕྱུག་ཉིད་ཀྱིས་ཆོག་པ་ལས་ད་དུང་ལྷན་ཅིག་བྱེད་རྐྱེན་གཞན་དག་འཛོམས་དགོས་པའི་རྒྱུ་མཚན་གང་ཡང་མེད། གལ་ཏེ་ལྷན་ཅིག་བྱེད་རྐྱེན་གཞན་དག་འཛོམས་དགོས་ན་དབང་ཕྱུག་སྣོད་བཅུད་ཀྱི་བྱེད་པ་པོ་ཡིན་པ་དེ་མི་འཐད། དབང་ཕྱུག་རང་དབང་ཅན་མིན་པར་གཞན་དབང་ཅན་ཡིན་པ་དེ་མཚོན་པ་རེད། དབང་ཕྱུག་བྱེད་པ་པོ་ཡིན་པ་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པ་དེ་ཡང་ཁོ་རང་གིས་བཟོ་ཆོག་པ་མ་ཡིན་ནམ། བདེ་བ་དང་སྡུག་བསྔལ་རྣམས་དབང་ཕྱུག་གིས་བྱས་པ་ཡིན་ན་ལྷ་དབང་ཕྱུག་གིས་སྡུག་བསྔལ་བཟོས་ནས་ཅི་བྱེད་དམ། ཚང་མར་བདེ་བ་ཡོད་པ་ཞིག་བཟོས་ན་མི་འགྲིག་གམ།

མི་ལ་དགོས་པ་དེ་བདེ་བ་ཡིན་ནའང་ལྷ་དབང་ཕྱུག་གིས་སྡུག་བསྔལ་དེ་བཟོས་པ་དང་། ཁག་ཅིག་བདེ་བ་དང་ཁག་ཅིག་སྡུག་བསྔལ་ཡིན་པ་དེ་དབང་ཕྱུག་གིས་བཀོད་སྒྲིག་བྱས་པ་ཡིན་ན། དེས་དབང་ཕྱུག་སྐྱེས་བུ་དམ་པ་མིན་པར་བསྒྲུབས་པ་རེད། ལྷ་དབང་ཕྱུག་ཆེན་པོ་སྐྱེས་བུ་དམ་པ་ཡིན་ཞེས་བརྗོད་ན་འགྲིག་གི་མེད། གལ་ཏེ་བདེ་བ་དང་སྡུག་བསྔལ་དེ་དབང་ཕྱུག་གིས་བྱས་པར་རང་དབང་ཡོད་ན། ཚང་མར་བདེ་བ་ཡོད་པར་བཟོས་ན་འགྲིག་ཅིང་སྡུག་བསྔལ་བཀོད་སྒྲིག་བྱེད་དགོས་དོན་མེད།

བདེ་བ་དང་སྡུག་བསྔལ་དེ་ལྷ་དབང་ཕྱུག་ཆེན་པོས་བཀོད་སྒྲིག་བྱས་མེད་པའི་རྟགས་དེ་གང་ཡིན་ཞེ་ན། ཁག་ཅིག་ལ་བདེ་བ་དང་ཁག་ཅིག་ལ་སྡུག་བསྔལ་ཡོད། དེ་ནི་སུས་ཀྱང་བཟོ་མི་ཐུབ་པ་ཞིག་རེད། དེར་བྱེད་པ་པོ་གང་ཟག་གཞན་ཞིག་མི་དགོས། དེ་མི་ཐུབ་པར་བརྟེན་ལྷ་དབང་ཕྱུག་བདེ་སྡུག་གི་བྱེད་པ་པོ་ཡིན་ཟེར་བ་མི་འགྲིག་ཅེས་གསུངས། བུ་དང་བུ་མོ་ལ་སོགས་པ་ལྷ་དབང་ཕྱུག་གིས་བྱས་པ་ཡིན་ན། བུ་དགོས་སར་བུ་དང་བུ་མོ་དགོས་སར་བུ་མོ་བཟོ་ཐུབ་པ་དགོས་ཀྱང་དེ་ལྟར་འདོད་པ་བཞིན་ཡོང་གི་མེད་པས། དེ་དག་དབང་ཕྱུག་གིས་བཀོད་སྒྲིག་བྱས་མེད་པའི་རྟགས་རེད། དེ་མུ་སྟེགས་དབང་ཕྱུག་པ་བཀག་པ་དེ་རེད།

ཡང་ཁག་ཅིག་གིས་འབྱུང་བ་བཞིའི་རྡུལ་ཕྲན་དེ་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་རྩོམ་གཞི་དང་རྟག་པ་རེད་ཟེར། རྡུལ་ཕྲན་ལས་གྲུབ་པའི་ང་ཚོའི་མིག་གི་དབང་པོས་མཐོང་ཆོས་སུ་གྱུར་པའི་དངོས་པོ་དེ་རགས་པ་དང་མི་རྟག་པ་ཡིན། རགས་པ་ཡིན་པའི་མི་རྟག་པ་དེའི་རྩོམ་གཞི་རྡུལ་ཕྲན་དེ་རྟག་པ་ཡིན། འབྱུང་བ་བཞི་པོ་དེ་རྡུལ་ཕྲན་ལས་བྱུང་ཞིང་། ནམ་མཁའ་ནི་ས་ཆ་འདི་ལ་ཡོད་པ་དང་། དེ་ལ་མེད་པ་དེ་ལྟར་མིན་པར་ཐམས་ཅད་ལ་ཁྱབ་པའི་དངོས་པོ་ཞིག་ཡིན་པ་དང་། འབྱུང་བ་བཞི་པོ་ནི་དངོས་པོ་ཐམས་ཅད་ལ་མ་ཁྱབ་པའི་དངོས་པོ་ཞིག་ཏུ་འདོད། རྡུལ་ཕྲན་ལ་ཤར་ལྷོ་ནུབ་བྱང་གི་ཆ་ཤས་མེད་པར་སྣོད་བཅུད་ཐམས་ཅད་སྤྱི་དོན་གཞན་གྱིས་བྱས་པར་བསྙད། སྤྱི་དོན་གཞན་ཞེས་པ་ནི། དངོས་པོ་ཉིད་དང་ཡོད་པ་ཉིད་ཤེས་བྱ་ཉིད་ཅེས་མཐོང་རྒྱུ་མེད་པ་དེ་ལྟ་བུ་ཞིག་ལ་གོ་ཟེར། དེ་ཡང་མི་འགྲིག་ཅེས་བཀག

༢) སྤྱི་གཙོ་བོ་ལས་བྱུང་བ་བཀག་པ།

དེ་ནས་གྲངས་ཅན་པས་སྤྱི་གཙོ་བོ་ཞེས་པ་རྟག་པ་ཡིན་པ་ཞིག་ཡོད་པ་དང་། རྣམ་འགྱུར་སྣ་ཚོགས་པའི་རྒྱུ་ཡིན་པ། རྣམ་འགྱུར་ཞེས་པ་ནི། བདེ་བ་དང་སྡུག་བསྔལ། ཆེ་བ་དང་ཆུང་བ་ལ་སོགས་པ་འཇིག་རྟེན་གྱི་ཁམས་ན་ཡོད་པའི་ཤེས་བྱ་རིགས་འདྲ་མིན་དུ་མ་ཞིག་ཡོད་པ་དེ་དག་ལ་རྣམ་འགྱུར་ཟེར། དེ་དག་ཚང་མ་སྤྱི་གཙོ་བོའི་རྣམ་འགྱུར་ཡིན་པར་མ་ཟད། འབྲས་བུ་གང་ཡིན་པ་དེ་མངོན་པར་མི་གསལ་བ་ལས་རྒྱུ་དུས་ནས་ཡོད་པ་སྟེ། དཔེར་ན། སོན་ལ་བརྟེན་ནས་ལོ་ཏོག་སྐྱེས་པར་ཆ་བཞག་ན། ལོ་ཏོག་དེ་སོན་གྱི་དུས་སུ་མངོན་པར་མི་གསལ་བའི་ཚུལ་དུ་ཡོད་པ་དང་། མངོན་པར་གསལ་བའི་དུས་སུ་ལོ་ཏོག་དང་། མི་གསལ་བའི་སྐབས་སུ་མྱུ་གུའི་ངོ་བོར་གནས་ཡོད་ཅེས་ཟེར། རྒྱུ་དང་འབྲས་བུའི་ཁྱད་པར་དེ་མངོན་པར་གསལ་མི་གསལ་ཙམ་ལས་དོན་ལ་རྒྱུའི་དུས་སུ་འབྲས་བུ་མངོན་པར་མི་གསལ་བའི་ཚུལ་དུ་ཡོད་པར་སྨྲ།

གལ་སྲིད་དེ་ལྟར་མེད་ན་འབྲས་བུ་དེ་རྒྱུ་དེ་ནས་ཡོང་མི་ཐུབ་པ་དང་། སྤྱི་གཙོ་བོ་ཟེར་བ་དེ་རྣམ་འགྱུར་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པ་དང་། རྟག་པ་ཡིན་པ། ཆ་ཤས་མེད་པའི་གཅིག་པུ་ཡིན་པ། སེམས་མེད་པ། སྣོད་བཅུད་ཐམས་ཅད་ལ་ཁྱབ་པ། ཡོན་ཏན་གསུམ་ཆ་མཉམ་པ་ལ་སོགས་པ་ཁྱད་ཆོས་དྲུག་དང་ལྡན་པའི་ཤེས་བྱ་ཞིག་རེད་ཟེར། རང་བཞིན་ཞེས་པ་རྒྱུ་དང་རྣམ་འགྱུར་ནི་འབྲས་བུ་དང་། རང་བཞིན་རྟག་པ་ཡིན་པ་དང་རྣམ་འགྱུར་མི་རྟག་པ་ཡིན་པ། སྤྱི་གཙོ་བོ་དེ་རྟག་པ་ཡིན་པ་ལ་དེའི་རྣམ་འགྱུར་མི་རྟག་པ་དང་རིགས་མི་འདྲ་བ་སྣ་ཚོགས་ཡོད་པར་སྨྲ།

དེ་འགོག་པ་ལ་སྤྱི་གཙོ་བོ་ཟེར་བ་ནི། ཤར་ལྷོ་ནུབ་བྱང་ལ་སོགས་པའི་ཆ་ཤས་མེད་པའི་གཅིག་པུ་བ་ཞིག་ཡིན་པ་ལ་དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་རང་བཞིན་ཡོད་པ་ཞིག་ཡིན་ཞེས་ཆ་ཤས་མེད་པ་ལ་རང་བཞིན་གསུམ་ཡོད་པར་སྨྲ། ཆ་ཤས་མེད་པ་ལ་རང་བཞིན་གསུམ་ཡོད་པ་དེ་འགལ་ཏེ། རང་བཞིན་གསུམ་ཡོད་ན་ཆ་ཤས་གཅིག་ལས་མེད་པ་དེ་མི་འགྲིག གལ་ཏེ་དེ་ལྟར་ཡིན་ན་འཇིག་རྟེན་ཐོག་གི་ཤེས་བྱ་ཡོད་ཚད་ལ་སྤྱི་གཙོ་བོ་ལ་ཡོད་པ་ནང་བཞིན་རང་བཞིན་གསུམ་གསུམ་ཡོད་དགོས་པར་མ་ཟད། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་རང་བཞིན་གསུམ་པོ་དེ་ཤེས་བྱ་གཅིག་གི་ཐོག་མཉམ་དུ་གནས་མི་ཐུབ་སྟེ། འདོད་ཆགས་གནས་ས་དེར་ཞེ་སྡང་མི་གནས་པ་དང་། ཞེ་སྡང་གནས་ས་དེར་འདོད་ཆགས་མི་གནས། འདོད་ཆགས་དང་ཞེ་སྡང་གང་ཡང་མིན་པའི་བར་མ་གནས་ས་དེ་ལ་འདོད་ཆགས་ཞེ་སྡང་གནས་མི་ཐུབ། དེར་བརྟེན། ཤེས་བྱ་གཅིག་ལ་དུས་མཉམ་དུ་རང་བཞིན་མི་འདྲ་བ་གསུམ་ཆ་མཉམ་དུ་གནས་པའི་སྤྱི་གཙོ་བོ་ཞིག་ཡོད་པ་མི་འཐད་ཅེས་བཀག

གལ་ཏེ་སེམས་མེད་པའི་དངོས་པོ་གོས་དང་འབྱུང་བ་བཞི་ལ་སོགས་པ་ལའང་རང་བཞིན་བདེ་བ་སྡུག་བསྔལ་བར་མ་གསུམ་གྱི་རང་བཞིན་མཉམ་དུ་གནས་ཐུབ་པ་ཞིག་མིན། གང་ཡིན་ཞེ་ན། དེ་དག་སེམས་མེད་ཡིན། ཁྱེད་རང་གིས་བཤད་པ་ལྟར་འབྲས་བུ་དེ་རྒྱུའི་དུས་སུ་མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་ན་ཕའི་དུས་སུ་ཕྲུ་གུ་དང་། བལ་གྱི་དུས་སུ་གོས་ཡོད་དགོས་པས་དེ་ལྟར་ན་བལ་ཉིད་གྱོན་ན་ཆོག་པས་གོས་བཟོ་རྒྱུར་འབད་བརྩོན་བྱེད་དགོས་དོན་མེད། དེ་བཞིན་ཕའི་དུས་སུ་ཕྲུ་གུ་མངོན་གསལ་མེད་པའི་ཚུལ་གྱིས་ཡོད་ན། བུ་མ་སྐྱེས་གོང་ནས་བུ་ཡོད་དགོས་པ་དང་། བུ་སྐྱེས་པའི་རྗེས་ནས་བུ་དང་བུ་མོའི་དབྱེ་བ་དེ་བྱུང་བ་ལས་བུ་དང་བུ་མོའི་དབྱེ་བ་དེ་མེད་པར་མ་ཟད། ཕ་དང་བུ་ཞེས་པ་དེ་ཕ་ལ་བརྟེན་ནས་བུ་དང་། བུ་ལ་བརྟེན་ནས་ཕ་ཡོད་ཅིང་། ཕ་མེད་ན་བུ་མེད་ལ་བུ་མེད་ན་ཕ་མེད་དགོས། ཕོ་མོ་གཉིས་ལ་ཕྲུ་གུ་བྱུང་བ་ནས་ཕ་མར་འགྱུར་ཞིང་ཕྲུ་གུ་མེད་ན་ཕོ་མོ་གཉིས་ཡོད་ཀྱང་ཕ་མ་མིན། དེར་བརྟེན། ཕའི་དུས་སུ་ཕྲུ་གུ་ཡོད་པ་དང་། བལ་གྱི་དུས་སུ་གོས་ཡོད་པ་དེ་མི་འཐད། དེ་བཞིན་རྒྱུ་དང་འབྲས་བུ་གཉིས་རང་བཞིན་གཅིག་ཡིན་ན་རྒྱུ་དང་འབྲས་བུ་གཉིས་ལ་ནུས་པ་མི་འདྲ་བ་ཡོད་པ་དེ་ཁས་ལེན་མི་ཐུབ་ཀྱང་། རྒྱུ་དང་འབྲས་བུ་གཉིས་ལ་ནུས་པ་མི་འདྲ་བ་ཡོད།

དཔེར་ན། སོན་གཅིག་ལས་བྱུང་བའི་སྟོན་ཐོག་ལ་ཆ་བཞག་ན། སོན་གཅིག་ལས་བྱུང་བའི་མྱུ་གུར་ལེགས་ཉེས་སྣ་ཚོགས་ཡོད། མྱུ་གུ་ཡག་པོ་སོན་བྱེད་ཐུབ་པ་ཞིག་དང་མི་ཐུབ་པ་གཉིས་ཡོད། དེ་ལ་ཁྱད་པར་ཆེན་པོ་ཡོད་པས་བདེ་བ་དང་སྡུག་བསྔལ་ཆ་མཉམ་དུ་དངོས་པོ་གཅིག་གི་ཐོག་གནས་པའི་སྤྱི་གཙོ་བོ་ཟེར་བ་ཞིག་མེད། ང་རང་ཚོའི་བསམ་བློ་ལྟར་ན་མྱུ་གུ་དེ་སོན་གྱི་དུས་སུ་ཡོད་དམ་མེད་ཅེ་ན་མེད་པ་དང་། མྱུ་གུ་སྐྱེ་རྒྱུའི་ནུས་པ་དེ་སོན་གྱི་དུས་སུ་ཡོད་པ་དང་། ནུས་པ་དེ་འཐོན་པ་ལ་སོན་ཡོད་པ་ཙམ་གྱིས་མི་འགྲིག་པར་རྐྱེན་མང་པོ་ཞིག་འཛོམས་དགོས།

རྐྱེན་དེ་འཛོམས་ན་ནུས་པ་འཐོན་ཞིང་དེ་མ་འཛོམས་ན་ནུས་པ་མི་འཐོན། སོན་ཡག་པོ་ཡིན་པའི་འབྲུ་ཁལ་གཅིག་ཞིང་ཁར་བཏབ་སྟེ་ཆུ་གཏོང་བ་དང་། ལུད་བརྒྱབ་པ་སོགས་མ་བྱས་པར་རུབ་རུབ་བྱས་ཏེ་རས་ཀྱི་ནང་ལ་བླུགས་ནས་འདུ་ཁང་ནང་ལོ་ག་ཚོད་བཞག་ཀྱང་གང་འཚམ་ནས་རུལ་རྒྱུ་ལས་མེད། སོན་ཡག་པོ་ཞིག་ཞིང་ཁར་བཏབ་ནས་མྱུ་གུ་མ་སྐྱེས་གོང་ནས་ཕོ་རོག་གིས་འདོན་པར་ངེས་པའི་སོན་དེ་ལ་མྱུ་གུ་སྐྱེ་རྒྱུའི་ནུས་པ་ཡོད་ཀྱང་། རྐྱེན་དེ་མ་འཛོམས་གོང་ཕོ་རོག་གིས་བཏོན་ཟིན་པ་རེད། བཏོན་ཟིན་པའི་རྗེས་ལ་སོན་དེ་ནུས་པ་མེད་པར་ཆགས་པ་རེད། ཕོ་རོག་གིས་མ་བཏོན་ན་ཏན་ཏན་མྱུ་གུ་འཐོན་ཡོང་གི་རེད།

ཡིན་ནའང་རྐོ་མ་རྒྱག་པ་དང་། རྩ་ངན་འགོག་པ། ཆུ་གཏོང་བ། ལུད་རྒྱག་པ་སོགས་མ་བྱས་ན་སོན་ཡག་པོ་ཇི་ཙམ་ཡོད་ཀྱང་ཆུ་ལུད་དྲོད་གཤེར་གསུམ་དང་། རྩ་ངན་འགོག་པ། བདག་པོ་རྒྱག་མཁན། སོན་བཤོ་མཁན། འདེབས་སའི་ཞིང་ཁ་སོགས་མང་པོ་ཞིག་འཛོམས་ན་མ་གཏོགས་ཡོང་གི་མེད། དེར་བརྟེན། ས་བོན་དེས་འབྲས་བུ་སྨིན་པ་དེ་རྐྱེན་ལ་ལྟོས་པ་དང་རྐྱེན་མ་ཚང་ན་འབྲས་བུ་མི་ཡོང་། རྒྱུའི་དུས་སུ་འབྲས་བུ་སྨིན་རྒྱུའི་ནུས་པ་ཡོད་ཀྱང་། འབྲས་བུ་དེ་ཡོད་དམ་མེད་ཅེ་ན་འབྲས་བུ་དེ་སྐབས་དེར་མེད། གལ་ཏེ་རྒྱུའི་དུས་སུ་འབྲས་བུ་དེ་ཡོད་ན་ལུད་རྒྱག་མི་དགོས་ལ། སོན་ཡང་འདེབས་མི་དགོས། ཆུ་གཏོང་མི་དགོས། ཉི་མ་ཡང་མི་དགོས། བལྟ་སྐྱོང་སོགས་གང་ཡང་བྱེད་མི་དགོས། རྐྱེན་གཞན་རྣམས་འཛོམས་མི་དགོས་པ་ཆགས་པ་རེད།

༣) རྒྱུ་མེད་ལས་སྐྱེ་བ་བཀག་པ།

ཡང་ཁག་ཅིག་གིས་རྒྱུ་མེད་པ་ལས་འབྲས་བུ་སྐྱེ་ཞེས་བརྗོད་ཀྱི་ཡོད། དཔེར་ན། རྒྱང་འཕེན་པ་ལྟ་བུས་འབྲས་བུ་སྨིན་པ་ལ་རྒྱུ་གང་ཡང་མི་དགོས་ཤིང་། དངོས་པོ་གང་དང་གང་ཡིན་ནའང་ཁ་ཤས་ལེབ་ལེབ་དང་། རིལ་རིལ། འཇོང་འཇོང་། རྣོ་པོ་ཡིན་པ་ལ་སོགས་པའི་རིགས་མི་འདྲ་བ་མང་པོ་ཞིག་ཡོད་པ་དེ་དག་ནི་རང་བཞིན་གྱིས་དེ་འདྲ་ཞིག་ཏུ་ཆགས་ཡོང་བ་ལས་དེ་དག་ལ་རྒྱུ་དང་རྐྱེན་གང་ཡང་མེད་ཅེས་སྨྲ་བཞིན་ཡོད། རྨ་བྱའི་སྒྲོ་གདོངས་ལྟ་བུ་མིས་ཚོན་བཏང་བ་ལྟར་སྙིང་རྗེ་པོ་དཀར་པོ་དགོས་སར་དཀར་པོ། ལྗང་ཁུ་དགོས་སར་ལྗང་ཁུ། སྔོན་པོ་དགོས་སར་སྔོན་པོ། དམར་པོ་དགོས་སར་དམར་པོ་སོགས་མིས་བཀོད་སྒྲིག་བྱས་པ་ནང་བཞིན་ཡོད་ཀྱང་དེ་ལ་རྒྱུ་དང་རྐྱེན་གང་ཡང་མེད་ཟེར།

བདེ་བ་དང་སྡུག་བསྔལ་ལའང་རྒྱུ་དང་རྐྱེན་གང་ཡང་མེད། རྒྱུ་རྐྱེན་ལ་བརྟེན་ནས་འབྲས་བུ་སྨིན་ཟེར་བ་མེད། དེར་བརྟེན་སྐྱེ་བ་སྔ་ཕྱི་དང་། རྣམ་ཤེས། ལུས་པོ། དབང་པོ་ལྔ། ཕུང་པོ་ལ་སོགས་པ་དེ་དག་ལ་བཀོད་སྒྲིག་དང་རྒྱུ་རྐྱེན་གྱིས་བྱས་པ་སོགས་གང་ཡང་མིན། རང་བཞིན་གྱིས་དེ་འདྲ་ཞིག་ཆགས་པ་ཞིག་རེད་ཟེར། ང་རང་ཚོ་མར་ལེའི་རིང་ལུགས་ལྟར་ན་རྒྱུ་ཡོད་པ་ལས་བྱུང་བ་མ་གཏོགས་རྒྱུ་མེད་པ་ལས་འབྲས་བུ་འབྱུང་ཟེར་བ་གཏན་ནས་མི་ཟེར། ཆོས་ཀྱི་ནང་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་དེ་སྔོན་གྱི་ལས་ལ་བརྩི། མར་ལེའི་རིང་ལུགས་ཀྱི་ཐོག་ནས་བཤད་ན་བདེ་བ་དང་སྡུག་བསྔལ་ཟེར་བ་དེ་བཤུ་གཞོག་གྲལ་རིམ་གྱིས་བཟོས་པ་དང་། བདེ་བ་ཡོང་སའི་བསོད་ནམས་ཟེར་བ་དང་། སྡུག་བསྔལ་ཡོང་སའི་མི་དགེ་བ་ཟེར་བ་མེད་པར་འདོད། དེ་བཞིན་དགེ་སྡིག་ཀྱང་མེད་པ་སོགས་བཤད་སྟངས་འདྲ་མིན་མང་དུ་ཡོད།

༤) བདག་ལས་སྐྱེ་བ་བཀག་པ།

དེ་ནས་བདག་ལས་སྐྱེ་བ་ཞེས་པ་ནི་བདག་དེ་རང་བཞིན་གྱིས་སྐྱེ་བ་ལ་ཟེར། གཞན་སྐྱེ་ཞེས་པ་རང་བཞིན་གྱིས་གྲུབ་པའི་རྒྱུ་ཞིག་ལས་རང་བཞིན་གྱིས་གྲུབ་པའི་དངོས་པོ་སྐྱེ་བ་དེ་ལ་གཞན་སྐྱེ་ཞེས་བརྗོད། གང་ལྟར་གཏན་ཚིགས་རིག་པ་ཟེར་བ་དེ། ཕྱི་རོལ་ཡུལ་གྱི་དངོས་པོའི་ཚུར་སྣང་ཞིག་རེད། གཏན་ཚིགས་རིག་པ་ཡོང་བའི་རྒྱུ་རྐྱེན་ཞིག་ངེས་པར་དུ་དགོས། ཕྱི་རོལ་ཡུལ་ལ་རྒྱུ་རྐྱེན་མང་པོ་ཞིག་ཡོད་པ་དེ་ལ་མིས་བརྟག་དཔྱད་བྱས་ནས་བསམ་བློ་བཏང་སྟེ་གཏན་ཚིགས་རིག་པ་ལ་སོགས་པ་དེ་དག་བྱུང་བ་རེད། མདོར་ན་བདག་སྐྱེ་དང་། རྒྱུ་མེད་པ་ལས་སྐྱེ་བ། རྒྱུ་རྟག་པ་ལས་སྐྱེ་བ། དབང་ཕྱུག་གིས་བྱས་པ། སྤྱི་གཙོ་བོས་བྱས་པ་སོགས་འདི་ཀུན་གཏན་ཚིགས་རིག་པ་རེད། གཏན་ཚིགས་རིག་པ་དེ་དག་ལ་ཡང་བསམ་བློ་གཏོང་ས་རེ་ཡོད་པ་དང་། བསམ་བློ་གཏོང་ས་དེ་ཡང་ཕྱི་རོལ་ཡུལ་གྱི་དངོས་པོའི་ཐོག་ནས་དང་། དངོས་ཡོད་ཀྱི་གནས་ཚུལ་གཞིར་བཞག་པའི་ཐོག་ལ་གཏན་ཚིགས་རིག་པ་བས་བསམ་བློ་བཏང་ནས་བྱུང་བ་ཞིག་རེད།

འབྲས་བུའི་ཐོག་ནས་བཤད་ན། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་ཀྱིས་འབྲས་བུ་ཞེས་པ་ནི་རྒྱུ་དུས་སུ་རང་བཞིན་གྱིས་སྐྱེས་པ་དང་། སྔར་མེད་གློ་བུར་དུ་གསར་དུ་བྱུང་བ། སྔར་ཡོད་གསར་དུ་སྐྱེ་བ་སོགས་གང་ཡང་མིན། ང་རང་ཚོའི་བསམ་བློའི་ནང་འབྲས་བུ་མྱུ་གུ་དེ་སྔར་མེད་གློ་བུར་དུ་གསར་དུ་བྱུང་བ་རེད་དམ་ཞེ་ན། སྔར་མེད་གསར་སྐྱེ་ཞེས་པ་མེད་ལ། སྔར་ཡོད་པ་ཞིག་སྐྱེས་པའང་མིན། འོ་ན་ཇི་ལྟར་སྐྱེ་ཞེ་ན། རྒྱུ་རྐྱེན་འཛོམས་ནས་སྐྱེ་བ་ལས་གློ་བུར་དུ་བྱུང་བ་མིན། གློ་བུར་དུ་བྱུང་བའི་དངོས་པོ་མེད། གློ་བུར་དུ་བྱུང་བའི་དངོས་པོ་ཡོད་ན། དེ་སྐྱེ་བ་ལ་རྒྱུ་མི་དགོས།

དཔེར་ན། མི་ཁོང་ཁྲོ་ཚ་པོ་ཞིག་ཡོད་ན། མི་དེར་ཁོང་ཁྲོ་ཟ་བའི་རྒྱུ་རྐྱེན་ཡོད། ནང་རྐྱེན་ཡོད་ཀྱང་ཕྱི་རྐྱེན་མ་འཛོམས་ན་ཁོང་ཁྲོ་མི་སྐྱེ་ཞིང་། ཁོང་ཁྲོ་སློང་མཁན་ཞིག་བྱུང་ན་ཁོང་ཁྲོ་སྐྱེ་ལ། དེ་མ་བྱུང་ན་ཁོང་ཁྲོ་མི་སྐྱེ། ཁོང་ཁྲོ་ལངས་པ་དེར་རྐྱེན་འཛོམས་དགོས་ཤིང་། རྐྱེན་འཛོམས་ན་ཁོང་ཁྲོ་ལང་རྒྱུ་ཡོད་པ་དེ་ནང་རྐྱེན་ཁོང་ཁྲོ་དེས་བྱས་པ་རེད། ནང་རྐྱེན་གྱི་འབྲས་བུ་འཐོན་པར་ཕྱི་རྐྱེན་འཛོམས་དགོས། ང་རང་ཚོའི་མཚན་ཉིད་རིག་པའི་ཐོག་ནས་དང་། མར་ལེའི་རིང་ལུགས་བཅས་གང་ནས་བཤད་ཀྱང་གཅིག་པ་རེད། ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཀྱི་ནང་ནས་གཙོ་བོ་ནང་རྐྱེན་རེད་ཅེས་བརྗོད་ཀྱི་ཡོད།

རྒྱུ་ཞེས་པ་དེ་ཡང་རང་བཞིན་གྱིས་བྱུང་བ་ཞིག་མིན། དེའི་འབྲས་བུ་འབྱུང་བ་དང་རང་གི་ནུས་པ་འཐོན་པ་དེ་རྐྱེན་ལ་ལྟོས་དགོས་ཀྱི་ཡོད། འབྲས་བུ་ཡང་རང་བཞིན་གྱིས་འབྱུང་བ་ཞིག་མིན། འབྲས་བུ་སྨིན་པར་རྒྱུ་དང་རྐྱེན་གཉིས་འཛོམས་དགོས་ཀྱི་ཡོད། རྒྱུའི་ནུས་པ་འཐོན་པར་རྐྱེན་འཛོམས་དགོས་པ་ལས་རྒྱུ་གཅིག་པུས་ནུས་པ་མི་འཐོན། དེར་བརྟེན། རྒྱུ་འབྲས་ཀུན་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་ནས་འབྱུང་བ་ཤ་སྟག་མ་གཏོགས་རང་བཞིན་གྱིས་འབྱུང་བ་མེད་ཅེས་གསུངས།

དཔེར་ན། མིའི་ལུས་སེམས་དེ་དག་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པའི་ཐོག་ནས་བྱུང་བ་ཞིག་ལས་གློ་བུར་དུ་བྱུང་བ་མིན། དཔེར་ན། རིག་པ་ལེགས་ཉེས་དང་། བུ་དང་བུ་མོ། ཕ་གཅིག་མ་གཅིག་གི་ཕྲུ་གུའི་ནང་དུའང་རིག་པ་ལེགས་ཉེས་ཡོད་པ་ཀུན་ལ་རྒྱུ་རྐྱེན་ཡོད་པ་ལས་རང་བཞིན་གྱིས་བྱུང་བ་ཞིག་མེད། རྒྱུ་རྐྱེན་དེ་ཡང་བཙལ་ན་ནང་རྐྱེན་དང་ཕྱི་རྐྱེན་གཉིས་ཡོད། ཕྲུ་གུ་འགའ་ཞིག་སེམས་བཟང་ལ་ཁ་ཤས་ངན་པ་དང་། ཡང་ཁ་ཤས་རིག་པ་ཡག་པོ་དང་འགའ་ཞིག་སྐྱོ་པོ་ཡིན་པའི་ནང་རྐྱེན་དེ་ཕ་མ་དང་ཕྲུ་གུ་གཉིས་ལས་སུའི་གཟུགས་པོའི་ཐོག་ནས་འཚོལ་དགོས་སམ། ཕ་མའི་གཟུགས་པོའི་ཐོག་ནས་འཚོལ་དགོས་ན། ཕ་མ་རོལ་ཆ་གཏོང་མཁས་པ་དང་ཤེས་ཡོན་ཅན་ཡིན་ན་ཕྲུ་གུ་ཡང་དེ་ལྟར་ཆགས་དགོས་ཀྱང་དེར་ངེས་པ་མེད།

དེར་བརྟེན། ཕ་མའི་ལུས་པོའི་ཐོག་འཚོལ་རྒྱུ་མེད། ཕྲུ་གུའི་ལུས་པོའི་ཐོག་ནས་བཙལ་ན་དེ་ལ་ནང་རྐྱེན་ཞིག་ཡོད་དམ་མེད། ཕྱི་རྐྱེན་ཡོད་པ་ནི་གཏན་འཁེལ་བ་རེད། འོན་ཀྱང་། ནང་རྐྱེན་དེ་ཇི་འདྲ་ཡིན་ནམ། དཔེར་ན། ཕྲུ་གུ་མཚེ་མ་ཡིན་པ་གཉིས་ཉིན་གཅིག་ལ་སྐྱེས་པ་ལས་གཅིག་རིག་པ་ཡག་པོ་ཡོད་པ་དང་། ཅིག་ཤོས་རིག་པ་ཡག་པོ་མེད་པ་སོགས་མདོར་ན་དེ་གཉིས་ལ་ཆ་ཆ་རྐྱང་ཡིན་པ་ཞིག་གཏན་ནས་མེད། རིག་པ་ལེགས་ཉེས་དང་། གཤིས་ཀ་བཟང་ངན་གཅིག་མཚུངས་ཡིན་པ་གཏན་ནས་མེད། དེ་གཉིས་བར་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད། ཁྱད་པར་དེ་དག་ཇི་ལྟར་བྱས་ཏེ་བྱུང་ངམ། དེ་གཉིས་ཀྱི་ཕ་མ་ནི་གཅིག་པ་རེད། ཕྲུ་གུའི་ལུས་པོའི་སྟེང་ནས་འཚོལ་དགོས་ན། དེ་གཉིས་ལ་རིག་པ་ལེགས་ཉེས་ཀྱི་ཁྱད་པར་ཡོད་པའི་ནང་རྐྱེན་དེ་གང་ཡིན་ནམ། ཀླད་པར་ཁྱད་པར་གང་ཞིག་ཡོད་དམ། གང་ལྟར་ཕྲུ་གུའི་ལུས་པོའི་ཐོག་ནས་བཙལ་ན་མ་གཏོགས་འཚོལ་ས་གཞན་མེད།

དེས་ན་ཕྲུ་གུ་རིག་པ་ཡག་པོ་ཡོད་པ་དང་མེད་པ་དེ་གློ་བུར་དུ་བྱུང་བ་མིན། འོ་ན་ནམ་ཞིག་ནས་བྱུང་ངམ། ཁོག་པའི་ནང་དུ་གནས་སྐབས་རིག་པ་ལེགས་ཉེས་ཡོད་པའམ། ཡང་ན་མངལ་དུ་ཟླ་དགུ་ངོ་བཅུ་བསྡད་པ་ལས་ཟླ་བ་གང་གི་སྐབས་ནས་རིག་པ་ལེགས་ཉེས་ཀྱི་ཁྱད་པར་བྱུང་བ་ཡིན་ནམ། དེ་ལ་རྒྱུ་རྐྱེན་ཞིག་ཡོད་པ་དེ་ཧ་ཅང་གསལ་པོ་རེད། རྒྱུ་རྐྱེན་འཚོལ་སྐབས་ཧ་ཅང་ཁྱད་མཚར་པོ་ཡོད། འདིར་ས་བོན་དང་མྱུ་གུའི་ཐོག་ཏུ་དཔེ་མཚོན་བཞག་ནས་བཤད་པ་རེད། དཔེ་དེའི་མཚོན་དོན་ང་རང་ཚོའི་སེམས་དང་ལུས་པོའི་ཐོག་ཏུ་བསམ་བློ་ཞིག་བཏང་ན། བསམ་བློ་གཏོང་རྒྱུ་ཧ་ཅང་མང་པོ་ཡོད། སྔར་སེམས་མེད་བེམ་པོ་ཞིག་གློ་བུར་དུ་སེམས་ཡོད་པ་ཞིག་ཆགས་ཀྱི་མ་རེད། མར་ལེའི་རིང་ལུགས་ཀྱི་འགྲེལ་བཤད་ཀྱི་ཐོག་ནས་ཕལ་ཆེར་དང་པོ་སེམས་མེད་པ་ཞིག་གློ་བུར་དུ་བྱུང་བ་རེད་ཟེར་སྙམ།

སེམས་ཡོད་ན་དེ་ནམ་ཞིག་བྱུང་ངམ་ཞེ་ན། ད་ལྟ་ཚན་རིག་གི་ཤེས་ཚད་མཐོན་པོར་སླེབས་མེད་སྟབས་ལམ་སེང་ཐག་གཅོད་ཐུབ་རྒྱུ་ཁག་པོ་རེད། དེང་སང་སེམས་ཅན་གསར་པ་བཟོ་བཞིན་ཡོད་ལ། ཕ་མ་མེད་པར་བ་ཕྱུགས་དང་གླང་སོགས་ས་བོན་བླུགས་ནས་སེམས་ཅན་ཞིག་ཆགས་པ་དང་། སེམས་ཅན་ཕ་ནས་བཏོན་པའི་ས་བོན་དེ་ཤེལ་དམ་ནང་རུལ་དུ་མ་བཅུག་པར་བདག་ཉར་བྱས་ནས་བ་ཕྱུགས་ཁ་ཤས་ལ་བླུགས་པ་ལས་ཕྲུ་གུ་ཆགས་ཀྱི་ཡོད། གང་འཚམ་ནས་མི་ཡང་དེ་ལྟར་བཟོ་རྒྱུའི་ཉེན་ཁ་ཡོད། དེ་འདྲ་བཟོས་ན་དཔེ་བསགས་པ་རེད། ད་ལྟ་མི་མང་དྲགས་པའི་སྐྱོན་ཡོད། འཕྲུལ་འཁོར་གྱི་མི་ལ་ཀླད་པ་ཡོད་པ་དང་། དེས་སྐད་ཆ་བཤད་རྒྱུ་ཡོད་པ། བསམ་བློ་གཏོང་རྒྱུ་ཡོད་པ། མིས་བཀོད་པ་བཏང་བ་དེར་གོ་བ་ལེན་རྒྱུ་ཡོད་པ། ལས་ཀ་བྱེད་རྒྱུ་ཡོད་པ་བཅས་བཟོ་རྒྱུ་ཡོད་ཅེས་ཤོད་ཀྱི་ཡོད། དངོས་གནས་བྱས་ན་འཕྲུལ་འཁོར་གྱི་ཀླད་པ་དེར་ཀླད་པའི་མིང་བཏགས་པ་ལས་ཀླད་པ་དངོས་གནས་མ་རེད། གང་ལྟར་འཕྲུལ་འཁོར་གྱི་མི་དེ་མིས་བཀོད་འདོམས་མ་བྱས་པར་ཡོང་རྒྱུ་མེད། མིའི་ཀླད་པ་ལྟ་བུ་ཡོད་པ་དེ་མིས་བཟོས་པ་རེད།

༥) རྟེན་འབྲེལ་གྱི་གཏན་ཚིགས། 

རིགས་པ་ཐམས་ཅད་ཀྱི་ནང་ནས་གནད་ཆེ་ཤོས་དེ་རྟེན་འབྲེལ་གྱི་གཏན་ཚིགས་ཡིན་པ་དང་། རྟེན་འབྲེལ་ལ་ཕྲད་པའི་རྟེན་འབྲེལ་དང་། ལྟོས་པའི་རྟེན་འབྲེལ། མིང་ཙམ་གྱི་རྟེན་འབྲེལ་བཅས་གསུམ་ཡོད། ཕྲད་པའི་རྟེན་འབྲེལ་ནི་ནང་པ་སངས་རྒྱས་པའི་ཆོས་ཚང་མས་ཁས་ལེན་ལ། རྒྱུ་རྐྱེན་གཉིས་ཕྲད་པ་ལས་འབྲས་བུ་འབྱུང་བ་ཚང་མས་ཁས་ལེན་གྱི་ཡོད། ལྟོས་པའི་རྟེན་འབྲེལ་ནི། འབྲས་བུ་རྒྱུ་ལ་ལྟོས་པ་ལས་མ་ལྟོས་པར་ཡོང་རྒྱུ་མེད་ཅེས་པ་དེ་རེད། དཔེར་ན། མིང་དང་དོན་གྱི་འབྲེལ་བ་དེ་མིང་བཏགས་པ་ལ་ལྟོས་པ་དང་། གདགས་གཞི་ཚོགས་པ་ལ་བརྟེན་ནས་མིང་བཏགས་པ་རེད་ཅེས་གསུངས།

བརྟེན་ནས་བཏགས་པའི་རྟེན་འབྲེལ་ནི། སེམས་ཙམ་པ་དང་དབུ་མ་པས་ཁས་ལེན། མིང་ཙམ་ལ་བཏགས་པ་ཙམ་མ་གཏོགས་དེ་ནས་ཕར་བཙལ་ན་རྙེད་རྒྱུ་མེད་པའི་རྟེན་འབྲེལ་འདི་ནི་རྟེན་འབྲེལ་ཕྲ་མོ་ཟེར་བ་དེ་རེད། དབུ་མ་ཐལ་འགྱུར་པས་འདོད་པའི་རྟེན་འབྲེལ་རེད། རྟེན་འབྲེལ་གྱི་གཏན་ཚིགས་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་པ་གཉིས་ཀར་ཡོད་ཀྱང་། དབུ་མ་རང་རྒྱུད་པའི་རྟེན་འབྲེལ་གྱི་གཏན་ཚིགས་དེ་བདེན་པར་མ་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་བདེན་པར་མ་གྲུབ་པའི་རྟེན་འབྲེལ་དང་། དབུ་མ་ཐལ་འགྱུར་པས་རང་བཞིན་གྱིས་མ་གྲུབ་པའི་རྟེན་འབྲེལ་ཞེས་བརྗོད། རྟེན་འབྲེལ་ལ་གཏིང་ཟབ་པ་དང་མི་ཟབ་པའི་ཁྱད་པར་ཆེན་པོ་ཡོད།

རྟེན་འབྲེལ་དེར་སྣང་བ་དང་སྟོང་པ་གཉིས་ཤོད་ཀྱི་ཡོད། སྣང་བ་ཞེས་པ་ནི་ཀུན་རྫོབ་པའི་ཆོས་ད་ལྟ་ང་རང་ཚོས་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་ལ་སོགས་པ་དབང་པོ་ལྔའི་ཡུལ་དུ་གྱུར་པའི་གཟུགས་སུ་གྲུབ་པ་དང་། མ་གྲུབ་པ་ཅི་རིགས་པའི་དངོས་པོ་དག་ལ་ཟེར། གཟུགས་སུ་མ་གྲུབ་པའི་དངོས་པོ་ནི་གཟུགས་དང་། ཁ་དོག དབྱིབས། དྲི་རོ་སོགས་མེད་པའི་དངོས་པོ་སེམས་ལྟ་བུ་ཡིན། མདོར་ན། དངོས་པོ་གང་ཞིག་ཡིན་ནའང་བདེན་པར་མ་གྲུབ་པ་རེད་ཟེར་བ་ལས་རང་ངོས་ནས་མ་གྲུབ་པ་རེད་ཅེས་གཏན་ནས་མི་བརྗོད། རང་ངོས་ནས་གྲུབ་པ་ཞིག་མ་བཞག་ན་དངོས་པོ་དེ་འཇོག་མི་ཐུབ། བདེན་པར་གྲུབ་པ་དང་། ཚུགས་ཐུབ། རང་རྐྱ་ཐུབ་པ་མིན་པར་གཞན་ལ་ལྟོས་པ་རེད། མི་རྒན་འཁོགས་འཁར་རྒྱུག་ལ་བརྟེན་པ་དང་གཅིག་མཚུངས་རེད།

དཔེ་དེ་བཞིན་དངོས་པོ་གང་ཞིག་ཡིན་ནའང་དེ་རང་དབང་ཅན་མིན་པར་གཞན་དབང་ཅན་རེད་ཟེར། རྒྱུ་དང་རྐྱེན་གཞན་ལ་ལྟོས་པའི་སྒོ་ནས་བྱ་བ་དེ་བྱེད་ཐུབ་ཀྱི་ཡོད་པས་ཚུགས་ཐུབ་དང་། བདེན་པར་གྲུབ་པ། རང་རྐྱ་ཐུབ་པ་མ་རེད་གསུངས་པ་རེད། དེར་བརྟེན། དབུ་མ་ཐལ་འགྱུར་པས་རང་བཞིན་གྱིས་མ་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་གསུང་གི་ཡོད། དཔེར་ན། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་ལྟ་བུ་ཡིན་ཞེས་ཤེལ་སྒོའི་ནང་གི་སོ་སོའི་གདོང་དེ་དཔེར་བཞག་པ་རེད། དཔེ་འདི་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་པ་གཉིས་ཀས་འཇོག་ཀྱང་དེར་འགྲེལ་བཤད་རྒྱག་སྐབས་མི་འདྲ་བ་ཆགས་པ་རེད།

ང་ཚོས་མེ་ལོང་ནང་བལྟས་ཚེ་གདོང་དང་གཟུགས་བརྙན་གྱི་གཡས་གཡོན་གཉིས་མི་འདྲ་བ་ལས་རང་གི་རྣམ་འགྱུར་ཇི་ལྟ་བུ་ཞིག་བསྟན་ཡང་གཟུགས་བརྙན་དེ་གསལ་པོར་མཐོང་གི་ཡོད། རང་ཡོད་ན་གཟུགས་བརྙན་དེ་ཡོད་ལ། རང་མེད་ན་གཟུགས་བརྙན་དེ་ཡང་མེད། གཟུགས་བརྙན་འཆར་ཐུབ་པ་དེ་ལའང་རྒྱུ་རྐྱེན་མང་པོ་ཞིག་འཛོམས་དགོས། དཔེར་ན། གཟུགས་བརྙན་དེ་འཆར་བར་ཤེལ་སྒོའི་རྒྱབ་ཏུ་རྩི་མང་པོ་ཞིག་བྱུགས་ཡོད་ལ། ཤེལ་སྒོའི་ངོ་བོ་དེ་ཡང་དྭངས་མ་དང་གསལ་པོ་ཀྱག་ཀྱོག་མེད་པ་ཞིག་དགོས། དེ་ལྟར་འཛོམས་ན་དེར་གདོང་པ་གཏད་མ་ཐག་ལམ་སེང་གདོང་མཐོང་གི་ཡོད། ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་དེ་འདྲ་ཞིག་འཛོམས་པ་དང་། རང་གིས་ཕར་བལྟས་པ་དེ་དག་འཛོམས་སྐབས་གཟུགས་བརྙན་དེ་འཆར་ཐུབ་ཀྱི་ཡོད། ལྟོས་མེད་ཀྱི་བདེན་དོན་ཞིག་ཁས་ལེན་གྱི་མ་རེད།

ང་རང་ཚོ་ནང་པ་སངས་རྒྱས་པའི་ཆོས་ནང་ལྟོས་བཅས་ཀྱི་བདེན་དོན་ཡོད་ལ་ལྟོས་མེད་ཀྱི་བདེན་དོན་ཡང་ཡོད། མཐར་ཐུག་པའི་བདེན་དོན་ཡང་ཡོད། དེང་གི་མཚན་ཉིད་རིག་པའི་འགྲོ་སྟངས་ནི། ལྟོས་བཅས་ཀྱི་བདེན་དོན་ལས་ལྟོས་མེད་དང་མཐར་ཐུག་གི་བདེན་དོན་མེད་ཅེས་བརྗོད་ཀྱི་ཡོད། ང་ཚོའི་མཐར་ཐུག་བདེན་དོན་གང་ཞེ་ན། སྐྱོན་མེད་པ་བཟོ་རྒྱུ་དང་སངས་རྒྱ་རྒྱུ་ཡོད་པ་དེ་རེད། དེ་ལས་ཕར་བརྒལ་ཏེ་མཐར་ཐུག་རྒྱུ་མེད་པར་རྩེ་མོར་སླེབས་པ་ལྟ་བུ་རེད། དེ་ལ་ལྟོས་མེད་ཀྱི་བདེན་དོན་ཡོད་མེད་ལ་རྩོད་པ་བྱེད་ཆོག་གི་རེད། གུང་ཁྲན་རིང་ལུགས་དེ་ལྟོས་བཅས་ཀྱི་བདེན་དོན་རེད་དམ། ཡང་ན་ལྟོས་མེད་ཀྱི་བདེན་དོན་རེད་དམ། གུང་ཁྲན་སླེབས་རྗེས་ད་དུང་དེ་ལས་བརྒལ་ནས་འགྲོ་རྒྱུ་ཡོད་དམ་མེད། གུང་ཁྲན་རིང་ལུགས་ཀྱི་བདེན་དོན་དེར་འགྱུར་བ་འགྲོ་རྒྱུ་ཡོད་དམ་མེད། བདེན་དོན་གཞན་ཞིག་གིས་དེ་མེད་པ་བཟོ་དགོས་སམ་ཞེས་རྩོད་པ་བྱས་ན་འགྲིག ངས་མར་ལེའི་རིང་ལུགས་ཞེ་དྲག་སྦྱངས་མེད་པས་ཡག་པོ་མི་ཤེས་ཀྱང་། དེར་བསམ་བློ་གཏོང་རྒྱུ་ཧ་ཅང་མང་པོ་ཡོད།

ཉ) བདེན་གཉིས་ཀྱི་རྣམ་གཞག་དང་། ཐ་སྙད་ཚད་གྲུབ་ཀྱི་སྐོར།

གསུམ་པ་དེ་ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས་ཀྱི་མཚན་ཉིད་དང་། དབྱེ་བ་གོ་བདེའི་ཐོག་ནས་བཞག་ན་ཇི་ལྟར་ཡིན་ནམ་ཞེས་པ་དེ་རེད། དེ་ནི་དོན་དག་ཆེན་པོ་ཞིག་རེད། ནང་པ་སངས་རྒྱས་པའི་གཞུང་ལྟར་ན་ཤེས་བྱ་ཡིན་ན་བདེན་གཉིས་གང་རུང་ཡིན་དགོས་པ་ལས། དེ་གཉིས་ནང་མ་འདུ་བའི་ཤེས་བྱ་ཞིག་མེད། ཤེས་བྱ་དང་དངོས་པོ་གཉིས་ལ་ཁྱད་པར་ཡོད། ང་ཚོས་ནམ་རྒྱུན་བསམ་བློ་དང་དངོས་པོ་ཟེར་བ་དང་། བསམ་བློ་ཨང་དང་པོ་དང་དངོས་པོ་ཨང་དང་པོ་ཞེས་རྩོད་པ་མང་པོ་ཞིག་རྒྱག་གི་ཡོད། ནང་པ་སངས་རྒྱས་པའི་ཆོས་ལྟར་ན། སེམས་དེ་ཡང་དངོས་པོ་ཡིན་པ་ལས་རྟག་པ་མིན། ངས་བལྟས་ན་དངོས་པོ་དང་བསམ་བློ་ཟེར་བ་དེ་སྒྱུར་སྟངས་ནོར་བ་མིན་ནམ་སྙམ། ང་རང་ལོ་ཙཱ་བ་མིན་སྟབས་དེ་བཤད་ན་ཧམ་པ་ཆེན་པོ་ཆགས་ཀྱི་རེད། ཤེས་བྱ་ལ་དངོས་པོ་ཡིན་མིན་གཉིས་ཡོད། བདེན་པ་གཉིས་ཁས་ལེན་པ་དང་། དེ་གཉིས་ཀྱི་ནང་དུ་ཚང་མ་འདུས་པ་དེ་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་ཡོད་པ་ཚང་མ་གཅིག་གྱུར་ལས་མི་འདྲ་བ་མེད།

ཡིན་ནའང་། ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པའི་མཚན་གཞི་འཇོག་སྟངས་དེར་རྒྱ་ཆེ་ཆུང་དང་། གཏིང་ཟབ་མིན་གྱི་ཁྱད་པར་ཡོད། གྲུབ་མཐའ་སྨྲ་བ་བཞིའི་བདེན་པ་གཉིས་འཇོག་སྟངས་མང་པོ་བཤད་ན། ནང་པ་སངས་རྒྱས་པའི་ནང་དོན་རིག་པ་བསླབས་མ་མྱོང་བ་ཞིག་ལ་མགོ་འཁྲུག་རྒྱུ་ལས་མེད། དེར་བརྟེན། ངས་དབུ་མ་ཐལ་འགྱུར་པའི་བདེན་པ་གཉིས་ཀྱི་རྣམ་གཞག་འཇོག་སྟངས་ཤིག་ཡོད་པ་དེ་བཤད་ཀྱི་ཡིན། དེ་ཡང་དཔེ་ཆའི་ནང་ཡོད་པ་ལྟར་བཤད་ན། ཁྱེད་རང་ཚོས་གོ་མི་ཐུབ་པས་གོ་བདེའི་ཐོག་ནས་ངོ་སྤྲོད་བྱེད་བཞིན་ཡོད། དབུ་མ་པས་ཀུན་རྫོབ་བདེན་པ་ཞེས་རྫོབ་པའི་དོན་ནི། སྟབས་བདེ་པོར་བཤད་ན་རྫུན་རྐུབ་བམ་མཐིལ་བརྟོལ་རྒྱུ་ཡོད་པ་ཞིག་ལ་ཟེར།

ཕྱིའི་སྣང་ཚུལ་དང་དོན་ངོ་མའི་གནས་ཚུལ་མི་མཐུན་པ་ཞིག་ཡོད་པ་དེ་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད། འདི་ལྟར་བརྗོད་ན་གོ་བདེ་པོ་མི་འདུག་གམ། དེ་ལྟར་མིན་པར་རང་དཔྱོད་བྱེད་ཀྱི་ཐ་སྙད་ཚད་མར་སོང་བ་ཞེས་བརྗོད་ན་གོ་རྒྱུ་ཚོར་རྒྱུ་གང་ཡང་མེད། གཞུང་ཆེན་པོ་ལྟ་མཁན་ཞིག་གིས་ཤེས་པ་ལས་དེ་མིན་རྣམས་ཀྱིས་བལྟས་ན་བསམ་བློ་མང་དུ་གཏོང་དགོས་པ་ཆགས་ངེས་རེད། དེ་ལྟར་མིན་པར་གོ་བདེ་པོར་ཞུས་ན། ཕྱིའི་སྣང་ཚུལ་དང་དོན་ངོ་མ་མི་མཐུན་པ་དེ་ལ་ཀུན་རྫོབ་བདེན་པ་དང་། ཕྱིའི་སྣང་ཚུལ་དང་དོན་ངོ་མའི་གནས་ཚུལ་མཐུན་པ་དེ་ལ་དོན་དམ་བདེན་པ་ཟེར། འདི་ནི་མ་རྩ་ལྟ་བུའམ་སྒོ་ལྟ་བུ་དེ་རེད། དེའི་ཐོག་ནས་ཟབ་ཏུ་འགྲོ་རྒྱུ་དང་བཤད་རྒྱུ་ཡོད་པ་རེད།

ཀུན་རྫོབ་བདེན་པར་བརྟག་དཔྱད་བྱེད་པའི་ཚད་མ་དེ་ལ་ཐ་སྙད་ཚད་མ་དང་། དོན་དམ་བདེན་པར་བརྟག་དཔྱད་བྱེད་པའི་ཚད་མ་དེ་ལ་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཟེར། རང་ཉིད་གང་ལ་དཔྱོད་པའི་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མར་སོང་བ་དང་། ཕྱིའི་སྣང་ཚུལ་དང་དོན་ངོ་མའི་གནས་ཚུལ་གཉིས་མི་མཐུན་ཟེར་བ་འདི་གཉིས་གཅིག་ཏུ་བབས་ཡོད། དེ་ཇི་ལྟར་རེད་ཅེ་ན། ནང་པ་སངས་རྒྱས་པ་ཚང་མས་ཤེས་བྱ་གང་ཞིག་ཡིན་ནའང་། དེ་ལ་ཕྱིའི་སྣང་ཚུལ་ཞིག་དང་དོན་ངོ་མའི་གནས་ཚུལ་གཅིག་སྟེ་གཉིས་རེ་ཡོད་པར་སྨྲ་བ་དང་། ཁ་ཤས་ཕྱིའི་སྣང་ཚུལ་དང་དངོས་ཡོད་གནས་ཚུལ་གཉིས་གཏན་ནས་མི་མཐུན་པར་སྣང་ཚུལ་རྫུན་མ་དེས་གནས་ཚུལ་ངོ་མ་དེ་བཀབ་སྟེ་མ་ཤེས་པ་བཟོས་ཡོད། འདི་ང་ཚོས་དེང་སང་ཁས་ལེན་པ་དང་དེང་སང་གི་མཚན་ཉིད་རིག་པའི་ནང་དུའང་ཡོད།

གཞི་འཇོག་སའི་དཔེ་ཞིག་བཤད་ན། བུམ་པ་ཟེར་བ་དེ་ལྟོ་ལྡིར་བ་དང་། ཞབས་ཞུམ་པ། ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ལ་སོགས་པའི་ཁྱད་ཆོས་ཚང་བའི་དངོས་པོ་ཞིག་ལ་བུམ་པ་ཞེས་བརྗོད་པ་དང་། དེ་ལ་བུམ་པ་ཞེས་པའི་མིང་དེ་ཐོག་མར་ཇི་ལྟར་བྱུང་ངམ་ཞེ་ན། དངོས་པོ་མ་བྱུང་བའི་སྔོན་དང་ཡང་ན་དངོས་པོ་དེ་བྱུང་བའི་རྗེས་སུ་མིང་དེ་བྱུང་བ་རེད་དམ་ཞེ་ན། དངོས་པོ་དེ་བྱུང་ཟིན་པའི་རྗེས་ལ་མིང་འདོགས་མཁན་གྱིས་མིང་བཏགས་པ་ཞིག་ལས། དངོས་པོ་དེ་མ་བྱུང་སྔོན་དུ་མིང་དེ་མེད། དོན་དེ་བྱུང་ཟིན་པའི་རྗེས་སུ་མིང་དེ་བྱུང་བ་དང་། དེ་ནས་མིང་དང་དོན་གྱི་འབྲེལ་བ་ཆགས་པ་རེད། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་ཞེས་པའི་སྐབས་ཀྱི་ཐ་སྙད་དེ་བུམ་པ་ཞེས་བརྗོད་པའི་མིང་དེ་རེད།

བུམ་པ་ལ་བརྟག་དཔྱད་བྱེད་པའི་ཚད་མ་དེ་ལ་ཆ་བཞག་ན། བུམ་པའི་ཐ་སྙད་ལ་བརྟག་དཔྱད་བྱེད་མཁན་གྱི་ཚད་མ་གཅིག་དང་། བུམ་པའི་གནས་ཚུལ་ངོ་མར་བརྟག་དཔྱད་བྱེད་མཁན་གྱི་ཚད་མ་བཅས་གཉིས་ཡོད། བུམ་པའི་ཕྱིའི་སྣང་ཚུལ་ལ་བརྟག་དཔྱད་བྱེད་མཁན་གྱི་ཚད་མ་དེར་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་དང་། བུམ་པའི་དོན་ངོ་མའི་གནས་ཚུལ་ལ་བརྟག་དཔྱད་བྱེད་མཁན་གྱི་ཚད་མ་དེར་བུམ་པའི་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཞེས་བརྗོད། དེ་ང་ཚོས་ནམ་རྒྱུན་ནས་བརྗོད་པ་བཞིན། ཁྱེད་རང་གིས་གསུངས་པ་དེ་དོན་དམ་རེད་དམ་ཞེས་བརྗོད་པ་དང་། དེའི་དོན་ནི་དངོས་གནས་རེད་དམ་ཞེས་པའི་དོན་རེད། དེ་དང་གཅིག་པ་གཅིག་རྐྱང་རེད།

བུམ་པ་ཞེས་པའི་མིང་དེ་བཏགས་པ་ནས་དེའི་ཐ་སྙད་དེ་ཆགས་ཤིང་། མིང་དོན་གྱི་འབྲེལ་བ་དེ་ཡང་གྲུབ། བུམ་པ་མཐོང་མ་མྱོང་མཁན་མི་ཞིག་གི་མདུན་དུ་བུམ་པ་ཞིག་བཞག་ཡོད་ཀྱང་། དེས་འདི་ལ་བུམ་པ་ཞེས་བརྗོད་ཀྱི་ཡོད་མེད་ཤེས་ཀྱི་མེད། མི་དེས་བུམ་པ་ཞེས་པ་གོ་མྱོང་ཡོད་མེད་ཀྱང་གཏན་གཏན་མེད། གོ་མྱོང་མཁན་ཞིག་ཡིན་ནའང་མིང་དང་དོན་གྱི་འབྲེལ་བ་དེ་མ་བྱུང་ན། འདིར་རིལ་རིལ་གཅིག་འདུག་སྙམ་པ་ལས་འདི་བུམ་པ་རེད་སྙམ་པ་གཏན་ནས་ཡོང་གི་མ་རེད། རྒྱུ་མཚན་གང་ཡིན་ཟེར་ན། བུམ་པའི་མིང་དང་དོན་གྱི་འབྲེལ་བ་དེ་བྱུང་མེད་པ་དང་བུམ་པའི་ཐ་སྙད་ཐོབ་མེད།

བུམ་པ་ཞེས་པ་གོ་མི་མྱོང་མཁན་ཞིག་གི་མདུན་ལ་བུམ་པ་ཡོད་ཀྱང་ངོ་མ་ཤེས་པ་གཅིག་ཡོང་གི་རེད་ལ། བུམ་པ་གཏན་ནས་གོ་མི་མྱོང་མཁན་ཞིག་ཀྱང་ཡོང་གི་རེད། དེ་ལ་མི་ཞིག་གིས་འདི་བུམ་པ་རེད་ཅེས་གོ་བརྡ་སྤྲད་པས་ན་གཞི་ནས་བུམ་པ་ཞེས་པ་འདི་འདྲ་ཞིག་ལ་ཟེར་སྙམ་པ་ཞིག་ཡོང་བ་དང་། ཕྱིས་སུ་གཟུགས་དབྱིབས་དེ་དང་འདྲ་བའི་རྡོ་དང་ཤེལ་གསེར་སོགས་གང་ལས་གྲུབ་པ་ཞིག་ཡིན་ནའང་དེའང་བུམ་པ་རེད་སྙམ་པའི་བློ་སྐྱེ་བ་ལས་ཡང་རེ་རེ་བྱས་ནས་མིང་འདོགས་དགོས་དོན་ཡང་མེད། དང་པོའི་དེ་དཀར་ཡོལ་གྱི་བུམ་པ་ཞིག་ལ་དཔེར་བཞག་ནས། མིང་དང་དོན་གྱི་འབྲེལ་བ་ཐོགས་ཟིན་རྗེས་དེ་དང་རིགས་འདྲ་བ་རྒྱུ་མི་འདྲ་བ་གང་འདྲ་ཞིག་ལས་གྲུབ་ཀྱང་བུམ་པ་རེད་སྙམ་པའི་ཐ་སྙད་དེ་འཐོབ་ཀྱི་ཡོད།

༡) སྒྲ་དང་བློའི་ཐ་སྙད་ཀྱི་ཁྱད་པར།

ཐ་སྙད་དེ་ལ་སྒྲའི་ཐ་སྙད་དང་བློའི་ཐ་སྙད་ཅེས་པ་གཉིས་ཡོད། སྒྲའི་ཐ་སྙད་ཅེས་པ་ནི་བུམ་པའི་མིང་དེ་གོ་ཡང་དོན་མི་ཤེས་པའི་དུས་སྐབས་སུ་བུམ་པའི་སྒྲའི་ཐ་སྙད་དེ་ཡོད་ཀྱང་། བློའི་ཐ་སྙད་དེ་མེད། བློའི་ཐ་སྙད་དེ་ཡོང་བ་ལ་མི་ཞིག་གིས་གོ་བརྡ་སྤྲད་དེ་ངས་ཟེར་བའི་བུམ་པ་དེ་འདི་རེད་ཅེས་བརྡ་སྦྱར་ན་གཞི་ནས་མི་དེར་སྒྲའི་ཐ་སྙད་དང་བློའི་ཐ་སྙད་གཉིས་ཀ་གྲུབ་པ་རེད། དེ་ནས་ད་དུང་བུམ་པ་ཟེར་བ་འདི་རེད་སྙམ་པའི་ཐོག་ཏུ་མ་བསྡད་པར་བརྟག་དཔྱད་བྱས་ཏེ་བུམ་པའི་ཞབས་དང་། མཆུ་སོགས་ཆ་ཤས་རེ་རེ་ནས་བུམ་པ་ཡིན་མིན་ལ་དཔྱད་ནས་བུམ་པའི་མཆུ་དང་ཞབས་ལྟོ་བ་སོགས་རེ་རེ་ནས་བུམ་པ་མིན་པར་ཤེས་སྐབས་བུམ་པ་བརླགས་པ་ལྟ་བུ་ཡོད། དེའི་སྐབས་སུ་བསམ་བློ་ཁག་གཉིས་ཡོང་སྲིད་ཅིང་། ཁག་ཅིག་གིས་ད་ནི་བུམ་པ་མི་འདུག་སྙམ་པའི་བསམ་པ་དང་། ཁག་ཅིག་གིས་བུམ་པ་ཞེས་པ་དེ་མིང་ཙམ་ལས་དངོས་གནས་བྱས་ན་དེའི་ཆ་ཤས་ཀུན་འཛོམས་པ་དེ་ལ་བུམ་པ་ཞེས་པའི་མིང་གཅིག་བཏགས་པ་མ་གཏོགས་དོན་ངོ་མ་ཆ་ཤས་རེ་རེ་ནས་བསལ་ན་རང་གི་ངོས་ནས་བུམ་པ་ཞེས་པ་མི་འདུག་སྙམ་པའི་བསམ་བློ་གཏོང་མཁན་ཞིག་ཀྱང་ཡོང་གི་རེད།

བསམ་བློ་ཁག་གཉིས་ཀྱི་ནང་ནས་བུམ་པ་མི་འདུག་སྙམ་པའི་བསམ་བློ་འཁོར་བ་དེ་ནོར་འཁྲུལ་རེད། བུམ་པ་ཞེས་པ་དེ་མིང་ཙམ་མ་གཏོགས་གཞན་དག་མི་འདུག་སྙམ་པ་དེ་ནོར་འཁྲུལ་མིན། ཚད་མ་དེ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་རེད། དོན་དམ་དཔྱོད་བྱེད་ཀྱི་ཚད་མ་མིན། བརྟག་དཔྱད་དེ་ལྟར་བྱས་ཏེ་སྟོང་པ་ཉིད་རྟོགས་མི་ཐུབ། སྟོང་པ་ཉིད་རྟོགས་པར་བྱེད་པའི་རིགས་པ་དེ་བུམ་པའི་མཆུ་དང་ལྟོ་བ་བུམ་པ་མིན་ཟེར་བ་དེ་མ་རེད། བུམ་པའི་སྟེང་གི་སྟོང་ཉིད་རྟོགས་དགོས་ན་བུམ་པའི་གནས་ལུགས་ངོ་མ་རྩད་གཅོད་བྱེད་ཐུབ་པའི་རིགས་པ་ཞིག་དགོས།

བུམ་པའི་གནས་ལུགས་ངོ་མ་རྩད་གཅོད་བྱེད་པའི་རིགས་པ་གང་འདྲ་ཞིག་དགོས་སམ་ཞེ་ན། བུམ་པ་ཞེས་པ་དེ་མིང་འདོགས་སའི་དངོས་པོ་དེའི་ཐོག་ནས་ཚུར་ཡོད་ལུགས་ཡོད་སྟངས་གང་འདྲ་ཞིག་ཡོད་མེད་ལ་དཔྱོད་པ་དེ་རེད། དེ་ནི་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་མིན་པར་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཆགས་ཀྱི་ཡོད། རིགས་པ་དེ་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡིན་པ་ལས་ཐ་སྙད་དཔྱོད་བྱེད་ཀྱི་རིགས་པ་མིན། བུམ་པའི་མཆུ་དང་ཞབས་ལྟོ་བ་སོགས་རེ་རེ་ནས་བུམ་པ་མིན་པར་དཔྱད་པའི་རྗེས་སུ་བུམ་པ་མ་རྙེད་ཀྱང་དེའི་སྐབས་སུ་བུམ་པ་མེད་པར་རྙེད་པ་མིན།

བུམ་པ་མ་རྙེད་པ་དང་མེད་པར་རྙེད་པ་གཉིས་ཀྱི་དབྱེ་མཚམས་འབྱེད་རྒྱུ་དེ་ཧ་ཅང་ཁག་པོ་ཡོད་པར་བརྟེན། དགེ་འདུན་ཆོས་འཕེལ་གྱིས། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །ཞེས་བཤད་དགོས་པའི་རྒྱུ་མཚན་དེ་རེད། ཐ་སྙད་ཚད་མས་གྲུབ་པ་མེད་ཅེས་གསུངས་མེད། ཁོང་གིས་ཐ་སྙད་ཚད་གྲུབ་དང་རྟེན་འབྲེལ་ཕྲ་མོ་ཁས་ལེན་གྱི་ཡོད། ཀླུ་སྒྲུབ་དགོངས་རྒྱན་ནང་དུ། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །ཞེས་པ་འདི་ནི་གྲུབ་མཐའ་གཞན་གྱི་མཁས་པ་མང་པོས་རྗེ་ཙོང་ཁ་པར་དགག་པ་དྲི་ངན་ཁ་བ་བརྒྱབ་པ་རེད་ཅེས་བརྗོད་ཀྱི་ཡོད། ཁོང་གི་དགོངས་པ་དེ་འདྲ་གཏན་ནས་མ་རེད། ཐ་སྙད་ཚད་གྲུབ་འཇོག་སྟངས་དེ་དཀའ་ལས་ཧ་ཅང་ཁག་པོ་དང་། དེ་ལ་དོགས་པ་ཐེ་ཚོམ་འདུག་ཅེས་གསུངས་པ་ལས། རྗེ་ཙོང་ཁ་པས་ཐ་སྙད་ཚད་གྲུབ་ཁས་ལེན་པ་དེ་མི་འགྲིག་པ་རེད་ཅེས་ཟེར་གྱི་ཡོད་པ་མ་རེད། དེ་དེང་སང་མི་མང་པོ་ཞིག་གིས་ནོར་ནས་བསྡད་ཡོད།

དེ་ལ་བརྟེན་ནས་དགེ་འདུན་ཆོས་འཕེལ་སྡུག་ཆགས་རེད། རྗེ་ཙོང་ཁ་པ་ལ་དགག་པ་རྒྱག་གི་ཡོད། ལམ་རིམ་ཆེན་མོར་དགག་པ་རྒྱག་གི་ཡོད་པ་རེད་ཅེས་མང་པོ་ཞིག་བཤད་ནས་དགེ་འདུན་ཆོས་འཕེལ་གྱི་ཐོག་ཏུ་ཆོས་དང་ཆབ་སྲིད་ཀྱི་ཐོག་ནས་ཞྭ་མོ་མང་པོ་ཞིག་གཡོགས་ཏེ་དྲི་ངན་ཁ་བ་བཟོས་པ་རེད། ཁོང་གི་དགོངས་པ་དེ་མ་ཤེས་པར་ཐད་ཀའི་གོ་བ་ལེན་པ་ལས། དོན་དམ་པའི་གོ་བ་མ་བླངས་པས་དེ་ལྟར་བྱུང་བ་རེད། སྐབས་དེ་དུས་དཔྱད་པ་བྱས་ནས་བུམ་པ་མ་རྙེད་པ་དེ་ཆད་ལྟ་མིན་ལ། སྐབས་དེར་བུམ་པ་མི་འདུག་ཅེས་མེད་པར་ངོས་འཛིན་བྱས་ན་དེ་ནི་ཆད་ལྟ་རེད། བུམ་པ་མ་རྙེད་པ་དེ་བུམ་པ་ཡོད་པའི་རྟགས་ཡིན་པ་ལས་བུམ་པ་མེད་པའི་རྟགས་མིན།

༢) མིང་ཙམ་གྱི་བཀྲ་ཤིས་ཇི་ལྟར་འཇོག་ཚུལ།

དཔེར་ན། གང་ཟག་བཀྲ་ཤིས་ཟེར་བ་ཞིག་ལ་ཆ་བཞག་ན། བཀྲ་ཤིས་ཀྱི་ཕུང་པོ་ལྔ་པོ་གང་རུང་ཞིག་ལ་གཞི་བྱས་ན་དེ་ལ་བཀྲ་ཤིས་ཟེར་བའི་མིང་བཏགས་པ་དང་། མིང་བཏགས་པ་དེས་བཀྲ་ཤིས་ཟེར་བའི་གོ་ཆོད་པ་རེད། ད་དུང་བཀྲ་ཤིས་ཀྱི་མགོ་དང་། གྲོད་པ། རྐང་པ་སོགས་རེ་རེ་ནས་བཀྲ་ཤིས་ཡིན་མིན་རྩད་གཅོད་བྱེད་དགོས་དོན་མེད། གལ་ཏེ་དེ་ལྟར་བྱས་ན་བཏགས་དོན་བཙལ་བའི་རྗེས་དེར་བཀྲ་ཤིས་རྙེད་རྒྱུ་མེད།

འོ་ན་དེ་དུས་བཀྲ་ཤིས་མེད་པར་རྙེད་པ་རེད་དམ་ཞེ་ན་མིན། བཀྲ་ཤིས་མ་རྙེད་པ་དེ་བཀྲ་ཤིས་ཡོད་པའི་རྟགས་རེད། དེ་གང་འདྲ་རེད་དམ་ཞེ་ན། མིང་ཙམ་གྱི་བཀྲ་ཤིས་གཅིག་ཡོད། དེ་རྟེན་འབྲེལ་ཕྲ་མོ་དེ་རེད། མིང་ཙམ་གྱི་བཀྲ་ཤིས་ཀྱིས་སྐད་ཆ་ཤོད་པ་དང་། ཡི་གེ་འབྲི་བ་ལ་སོགས་པའི་བྱ་བ་ཚང་མ་བྱེད་བཞིན་ཡོད། བུམ་པར་ཆ་བཞག་ན། མིང་ཙམ་གྱི་བུམ་པའི་ནང་ཆུ་ཡོད་པ་དང་དེ་ཅོག་ཙེའི་སྟེང་དུ་གནས་པ་ལ་སོགས་པའི་བྱ་བ་ཀུན་བྱེད་ཀྱི་ཡོད། དེ་ལ་ཀུན་རྫོབ་དཔྱོད་བྱེད་ཀྱི་ཚད་མས་དཔྱད་ནས་མ་རྙེད་པ་ཟེར། ཡིན་ནའང་། གྲུབ་མཐའ་གཞན་གྱི་སྟོང་ཉིད་ངོ་སྤྲོད་ཀྱི་དཔེ་ཆ་དེ་དག་གི་ནང་བུམ་པའི་མཆུ་དང་ཞབས་བུམ་པ་མིན་ཞེས་དཔྱད་པའི་རྗེས་ལ་དེ་མེད་ཅེས་པ་དེ་སྟོང་པ་ཉིད་དུ་ངོ་སྤྲོད་གནང་གི་ཡོད། དེ་ནོར་འཁྲུལ་ཆེན་པོ་རེད། དེ་ལྟར་བརྗོད་ན་དགོངས་པ་ཧ་ཅང་འཚོམས་ཀྱི་རེད། དངོས་གནས་བྱས་ན་དེ་ནོར་འཁྲུལ་རེད། ཡིན་ནའང་། ནོར་འཁྲུལ་ཡིན་པར་ཞུ་ས་མེད།

མ་གཞི་ནས་བཀྲ་ཤིས་ཡོད་ན་དེའི་མགོ་ནས་རྐང་པའི་བར་དུ་ཡོད་མི་དགོས། དེའི་ཐོག་ནས་སྟོང་ཉིད་ངོ་སྤྲོད་བྱེད་པ་དེ་ནོར་འཁྲུལ་ཆེན་པོ་ཞིག་རེད། གྲུབ་མཐའ་གཞན་གྱི་དཔེ་ཆའི་ནང་སྟོང་ཉིད་ངོ་སྤྲོད་གནང་བའི་ཐབས་ཤེས་ཡོད་ཀྱང་། གོ་བ་ལེན་མི་ཐུབ་མཁན་དག་ལ་སྟབས་བདེའི་ཐོག་ནས་ངོ་སྤྲོད་འདི་ལྟར་གནང་བ་ལས་དངོས་གནས་བྱས་ན་སྟོང་ཉིད་ཀྱི་ངོ་སྤྲོད་བྱེད་སྟངས་མིན། བུམ་པར་ལྟ་བའི་ཚེ་བོད་རིགས་ཤིག་གིས་བུམ་པ་ཞེས་དང་། རྒྱ་རིགས་ཤིག་གིས་བལྟས་ན་ཕིང་ཙི་ཞེས་བརྗོད། རྒྱ་གར་བ་ཞིག་གིས་བལྟས་ན་ཀ་ལ་ཤ་ཟེར། མི་གསུམ་འཛོམས་པའི་སྐབས་སུ་སུས་གང་བརྗོད་པ་དེ་དག་ཚང་མ་འགྲིག་པ་རེད།

འགྲིག་པའི་རྒྱུ་མཚན་གང་ལ་ཐུག་གམ་ཞེ་ན། དངོས་པོ་རང་ངོས་ནས་བུམ་པ་དང་། ཀ་ལ་ཤ །ཕིང་ཙི་སོགས་ཡིན་པ་ཞིག་མ་རེད། རང་ངོས་ནས་དེ་ལྟར་གྲུབ་ན་སུས་བལྟས་ཀྱང་བུམ་པ་དང་། ཀ་ལ་ཤ །ཕིང་ཙི་བཅས་ཡིན་པ་ཞིག་དགོས་ཀྱང་དེ་ལྟར་མེད། མིང་མི་འདྲ་བ་གསུམ་ཡོད་ལ་དེ་གསུམ་གྱིས་གོ་ཆོད་ཀྱི་ཡོད། དེ་ལྟར་གོ་ཆོད་པ་དེ་དངོས་པོ་དེ་རང་ངོས་ནས་མ་གྲུབ་པའི་རྟགས་ཡིན་པ་ལས་མེད་པའི་རྟགས་མིན། ད་ལྟ་བོད་སྐད་ནས་རྒྱ་སྐད་དུ་སྟོང་པ་ཉིད་ཅེས་པ་དེ་སྒྱུར་སྐབས་སྟོང་པ་སྟོང་རྐྱང་གི་དོན་དུ་བསྒྱུར་ཡོད། ཆུ་སོགས་གང་ཡང་མེད་པའི་སྣོད་ཆས་སྟོང་པ་ལྟ་བུར་ཐད་སྒྱུར་བྱས་ཡོད། དེ་ལྟར་ཐད་སྒྱུར་བྱས་ན་མི་འགྲིག

རང་ངོས་ནས་མ་གྲུབ་པ་དང་རང་བཞིན་གྱིས་མ་གྲུབ་པ་གཉིས་ལས་འགའ་ཞིག་ལ་རང་ངོས་ནས་མ་གྲུབ་པ་ཞེས་བརྗོད་ན་གོ་བདེ་བ་དང་། ཡང་ལ་ལར་རང་ངོས་ནས་མ་གྲུབ་པ་ཞེས་བརྗོད་ན་གོ་བདེ་བ་ཡོད། གང་ལྟར་རང་ཉིད་ཀྱིས་བསམ་བློ་ཇི་ལྟར་བཏང་ཡང་རང་ངོས་ནས་མ་གྲུབ་པ་དང་། རང་བཞིན་གྱིས་མ་གྲུབ་པ་ཟེར་བ་དོན་དག་གཅིག་རེད། དེང་སང་གི་མཚན་ཉིད་རིག་པ་ལྟར་ན་རང་བཞིན་གྱིས་གྲུབ་པ་ཡོད། ཆོས་ཀྱི་ནང་ནས་བཤད་ན་རང་བཞིན་གྱིས་གྲུབ་པ་མེད། ཚིག་གི་ཐོག་ནས་བཤད་ན་གཅིག་གིས་ཡོད་ཅེས་བརྗོད་པ་དང་། ཅིག་ཤོས་ཀྱི་མེད་ཅེས་བརྗོད་པས་ཚིག་ལ་འགལ་བ་ཡོད་ཀྱང་། དོན་དག་གི་ཐོག་ནས་རང་བཞིན་གྱིས་གྲུབ་ཅེས་པ་དེ་དང་། རང་བཞིན་གྱིས་མ་གྲུབ་ཅེས་པ་གཉིས་རྩ་བ་ནས་ཐ་དད་ཅིང་། ཆོས་ཀྱི་ཐོག་ནས་རང་བཞིན་གྱིས་མ་གྲུབ་ཅེས་པ་དེ་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་གཅིག་དང་། རང་གི་གདགས་གཞི་ལ་བརྟེན་ནས་བྱུང་བས་རང་བཞིན་གྱིས་མ་གྲུབ་ཅེས་བརྗོད།

ང་ཚོས་དེང་སྐབས་རང་བཞིན་གྱིས་གྲུབ་པ་ཡིན་ཞེས་བརྗོད་སྐབས་དཔེར་ན་རང་བྱུང་ཁམས་དེ་ཉིད་རང་བཞིན་གྱིས་བྱུང་བ་རེད་ཅེས་བརྗོད་སྐབས་མིས་བཟོ་མི་དགོས་པར་རང་བཞིན་གྱིས་བྱུང་བ་རེད་ཅེས་བརྗོད་པ་ལས་དངོས་པོ་རང་གི་ཐོག་ནས་ཚུར་གྲུབ་པའི་དོན་དག་གཅིག་ཀྱང་མེད། དེར་བརྟེན། ངས་ནམ་རྒྱུན་གཞུང་ཆེན་པོ་ལྟ་མི་མྱོང་བ་དང་། རིག་གནས་ཀྱི་ཆུ་ཚད་སྐྱོ་པོ་དག་ལ་སྟོང་པ་ཉིད་ངོ་སྤྲོད་བྱེད་སྐབས་གོང་དུ་མི་རིགས་གསུམ་གྱིས་བུམ་པར་མིང་བཏགས་པའི་གནས་ཚུལ་ཞིག་ལ་དཔེ་བཞག་ནས་སྟོང་པ་ཉིད་ཀྱི་དོན་དེ་རགས་ཙམ་ངོ་སྤྲོད་བྱེད་ཀྱི་ཡོད།

ད་ལྟ་ང་རང་ཚོས་གོ་བ་ལེན་ཐུབ་པ་དང་ཞིབ་འཇུག་བྱེད་མཁན་ཡིན་སྟབས། དེ་ལས་གཏིང་ཟབ་པ་བཤད་ན་མགོ་ཚོས་པས་ངས་དེ་ལྟར་ཞུས་པ་ཡིན། ད་ལྟ་བུམ་པ་ལ་དཔེ་བཞག་ནས་སྟོང་པ་ཉིད་བཤད་པ་རེད། བུམ་པ་རང་ངོས་ནས་མ་གྲུབ་པ་དེ་བུམ་པའི་སྟེང་གི་སྟོང་པ་ཉིད་རེད། བུམ་པ་མིང་ཙམ་རྟོག་པས་བཏགས་ཙམ་ཞིག་ཡོད་པ་དེ་བུམ་པའི་རྟེན་འབྲེལ་རེད། དེ་ནས་ངའམ་གང་ཟག་ཅེས་པའི་ཐོག་རིགས་པ་སྤོས་ཏེ་ང་ཟེར་བ་དེ་གང་འདྲ་ཞིག་འདུག་གམ། ངའི་མགོ་ནས་རྐང་མཐིལ་བར་གྱི་ཆ་ཤས་ཆ་ཚང་བ་ཞིག་ལ་རང་གི་བསམ་བློས་མིང་བཏགས་ཙམ་ཞིག་ཡོད་པ་དང་། མིང་བཏགས་ཙམ་དེས་གཉིད་ཉལ་བ་དང་། ཟས་ཟ་བ། ལས་ཀ་སོགས་ཚང་མ་བྱེད་ཀྱི་ཡོད།

མིང་ཙམ་དེའི་ཐོག་མ་བསྡད་པར་ད་དུང་དེའི་ཐོག་དཔྱད་པ་བྱས་ནས་ང་ཞེས་པ་དེ་གང་འདྲ་ཞིག་ཡོད་པ་དང་། རང་གི་ཕུང་པོ་ལྔ་ལ་མ་ལྟོས་པའི་ང་ཞིག་རང་ངོས་ནས་གྲུབ་པ་ཞིག་ཡོད་མེད་དཔྱད་པ་བྱས་ན་ང་དང་ང་ཞེས་པའི་གནས་ལུགས་ངོ་མ་དེར་རྩད་གཅོད་བྱེད་ཀྱི་ཡོད། དེས་དོན་དམ་ལ་དཔྱད་པ་བྱེད་ཀྱི་ཡོད། ང་དེ་ཕུང་པོ་ལྔ་དང་གཅིག་ཏུ་དང་། ཡང་ན་ཐ་དད་དུ་ཡོད་མེད་ལ་དཔྱད་པ་བྱེད་པ་དང་། ཡོད་ན་གཅིག་པ་དང་ཡང་ན་ལོགས་སུ་ཡོད་དགོས། གཅིག་པ་དང་ཐ་དད་གང་ཡང་མིན་ན་མེད་པའི་རྟགས་རེད། ང་རང་བཞིན་གྱིས་མ་གྲུབ་པ་ཞེས་པ་དེ་གང་ཟག་གི་བདག་མེད་དང་། ང་ཙམ་གྱི་བསམ་བློ་དེ་སངས་རྒྱས་བཅོམ་ལྡན་འདས་ལའང་ཡོད། ང་དུས་དེའི་ཚེ་ན་རྒྱལ་པོ་ང་ལས་ནུས་ཞེས་བྱ་བར་གྱུར་ཏོ། །ང་དེའི་ཚེ་ན་རྒྱལ་པོ་བྱམས་པའི་སྟོབས་ཞེས་བྱ་བར་གྱུར་ཏོ། །ཞེས་སོགས་གསུངས་ཡོད།

ཡིན་ནའང་། ང་རང་བཞིན་གྱིས་གྲུབ་པའི་བསམ་བློ་དེ་སངས་རྒྱས་བཅོམ་ལྡན་འདས་ལ་མེད། ང་རང་ཚོའི་བསམ་བློའི་ནང་རང་ངོས་ནས་གྲུབ་པར་འཛིན་པའི་བག་ཆགས་དེ་གཏིང་ཟབ་པོ་ཡོད་པས་མཐོང་བ་དང་རང་ངོས་ནས་གྲུབ་པའི་སྣང་ཚུལ་ཞིག་ལས་རང་ངོས་ནས་མ་གྲུབ་པའི་སྣང་ཚུལ་ཞིག་གཏན་ནས་ཡོང་གི་མེད། སྣང་ཚུལ་དེ་ལྟ་བུ་ཡོད་སྟབས་བསམ་བློའི་ནང་གི་ངོས་འཛིན་དེ་ཡང་རང་ངོས་ནས་གྲུབ་པ་ལས་རང་ངོས་ནས་མ་གྲུབ་པའི་ངོས་འཛིན་ཞིག་གཏན་ནས་ཡོང་ཐུབ་ཀྱི་མེད། རང་ལ་མིས་བཀྲ་ཤིས་རྐུན་མ་ཞེས་བརྗོད་པའི་ཚེ་ང་རྐུན་མ་མིན་པ་ལ་རྐུན་མ་ཞེས་བརྗོད་ཀྱི་འདུག་ཅེས་ཕོག་ཐུག་འགྲོ་སའི་ང་རང་ངོས་ནས་གྲུབ་པ་ཞིག་གི་སྣང་བ་འཆར་ནས་ནད་མི་འཁྱོག་པ་ཡོང་གི་ཡོད།

སྐབས་དེར་ངར་འཛིན་ལྷན་སྐྱེས་དེ་མངོན་གསལ་དོད་པོ་བྱས་ནས་ཚུར་དོན་ཡོང་བ་ལས། ནམ་རྒྱུན་མངོན་གསལ་མེད་པར་སྣང་མེད་ཐོག་གནས་ཡོད། དེ་ལྟ་བུའི་ངར་འཛིན་གྱི་བསམ་བློ་དེ་ནི་འབུ་གྲོག་མ་ལའང་ཡོད། འབུ་གྲོག་མ་ཡོང་བའི་སྐབས་ལ་རྒྱུག་པ་གཅིག་ཕར་བཙུགས་ན་ཁོང་ཁྲོ་ལངས་ཏེ་གནོད་པ་སྐྱེལ་མཁན་ཞིག་འདུག་བསམས་ནས་ཚུར་འཛིང་རྒྱུའི་བསམ་བློ་སྐྱེ་བཞིན་ཡོད། འཛིང་རྒྱུའི་བསམ་བློ་དེ་ནི་ངར་འཛིན་ཤུགས་ཆེན་པོ་ཡོད་པའི་རྟགས་རེད། འབུ་གྲོག་མ་ཚུན་ཆད་ལ་དེ་ལྟར་ཡོད་ན་མི་ལ་ལྟ་ཅི་སྨོས། ངར་འཛིན་གྱི་བསམ་བློ་དེས་སྐབས་སྐབས་སུ་ཕན་ཐོགས་ཀྱི་རེད།

དཔེར་ན། ངས་སློབ་སྦྱོང་དང་མི་ཡག་པོ་མ་བྱས་ན་ག་ལ་འགྲིག ང་མིའི་རྗེས་སུ་ལུས་ན་ངོ་ཚ་སྙམ་པའི་བསམ་བློ་ཞིག་ཡོང་གི་ཡོད། རང་ཉིད་རྩ་ཆེན་པོ་བྱེད་པ་དེ་མེད་ན་གཞན་དང་འགྲན་སྡུར་བྱ་རྒྱུའི་བསམ་བློ་དེ་ཡོང་གི་མ་རེད། འཛིན་གྲྭ་གཅིག་གི་ནང་སློབ་ཕྲུག་མང་པོ་ཡོད་པ་དང་། རང་གི་འཁྲིས་ཀྱི་སློབ་ཕྲུག་དེའི་ཡིག་ཚད་ཀྱི་བརྒྱ་ཆ་མཐོན་པོར་སླེབས་ཤིང་། རང་ཉིད་རྗེས་ལུས་ཐེབས་ཡོད་ན་ང་གཉིས་འཛིན་གྲྭ་གཅིག་པ་རེད། ཁོའི་རྗེས་སུ་ང་ལུས་ན་ངོ་ཚ་སྙམ་པའི་བསམ་བློ་ཞིག་ཡོད།

བསམ་བློ་དེའི་ནང་རང་ཉིད་རྩ་ཆེན་པོ་བྱེད་པའི་བསམ་བློ་དེ་ཡོད། དེ་ནི་རྗེས་ལུས་ཐེབས་འདོད་མེད་པའི་བསམ་བློ་ཞིག་རེད། དེ་གལ་གནད་ཆེན་པོ་རེད་ལ་ཕན་ཡང་ཐོགས་ཀྱི་ཡོད། དེ་མེད་ན་ཁོ་སྔོན་ལ་འགྲོ་ནའང་འགྲོ་སྙམ་པ་ཞིག་ལས་ཕ་རོལ་པོའི་རྗེས་ཟིན་པ་བྱ་རྒྱུའི་འབད་བརྩོན་བྱེད་རྒྱུའི་བསམ་བློ་དེ་ཡོང་གི་མེད། རང་ཉིད་རྩ་ཆེན་པོ་བྱེད་པ་ཞིག་ཡོད་ན་འབད་བརྩོན་བྱེད་རྒྱུའི་བསམ་བློ་ཞིག་ཡོང་གི་རེད། རང་ཉིད་རྩ་ཆེན་པོ་བྱེད་རྒྱུའི་བསམ་བློ་དེས་སྐབས་རེ་ཕན་ཐོགས་ལ་སྐབས་རེ་གནོད་ཀྱང་སྐྱེལ་གྱི་ཡོད།

གནོད་སྐྱེལ་ཚུལ་ནི་དེས་གཞན་ལ་རྒྱག་རེས་བརྒྱབ་སྟེ་ཧ་ཅང་སྡུག་ཆགས་བྱེད་ཀྱི་རེད། ཕན་ཐོགས་ཚུལ་ནི་དེས་གཞན་ལ་སློབ་སྦྱོང་སྤྲོད་པ་དང་། རང་ཉིད་ཡག་པོ་བྱེད་པ་ལ་སོགས་པ་ཡོད། གཞན་ལས་ལྷག་པ་མ་བྱུང་ཡང་གཞན་དང་འདྲ་མཚུངས་པ་ཞིག་བྱེད་བསམ་པའི་བསམ་བློ་ཞིག་ཡོང་གི་ཡོད། དཔེ་མང་པོའི་ཐོག་ནས་བསམ་བློ་བཏང་ན་ང་རྩ་ཆེན་པོ་བྱེད་ཚུལ་འདི་ལ་ཁྱད་པར་གང་ཞིག་འདུག་གམ། རང་ཉིད་དགའ་པོ་དང་སྡུག་པོ། མགོ་དང་རྐང་པ་ན་བ། ཡང་ན་རྗེས་ལུས་ཐེབས་པ་བཅས་ཀྱི་སྐབས་བསམ་བློ་གཏོང་སྟངས་གང་འདྲ་ཞིག་འདུག་གམ། སྐབས་རེ་ཁོང་ཁྲོ་ཤུགས་ཆེ་ལང་སྐབས་ཁོག་པའི་ནང་རྡོག་རྡོག་ཅིག་བརྫངས་པ་ལྟ་བུའི་སྣང་བ་འཆར། སྐབས་རེ་ང་ཞེས་པ་དེ་རང་གི་ཕུང་པོ་ལྔ་དང་གཅིག་པ་ཡིན་པ་ལྟ་བུ་དང་། ཡང་སྐབས་རེ་རང་གི་ཕུང་པོ་ལྔ་དང་ལོགས་སུ་ཡོད་པ་ལྟ་བུ་སོགས་དེ་ལྟ་བུའི་བསམ་བློ་འཁོར་སྟངས་མང་པོ་ཞིག་ཡོང་རྒྱུ་ཡོད།

བསམ་བློ་འཁོར་སྟངས་མི་འདྲ་བ་རེ་རེར་རིགས་པ་རེ་རེ་བྱས་ཏེ་སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གཏན་ལ་ཕབ་ཅེས་པ་དེ་བྱུང་བ་རེད། ང་རང་ཚོའི་བསམ་བློའི་ཐོག་ལ་འདྲ་མིན་སྣ་ཚོགས་འཁོར་རྒྱུ་ཡོད་པ་དེ་ལ་སྟོང་ཉིད་སྒྲུབ་པའི་རིགས་པ་མི་འདྲ་བ་རེ་ཁ་གཏད་དུ་ཡོད། དཔེར་ན། མུ་སྟེགས་པས་གང་ཟག་གི་བདག་ཁས་ལེན་པའི་རྒྱུ་མཚན་མང་པོ་ཡོད། དེ་ལ་ང་ཚོ་ནང་པ་སངས་རྒྱས་པའི་གཞུང་ལ་སློབ་སྦྱོང་བྱེད་མྱོང་བ་ཞིག་གིས་བལྟས་ན་ཁོང་ཚོས་བཤད་པ་དེ་མ་རེད་སྙམ་པ་ཞིག་ཡོང་གི་ཡོད། དོན་དངོས་ཐོག་སྐབས་སྐབས་ལ་ཁོང་ཚོས་བཤད་པ་དེ་ལ་རྒྱུ་མཚན་གང་འཚམ་འདུག་སྙམ་པ་དྲན་གྱི་རེད།

ཆོས་ཀྱི་ནང་ནས་བཤད་ན། ད་རེས་ཀྱི་སྐྱེ་བ་འདི་མུ་སྟེགས་པའི་ལྟ་བའི་བག་ཆགས་མེད་ཀྱང་སྐྱེ་བ་སྔ་མར་མུ་སྟེགས་པའི་སྐྱེ་བ་བླངས་ནས་བག་ཆགས་ཤུགས་ཆེན་པོ་ཡོང་སྲིད་པར་གསུངས་པ་ལྟར་འདི་ལའང་དེ་ལྟར་ཡོང་སྲིད། སྟོང་ཉིད་ཀྱི་ལྟ་བར་སྔོན་ལ་བྱེ་བྲག་སྨྲ་བས་བཤད་པའི་གང་ཟག་གི་བདག་མེད་རགས་པ་དེ་དང་། དེ་ནས་ཡར་སོང་སྟེ་དབུ་མ་ཐལ་འགྱུར་པའི་བདག་མེད་ཕྲ་མོའི་བར་དུ་རིམ་པས་སློབ་སྦྱོང་བྱེད་རྒྱུ་དེ་ཡག་པོ་ཡོད། སངས་རྒྱས་ཀྱིས་བདག་མེད་གསུང་སྐབས་དང་པོ་གང་ཟག་གི་བདག་མེད་རགས་པ་དང་། དེ་ནས་ཆོས་ཀྱི་བདག་མེད་རགས་པ་དང་ཕྲ་མོ་གསུངས་ཏེ་ཨ་མ་མཁས་པས་ཕྲུ་གུ་གསོ་སྐྱོང་བྱེད་པ་བཞིན་གནང་བ་རེད།

ང་རང་ཚོ་ཆོས་ལུགས་ལ་ཞིབ་འཇུག་གནང་མཁན་ཚོས་འདིའི་ནང་བྱ་རྒྱུ་ཧ་ཅང་མང་པོ་ཡོད། མཚན་ཉིད་རིག་པའི་ཐོག་ནས་དང་། སེམས་ཁམས་རིག་པ་ལ་སོགས་པ་མང་པོ་ཞིག་ཡོད། ང་རང་ཚོ་ནང་པ་སངས་རྒྱས་པའི་ཆོས་དེ་མིའི་རིགས་ཀྱི་བསམ་བློའི་སྙིང་བཅུད་ཡིན་ཞེས་ངས་དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་། དེང་སང་མི་མང་ཆེ་བས་ནང་པ་སངས་རྒྱས་པའི་ཆོས་དེ་མིའི་རིགས་ཀྱི་བསམ་བློ་གཙོག་པ་ཀུན་རུབ་རུབ་བཟོས་པ་ཞིག་རེད་ཅེས་བརྗོད་ཀྱི་ཡོད། ངས་བལྟས་ན་འདིའི་ནང་མིའི་རིགས་ཀྱི་བསམ་བློའི་སྙིང་བཅུད་མང་པོ་འདུས་ཡོད། ང་ཚོས་སྙིང་བཅུད་ཡིན་པ་རྣམས་ཚུར་ལེན་པ་དང་། སྙིང་བཅུད་མིན་པ་རྣམས་ཕར་དོར་དགོས། ཆོས་ལུགས་ལ་ཞིབ་འཇུག་བྱས་ཕྱིན་ཆད་མཇུག་སྡོམ་གང་འདྲ་ཞིག་རྒྱག་མིན་དེ་ཁག་པོ་འདུག

མཇུག་སྡོམ་རྒྱག་སར་སླེབས་སྐབས་སྨྱུ་གུ་དེ་ཕར་བཞག་ནས་ཐ་མག་གཅིག་འཐེན་ནས་བསམ་བློ་གཏོང་བ་དང་། བསྐྱར་སུབ་ཡང་སུབ་མང་པོ་བྱེད་པ་དང་། གང་འཚམ་ཞིག་ནས་ཕར་གཡུགས་པ་དེ་ལྟར་ཡོང་གི་འདུག དེ་ཁག་པོ་ཡོད་པ་རེད། ཕྱེད་ཀ་དེ་བདེན་པ་བདེན་གཏུག་དང་། ཕྱེད་ཀ་རྩ་དོན་བཞི་དང་བསྟུན་དགོས་པས་ལྕི་ཡང་ཤོར་ནས་མཇུག་སྡོམ་རྒྱག་རྒྱུ་ཁག་པོ་ཡོད། ང་རང་གི་ཉམས་མྱོང་ལ་དེ་འདྲ་བྱུང་། དེ་ལྟ་བུའི་ཐོག་ལ་བཤད་རྒྱུ་དེ་ཧ་ཅང་ཁག་པོ་ཡོད། དབུ་མའི་བསྟན་བཅོས་རྣམས་ལས་འཁོར་བའི་རྩ་བ་སྤོང་བར་སྟོང་ཉིད་མངོན་སུམ་དུ་རྟོགས་དགོས་པར་གསུངས་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་གང་ཟག་དེས་འཁོར་བ་སྤངས་པའི་ཚུལ་ཇི་ལྟར་ཡིན་ཞེ་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཞེས་པ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་། མཐོང་ལམ་འཐོབ་པ། རང་རྒྱུད་ལ་འཕགས་ལམ་ཐོབ་པ། རང་ཉིད་འཕགས་པ་ཆགས་པ་རྣམས་དུས་མཉམ་རེད།

འཁོར་བ་ཞེས་པ་ནི་ཡང་ཡང་སྐོར་བ་རྒྱག་པའི་དོན་རེད། སྐོར་བ་དེ་ཡང་རང་དབང་ཡོད་པའི་ཐོག་ནས་མིན་པར་རང་དབང་མེད་པའི་ཐོག་ནས་ཡིན། སྐོར་བ་རྒྱག་ས་དེ་འགྲོ་བ་རིགས་དྲུག་གི་ནང་དུ་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་དེ་ཡིན། སྐོར་བ་རྒྱག་སྟངས་དེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་དང་། རྟེན་འབྲེལ་གཅིག་གི་མཇུག་མ་རྫོགས་གོང་དུ་ཡང་རྟེན་འབྲེལ་གཞན་ཞིག་འགོ་ཚུགས་ཏེ་ཡང་ཡང་སྐོར་བ་རྒྱག་གི་ཡོད། མདོར་བསྡུས་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་མ་ཐར་བས་འཁོར་བ་ལས་ཐར་མེད་པ་དང་། འཁོར་བ་པ་དང་སོ་སོའི་སྐྱེ་བོ་ཞེས་བརྗོད།

སོ་སོའི་སྐྱེ་བོ་ཞེས་པ་ནི། སོ་སོའི་ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་ལ་རང་དབང་མེད་པར་སྐྱེ་དགོས་པ་དེ་ལ་ཟེར། འཁོར་བ་ནི་ལས་དང་ཉོན་མོངས་དབང་གིས་རང་དབང་མེད་པར་སྐྱེ་བ་ལེན་དགོས་པ་དེ་ལ་འཁོར་བ་ཟེར། སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཞེས་པ་དང་། སྟོང་ཉིད་དོན་སྤྱིའི་སྒོ་ནས་རྟོགས་པ་ཞེས་པ་ནི། སྟོང་ཉིད་དངོས་གནས་དྲང་གནས་རྟོགས་པ་དང་སྟོང་ཉིད་འདྲ་པོ་ཞིག་རྟོགས་པའི་ཁྱད་པར་རེད། དེ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དགོས་པ་གང་རེད་ཅེ་ན། ཐེག་པ་ཆེན་པོའི་ཆོས་ཀྱི་ནང་ནས་བཤད་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པ་ནི་གསང་སྔགས་ཀྱི་ཆོས་བྱས་ན་མ་གཏོགས་ཡོང་ཐབས་མེད།

རྒྱུ་མཚན་ནི། ཕར་ཕྱིན་ཐེག་པའི་སྐབས་སུ་སེམས་རགས་པས་སྟོང་ཉིད་རྟོགས་པ་ལས་སེམས་ཕྲ་མོས་སྟོང་ཉིད་རྟོགས་པ་མིན་པ་དང་། འཁོར་བ་ལས་དངོས་གནས་ཐར་དགོས་ན་སེམས་རགས་པ་ཙམ་གྱིས་སྟོང་ཉིད་རྟོགས་པ་མིན་པར་སེམས་ཕྲ་མོས་སྟོང་ཉིད་རྟོགས་དགོས། སེམས་རགས་པ་ཙམ་གྱིས་སྟོང་ཉིད་རྟོགས་པས་ནི། ཉོན་མོངས་སྤོང་ཐུབ་ཀྱང་ཉོན་མོངས་ཀྱི་བག་ཆགས་སྤོང་མི་ཐུབ། ཉོན་མོངས་ཀྱི་བག་ཆགས་སྤོང་བ་ལ་སེམས་ཕྲ་མོས་སྟོང་ཉིད་རྟོགས་དགོས། དེ་ནི་ངེས་པར་དུ་གསང་སྔགས་ཀྱི་ཆོས་བྱས་ན་མ་གཏོགས་ཡོང་ཐབས་མེད། སྟོང་ཉིད་མངོན་སུམ་དུ་རྟོགས་ན་ལས་འབྲས་ཀྱི་རྣམ་གཞག་མངོན་སུམ་དུ་རྟོགས་པས་ཨེ་ཁྱབ་ཅེ་ན། དེ་ལྟར་ཁྱབ་པའི་ངེས་པ་མེད།

གང་ཡིན་ཞེ་ན། ལས་འབྲས་ཀྱི་རྣམ་གཞག་མངོན་སུམ་དུ་རྟོགས་པ་དེ་སངས་རྒྱས་ལ་མ་གཏོགས་མེད། སྟོབས་བཅུའི་ནང་གི་ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་ཞེས་པ་དེ་མ་ཐོབ་བར་དུ་ལས་འབྲས་ཀྱི་རྣམ་གཞག་མངོན་སུམ་དུ་མཁྱེན་པ་དེ་མི་ཡོང་། དེ་ནི་སངས་རྒྱས་ཁོ་ནའི་ཁྱད་ཆོས་རེད། སྟོང་ཉིད་མངོན་སུམ་དུ་རྟོགས་པ་དེ་ཉན་རང་དང་ཐེག་ཆེན་དགྲ་བཅོམ་པ་ལ་ཡོད། སྟོང་ཉིད་མངོན་སུམ་དུ་རྟོགས་ན་ལས་འབྲས་ལ་བརྩི་འཇོག་ཆེ་རུ་འགྲོ་ངེས་ཡིན། འོན་ཀྱང་། ལས་འབྲས་ཀྱི་གནས་ཚུལ་ཕྲ་ཞིང་ཕྲ་བ་ཀུན་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་མཁྱེན་པ་དེ་སངས་རྒྱས་ཁོ་ནའི་ཁྱད་ཆོས་རེད།

ང་དང་ང་ཡིར་འཛིན་པའི་བདག་འཛིན་གཉིས་ཀྱི་ཁྱད་པར་ནི། འདི་ང་རང་གི་ཡིན། འདི་ངའི་མིན་ན་སུའི་ཡིན་ཞེས་པའི་སྐབས་སུ་རང་གི་ཡིན་པའི་དངོས་པོ་ཞིག་བསམ་བློའི་ནང་རང་ངོས་ནས་ཚུར་གྲུབ་པ་དང་། དངོས་པོ་དེ་དབང་བསྒྱུར་བྱ་དང་། ལོངས་སྤྱད་བྱ་ལྟ་བུ་དང་། རང་ཉིད་དེའི་དབང་སྒྱུར་བ་པོ་དང་། ལོངས་སྤྱོད་པ་པོ་ཡིན་པར་རང་ངོས་ནས་གྲུབ་པའི་བསམ་ཚུལ་ཞིག་ཡོད། དེ་ལ་ང་ཡིར་འཛིན་པའི་འཇིག་ལྟ་ཞེས་དང་། དེ་ལ་ལོངས་སྤྱོད་པ་པོ་དང་། ལོངས་སྤྱད་བྱ། དབང་སྒྱུར་བ་པོ་དང་། བསྒྱུར་བྱ་ཡིན་པར་རང་ངོས་ནས་གྲུབ་པའི་སྣང་ཚུལ་ཞིག་ཡོད། དེ་ལ་ང་ཡིར་འཛིན་པའི་འཇིག་ལྟ་ཟེར་བ་དང་། ངར་འཛིན་གྱི་འཇིག་ལྟ་མེད་ན་ང་ཡིར་འཛིན་པའི་འཇིག་ལྟ་མི་ཡོང། འདི་ངའི་ཡིན་ཞེས་བརྗོད་པའི་ཚེ་ང་ཡིར་འཛིན་པའི་འཇིག་ལྟ་དེ་གསལ་པོ་མི་འདུག མི་གཞན་ཞིག་གིས་དངོས་པོ་དེ་རང་གི་ལག་ནས་འཕྲོག་རྩིས་བྱེད་དུས་འདི་ངའི་མིན་ན་སུའི་ཡིན་ཞེས་བསམ་བློ་དེ་གཏོང་བའི་སྐབས་སུ་ལོངས་སྤྱོད་པ་པོ་དང་སྤྱད་བྱ་དང་། དབང་སྒྱུར་བ་པོ་དང་བསྒྱུར་བྱར་རང་ངོས་ནས་གྲུབ་པའི་བསམ་ཚུལ་ཞིག་ཡོད། བསམ་བློ་དེ་འདི་ལྟར་བཞག་པ་རེད།

༣) ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྐོར།

ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་ཞེས་པ་དེ་ནང་རིག་པ་དང་ཕྱི་རིག་པ་གང་ཞིག་ཡིན་ནམ་ཞེ་ན། ཐུན་མོང་བའི་བསྟན་བཅོས་ནི་སྒྲ་རིག་པ་དང་། སྡེབ་སྦྱོར། སྙན་ངག་ལ་སོགས་དེ་དག་ཐུན་མོང་བའི་བསྟན་བཅོས་རེད། ཐུན་མོང་མ་ཡིན་པའི་བསྟན་བཅོས་དེ་ནང་དོན་རིག་པ་རེད། ཚད་མ་རྣམ་འགྲེལ་དེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་གང་ཡིན་མིན་ཐོག་ལ་ཤོད་སྟངས་མི་འདྲ་བ་ཡོད། རྗེ་ཙོང་ཁ་པ་ཆེན་པོ་མ་བྱོན་གོང་ང་རང་ཚོའི་བོད་ཀྱི་མཁས་པ་ཁག་གཅིག་གིས་ཚད་མ་རིག་པ་ཕྱི་ནང་ཐུན་མོང་བའི་བསྟན་བཅོས་ཡིན་པ་ལས་ནང་དོན་རིག་པ་མིན་ཞེས་གསུངས་ཡོད། རྗེ་ཙོང་ཁ་པ་ཕེབས་རྗེས་དགེ་ལུགས་པ་དང་ས་སྐྱ་པ་ཚོས་ནང་དོན་རིག་པའི་བསྟན་བཅོས་ཡིན་པར་གསུངས། དེ་མིན་གྲུབ་མཐའ་གཞན་གྱི་ནང་ཐུན་མོང་དང་ཐུན་མོང་མིན་པ་ཡིན་མིན་གྱི་གསུང་སྟངས་མི་འདྲ་བ་ཡོད། སྟོང་ཐུན་ཞེས་པ་ཞིག་ཡོད། དེ་ནི་ཆེད་རྩོམ་ཞིག་རེད། དཀའ་གནད་ཀྱི་དོན་དག་རྣམས་ཟུར་དུ་བཏོན་ནས་དམིགས་སུ་བཀར་བའི་དཔེ་ཆ་ཞིག་རེད།

དཔེར་ན། སྨན་ལ་ཆ་བཞག་ན་སྨན་ཡིན་ཚད་མ་ཡིན་པར་སྨན་གྱི་ནང་ནས་གལ་ཆེ་བ་དང་གནད་འགག་ཆེ་བ་རྣམས་ཚུར་བསྡུས་ནས་ཡོད་པ་ལ་སྨན་གྱི་སྟོང་ཐུན་ཟེར་བ་རེད། དེ་བཞིན་ནང་དོན་རིག་པའི་ནང་གི་གལ་གནད་ཆེ་བ་བསྡུས་ནས་བཤད་པ་བྱས་པའི་དཔེ་ཆ་ཞིག་ཡོད་པ་དེར་སྟོང་ཐུན་ཟེར་བ་ཡིན། དེའི་ནང་ནང་དོན་རིག་པའི་དོན་དག་ཚང་མ་མ་བཤད་པར་གལ་ཆེ་བ་རྣམས་བཤད་ཡོད། དེ་ནས་སྤྱོད་འཇུག་གི་གཞུང་ནང་ལ་བྱང་ཆུབ་སེམས་ཀྱི་ཕན་ཡོན་དང་། མ་སྐྱེས་པ་སྐྱེ་ཚུལ། སྐྱེས་པ་གོང་ནས་གོང་དུ་འཕེལ་ཚུལ་སོགས་ཤིན་ཏུ་རྒྱས་པར་གསུངས་འདུག་ཀྱང་། བྱང་ཆུབ་སེམས་ཀྱི་སྡོམ་པ་ལེན་ཚུལ་གསུངས་མི་འདུག་སྙམ་ན། དེ་ལྟར་མིན་ཏེ་སྨོན་སེམས་ཆོ་གས་གཟུང་ཚུལ་ཟེར་བ་ཞིག་ཡོད་པ་དེ་བྱང་ཆུབ་སེམས་ཀྱི་སྡོམ་པ་ལེན་སྟངས་དེ་རེད། སྨོན་སེམས་དང་འཇུག་སེམས་མཉམ་དུ་ལེན་པ་དང་སོ་སོར་ལེན་པ་གཉིས་ཡོད་པ་ལས། སྤྱོད་འཇུག་ནང་ཡོད་པ་དེ་སྨོན་སེམས་དང་འཇུག་སེམས་མཉམ་དུ་ལེན་རྒྱུའི་ཆོ་ག་དེ་རེད།

དེ་ནས་བྱང་ཆུབ་སེམས་སྡོམ་གྱི་སྐོར་དེ་རེད། བྱང་ཆུབ་སེམས་སྡོམ་ལས་ཉམས་ན་ཉེས་པ་ལྕི་བས་སེམས་ཅན་ཐ་མལ་པས་བྱང་ཆུབ་ཀྱི་སེམས་སྡོམ་བླངས་པའི་དགེ་བ་ལས་སྡིག་པ་ལྕི་བར་མི་འགྱུར་རམ་ཞེ་ན། བྱང་ཆུབ་ཀྱི་སེམས་སྡོམ་དེ་སྲུང་ཁག་པོ་ཡོད་པ་དང་། དེ་ལྟར་ཡོད་པ་དེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གསུངས་ཡོད། ང་ལ་སོ་ཐར་གྱི་སྡོམ་པ་དང་འགལ་བའི་ཉེས་པ་ཡོང་མ་མྱོང་། བྱང་སེམས་ཀྱི་སྡོམ་པ་དང་འགལ་བའི་ཉེས་པ་དེ་མང་པོ་ཡོང་གི་འདུག གསང་སྔགས་ཀྱི་སྡོམ་པ་དང་འགལ་བའི་ཉེས་པ་ནི་ཆར་བབས་པ་བཞིན་དུ་ཡོང་གི་འདུག་ཅེས་གསུངས་པ་རེད། བྱང་སེམས་ཀྱི་སྡོམ་པ་དེ་སྲུང་ཁག་པོ་ཡོད་པ་དེ་ང་རང་ཚོས་ང་ཟེར་བ་དེ་རྩ་ཆེན་པོར་བརྩི་བ་དང་། ང་ཟེར་བའི་བསམ་བློ་དེ་ཤུགས་ཆེན་པོ་དང་གཞན་ཟེར་བའི་བསམ་བློ་ཤུགས་ཆུང་བ་ཡོད་པའི་ཐོག་ནས་སྲུང་ཁག་པོ་ཡིན་པ་དེ་ཤོད་མི་དགོས་པ་རེད།

བསམ་བློ་དེ་བརྗེས་ཏེ་རང་བློས་བཏང་ནས་གཞན་གཅེས་པར་འཛིན་པའི་བསམ་བློ་དེ་རྒྱུད་ལ་བསྐྱེད་ན་བྱང་ཆུབ་སེམས་པའི་སྡོམ་པ་སྲུང་ཁག་པོ་མེད། སྲུང་ཁག་པོ་མེད་པར་མ་ཟད་ད་དུང་ཡང་གཞན་གྱི་དོན་དུ་རང་གི་སྲོག་གཏོང་དགོས་བྱུང་ཡང་གཞན་ལ་ལ་ཕུག་ཅིག་སྤྲད་པ་ལྟ་བུ་ཞིག་ལས་མེད། རང་ཉིད་ཀྱི་སྐེ་སྦྱིན་པ་བཏང་ཡང་དེ་ལ་ཕངས་སེམས་གཅིག་ཀྱང་མི་ཡོང་།

ལུས་ཀྱི་སྡུག་བསྔལ་མི་འབྱུང་ན། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། །ཅེས་གསུངས་པ་ལྟར་དེ་ལྟ་བུའི་ཚད་མཐོ་པོར་སླེབས་ཡོད། སྡོམ་པ་སྲུང་ཁག་པོ་ཡོད་མེད་ཟེར་བ་དེ་གཙོ་བོ་རང་ཉིད་ཀྱི་བསམ་བློའི་རྨང་གཞི་དེ་གང་འདྲ་ཞིག་གི་ཐོག་ཏུ་ཡོད་མེད་ཀྱི་ཁྱད་པར་རེད།

གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། ། ཞེས་གསུངས་པ་ལྟར་གོམས་ཟིན་ན་ལས་སླ་པོ་མིན་པའི་དངོས་པོ་ཞིག་མེད་ཅེས་གསུངས་པ་ཡིན། དཔེར་ན། ཆུ་རྐྱལ་རྒྱག་མཁན་དང་། ཐག་མཆོང་རྒྱག་མཁན་དེ་དག་ལ་གོམས་འདྲིས་ཆགས་ཟིན་རྗེས་དཀའ་ལས་མེད། པ་ལིའི་ཞབས་བྲོ་སྦྱོང་མཁན་དེ་དག་དང་པོ་རྐང་པ་ནས་ཁྲག་འཐོན་པ་སོགས་དཀའ་ལས་ཆེན་པོ་ཡོད། གོམས་འདྲིས་ཆགས་རྗེས་ལས་སླ་པོ་ཡོད། འཁྱགས་པའི་སྟེང་དུའང་པ་ལིའི་ཞབས་བྲོ་རྒྱག་མཁན་དེ་འདྲ་ཡོད།

བྱང་ཆུབ་སེམས་དཔའ་དང་སེམས་དཔའ་ཆེན་པོ་གཉིས་ལ་ཁྱད་པར་གང་ཞིག་ཡོད་ཅེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བརྒྱད་སྟོང་པའི་ནང་མང་དུ་ཡོད། བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་པ་ནས་བྱང་ཆུབ་སེམས་དཔར་གཞག་ཆོག་ཅིང་། སེམས་དཔའ་ཆེན་པོ་ཞེས་བརྗོད་སྐབས་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རེད། ས་དང་པོ་ནས་ས་བཅུ་པའི་བར་གྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་རེད། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ས་དང་པོར་སྦྱིན་པའི་ཕར་ཕྱིན་ཁྱད་པར་དུ་འཕགས་པ་དང་། ས་གཉིས་པར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཁྱད་པར་དུ་འཕགས་པ་བཅས་དེ་ལྟར་ས་རེ་རེར་ཕར་ཕྱིན་རེའི་ཉམས་ལེན་ཁྱད་པར་བ་གོང་འཕེལ་དུ་འགྲོ་བར་གསུང་གི་ཡོད། དེར་བརྟེན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་གསུངས་པ་རེད།

༤) བོད་ཀྱི་སྐད་ཡིག་དང་། བོད་རིག་པའི་ཞིབ་འཇུག་གི་གནད་དོན། 

བོད་རིག་པར་ཞིབ་འཇུག་བྱེད་པར་བོད་ཀྱི་སྐད་ཡིག་ཤེས་དགོས་སམ་ཞེ་ན། མདོར་བསྡུས་ཏེ་བཤད་ན་བོད་རིག་པའི་ཞི་འཇུག་བྱེད་པར་བོད་ཀྱི་སྐད་ཡིག་ཤེས་དགོས། དེ་ལ་རྒྱུ་མཚན་མང་པོ་ཡོད། གང་ཡིན་ཟེར་ན། བོད་རིག་པའི་ཞིབ་འཇུག་ཅེས་པ་དེ་ཕྱོགས་གཅིག་ནས་སྤྱི་ཚོགས་ཐོག་ཏུ་འབྲེལ་བ་བྱེད་རྒྱུ་དང་། བོད་ཀྱི་གནས་ཚུལ་རྒྱུས་མངའ་ཡོད་པའི་མི་མང་པོ་ཞིག་གི་སར་འགྲོ་དགོས། བོད་སྐད་མ་ཤེས་ན་ཡོང་ཐབས་མེད། དཔེར་ན། བོད་ཀྱི་བཙོན་ཁང་གི་གནས་ཚུལ་རྩད་གཅོད་བྱེད་དགོས་བྱུང་ན། བཙོན་ཁང་ནང་བསྡད་མྱོང་བ་ཞིག་གི་སར་ཕྱིན་ནས་བཙོན་ཁང་གི་གནས་ཚུལ་ལ་བརྟག་དཔྱད་དང་། བཙོན་ཁང་ནང་བཙོན་པར་ཉེས་རྡུང་གཏོང་མཁན་གྱི་དཔོན་པོ་གཉིས་ཀར་འབྲེལ་བ་བྱས་ཏེ་བརྟག་དཔྱད་བྱེད་དགོས་པ་མ་རེད་དམ། དེ་དང་དེ་འདྲ་བའི་གནས་ཚུལ་མང་པོ་ཞིག་དཔྱད་གཞི་གསོན་པོ་ དང་འབྲེལ་བ་བྱས་ནས་བརྟག་དཔྱད་བྱེད་དགོས།

དེར་བརྟེན། བོད་སྐད་མ་ཤེས་ན་འབྲེལ་བ་བྱེད་ཐབས་མེད། ཁོང་ཚོས་རྒྱ་སྐད་དང་དབྱིན་ཇི་ནི་ག་ནས་ཤེས། སྒྲ་འཇུག་བྱས་པ་ཡིན་ནའང་བསྐྱར་དུ་མི་གཞན་ཞིག་གླས་ཏེ་འདྲི་དགོས། སོ་སོ་རང་གིས་བོད་སྐད་ཤེས་ན་སྒྲ་སྡུད་འཁོར་ལོ་ཞིག་ཁྱེར་ནས་འགྲོ་ཆོག འཚམས་འདྲི་བྱེད་དུས་བྱེད་སྟངས་མ་ཤེས་ན་མིས་བཤད་ཀྱི་མ་རེད། གསར་འགྱུར་འགོད་མཁན་གྱིས་དྲི་བ་བཏོན་པ་ལྟར་མིན་པར་མཁས་པོ་བྱས་ནས་འདྲི་དགོས། ཕ་གིར་སོང་སྟེ་རང་ཉིད་ཀྱིས་འདྲི་རྒྱུའི་ནང་དོན་རྣམས་གསལ་བཤད་དང་། ཁོང་ཚོས་བཤད་པ་དག་བང་འགྲིག་པོ་དང་གོ་རིམ་འགྲིག་པོ་ཡོང་གི་མ་རེད། ཁོང་ཚོས་གང་བཤད་པ་དེ་སྒྲ་སྡུད་འཁོར་ལོའི་ནང་བཅུག་སྟེ་དོགས་མ་ཆོད་པ་རྣམས་ལ་སྐད་ཆ་འདྲི་དགོས། དེ་ལ་བོད་སྐད་མ་ཤེས་ན་ག་ནས་ཡོང་། སོ་སོ་རང་གིས་ཀློག་ཤེས་པ་དང་དོན་གོ་བ་ཞིག་བྱུང་ན་ཡག་པོ་ཡོད། སྤྱི་ཚོགས་ནང་གི་མི་མང་པོ་ཞིག་ལ་འབྲེལ་བ་བྱེད་དགོས་ཀྱི་ཡོད།

ཕྱོགས་གཅིག་ནས་སྔར་གྱི་དཔྱད་གཞིའི་ཡིག་ཆ་རྙིང་པ་མང་པོ་ཞིག་དང་འབྲེལ་བ་བྱེད་དགོས། དེ་ཚོའི་ནང་སྐད་ཆ་མང་པོ་ཡོད་པ་རེད། དཔེར་ན། སྔོན་མ་ཕྱི་ལོ་ ༡༩༥༩ ལོར་དམངས་གཙོའི་བཅོས་སྒྱུར་བྱས་ནས་དེའི་བར་ལ་བོད་ཀྱི་སྤྱི་ཚོགས་ལ་བརྟག་དཔྱད་བྱེད་མཁན་མང་པོ་ཕྱིན་པ་རེད། དེའི་ནང་བོད་རིགས་དང་རྒྱ་རིགས་མང་པོ་ཡོད། ཁོང་ཚོ་ཁག་གཅིག་ལ་ཡིག་ཆར་བལྟ་རྒྱུའི་ཆུ་ཚད་དེ་ཙམ་མེད། ཡིག་ཆ་རྙིང་པ་མང་པོ་ལྟ་ཐུབ་མེད། སྔ་མོའི་ཡིག་ཆ་རྙིང་པ་དེ་ཚོའི་ནང་སྐད་ཆ་ཤོད་སྟངས་མི་འདྲ་བ་ཞིག་ཡོད་པ་རེད། དེའི་གོ་བ་ལེན་མ་ཐུབ་པས་མི་དང་འབྲེལ་བ་བྱས། འོན་ཏེ། མི་ཁག་གཅིག་གིས་ཕྱེད་ཀ་མ་གཏོགས་ཤོད་ཀྱི་མ་རེད། ཁག་གཅིག་གིས་གོ་ལྡོག་ནས་ཤོད་པ། དེར་བརྟེན། སྐབས་དེའི་ཆབ་སྲིད་ཀྱི་གནས་ཚུལ་དང་རྙོག་དྲ་ཚ་པོར་ཞེད་ནས་འདི་འདྲ་ལབ་ན་མ་གཏོགས་འགྲིག་གི་མ་རེད་ཅེས་ཡིན་པ་དེ་མིན་པ་དང་། མིན་པ་དེ་ཡིན་པར་བཟོས་ནས་བཤད་པའི་སྐད་ཆ་དག་ཡིག་ཐོག་ཏུ་བཀོད་པ་དེ་འདྲ་མང་པོ་འདུག

དེ་འདྲ་མིན་པར་དངོས་གནས་དྲང་གནས་དང་བདེན་པ་བདེན་ཐུབ་ཀྱི་གནས་ཚུལ་ཞིག་འབྲི་དགོས་བྱུང་ན་ལུང་པ་དེའི་མང་ཚོགས་ཀྱི་སྐད་དེ་ཤེས་པར་བྱེད་དགོས། མི་རིགས་གང་འདྲ་ཞིག་གི་སྤྱི་ཚོགས་དང་། བསམ་བློ། ཆོས་ལུགས་ལ་སོགས་པར་ཞིབ་འཇུག་བྱེད་པར་སྐད་ཡིག་མ་ཤེས་པར་ཐབས་མེད། ཞིབ་འཇུག་བྱེད་མཁན་ཞེས་པ་དེ་སྐད་ཡིག་སྣེ་ཁ་གསུམ་ཤེས་ན་ཨང་ཀི་དང་པོ་རེད། བོད་ལ་དམངས་གཙོའི་བཅོས་སྒྱུར་དང་བཅིངས་གྲོལ་དམག་མི་མ་ཡོང་བའི་སྔོན་ཕྱི་རྒྱལ་གྱི་མིས་བོད་ལ་ཞིབ་འཇུག་མང་པོ་བྱས་པའི་ཡིག་ཆ་མང་པོ་འདུག དེ་ཚོ་རྩ་ཆེན་པོ་བྱེད་པར་དབྱིན་ཇི་ཤེས་དགོས། རང་མི་རིགས་ཀྱི་སྐད་ཡིག་བོད་སྐད་དང་བོད་ཡིག་ནི་གཙོ་བོ་རེད། དེའི་སྒང་ལ་དབྱིན་ཇི་དང་རྒྱ་ཡིག་ཤེས་དགོས། སྐད་ཡིག་དེ་གསུམ་ཙམ་ཧྲ་ཐག་ཐག་ཅིག་མེད་ན་འགྲིག་ཐབས་མེད། དབྱིན་ཇི་མ་ཤེས་ནའང་རྒྱ་སྐད་མ་ཤེས་པར་ཐབས་གཏན་ནས་མེད། ཐེལ་ཙེ་དམར་པོ་འཁྱེར་བ་གཅིག་པུས་དོན་དག་འགྲུབ་ཐུབ་ཀྱི་མ་རེད། བོད་ཀྱི་སྐད་ཡིག་ཤེས་དགོས་ཞེས་པའི་དོན་དག་དེ་འདྲ་རེད།

བོད་ཀྱི་སྐད་ཡིག་མ་ཤེས་པར་ཞིབ་འཇུག་བྱེད་མཁན་ཡོད་ཀྱང་། ཁོང་ཚོ་དབང་གྲགས་ཅན་དེ་འདྲ་ཡིན་པས་གཤམ་ལ་མི་གཞན་གཏོང་བ་མ་གཏོགས་རང་ཉིད་མ་སོང་བར་སྐད་ཆ་དྲིས་པ་རྣམས་ཚུར་བསྡུས་ཏེ་དཀའ་ལས་དེ་མིས་བརྒྱབ་དེའི་འབྲས་བུ་སོ་སོས་བེད་སྤྱོད་གཏོང་གི་ཡོད། དཀའ་ལས་དེ་ཕར་རྒྱུགས་ཚུར་རྒྱུགས་བྱེད་མཁན་དེས་བརྒྱབ་ཡོད་ཀྱང་འབྲས་བུ་དེ་དབང་གྲགས་ཅན་ཚོས་བསྡུ་གསོག་རྒྱག་གི་ཡོད། དེ་འདྲའི་ཐོག་ནས་གྱོང་རག་པ་མང་པོ་ཡོད་པ་རེད། དཔེར་ན། ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་བྲིས་ཡོད་པ་དང་། དེ་འབྲི་བའི་སྐབས་སུ་རྩོམ་སྒྲིག་པའི་མཚན་གཞུང་ནང་ཧྲི་ཀྲང་ཡོངས་རྫོགས་ཀྱི་མིང་འཁོད་ཡོད། ཁོང་ཚོས་ལས་ཀ་ཕར་བཞག་ཚོགས་འདུར་ཉི་མ་གཅིག་ཀྱང་ཕེབས་ཡོད་པ་མ་རེད། རྗེས་མ་དངུལ་དེ་བགོ་བཤའ་རྒྱག་དུས་དེ་ལེན་པར་སླེབས་ཡོད།

ད་ལྟ་ང་རང་ཚོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཞེས་པའི་མིང་དེ་འཛམ་གླིང་ཐོག་སྙན་གྲགས་ཆེན་པོ་ཆགས་ཡོད། དེ་ནས་བཏོན་པ་དེ་རྒྱ་ཡིག་དང་བོད་ཡིག་གང་ཡིན་རུང་བདེན་པ་བདེན་ཐུབ་དང་ཁུངས་དག་པོ་ཞིག་མ་བྱུང་ན་ངོ་ཚ་པོ་རེད། བདེན་པ་བདེན་གཏུག་དེ་ཏོག་ཙམ་ཁག་པོ་ཡོད། གཡས་གཡོན་གང་སར་བལྟས་ནས་ཐབས་མཁས་པོ་བྱེད་དགོས་ལས་སེམས་ལ་འཆར་ཚད་དང་ཁ་ནས་ཐོན་ཚད་བཤད་ན་མི་ཡོང་། ཡིན་ནའང་། གང་ཐུབ་ཅི་ཐུབ་ཀྱིས་བདེན་པ་བདེན་གཏུག་ཡོང་བ་བྱེད་དགོས། གལ་གནད་ཆེ་ཤོས་སྐད་ཡིག་གསུམ་ཤེས་པ་མ་བྱུང་ནའང་གཉིས་དེ་ཧྲ་ཐག་ཐག་ཅིག་མཁྱེན་པ་གནང་དགོས། ང་ལ་ཉམས་མྱོང་མང་པོ་ཡོད། རང་ཉིད་ལ་སྐད་ཡིག་གཅིག་ལས་འཁྱེར་རྒྱུ་མེད་པ་དང་། རྒྱ་སྐད་ཕྲན་ཙམ་ཤེས་པ་དེའང་མགོ་མཇུག་ཚང་བ་ཞིག་རྒྱག་མི་ཤེས། གལ་ཆེན་པོ་དེ་འདྲ་ཤོད་པའི་སྐབས་སྐད་སྒྱུར་གཅིག་ཁྲིད་ན་མ་གཏོགས་སོ་སོས་བཤད་པ་དེ་ག་ཕྱི་ག་ལོག་ཆགས་ན་མི་འགྲིག འདི་ནི་ང་ལ་དཀའ་ལས་ཧ་ཅང་ཁག་པོ་འདུག ཁྱེད་ཚོ་ནི་ལོ་གཞོན་ཡིན་པས་སྐད་ཡིག་གསུམ་སྦྱང་རྒྱུར་དཀའ་ལས་མེད།

ངའི་གོ་ཐོས་ལ་སྔ་ལོ་ནས་བཟུང་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ལ་དངུལ་གྱི་བཀའ་མོལ་མ་གཏོགས་ཞིབ་འཇུག་གི་བཀའ་མོལ་མི་འདུག་ཟེར། དེ་དཀྲོག་གཏམ་དང་དངོས་གནས་གང་ཡིན་མི་ཤེས། དངུལ་གཅིག་པུར་མགོ་འཁོར་ནས་བསྡད་ན་མི་འགྲིག སྔ་ལོ་བོད་ལྗོངས་སློབ་གྲྭ་ཆེན་མོར་གནས་ཚུལ་འདི་འདྲ་ཞིག་བྱུང་བ་རེད། སློབ་གྲྭའི་འགོ་ཁྲིད་ཀྱིས་དགེ་རྒན་ཚོས་སློབ་ཚན་འཁྲིད་པའི་དུས་ཚོད་མིན་པར་ཚོང་རྒྱག་ཆོག་པར་བཤད་པ་རེད། དེ་ནས་རྒན་ལགས་མང་པོས་སློབ་གྲྭའི་ནང་མོག་མོག་དང་། ཀྲིང་མོག མོག་ཐུག་ལ་སོགས་པ་བཙོང་ནས་དགོང་དྲོའི་ཆུ་ཚོད་བཅུ་གཉིས་བར་བཞུགས་སོང་། ཟ་བར་ཡོང་མཁན་ནི་སློབ་ཕྲུག་ཤ་སྟག་དང་འཚོང་མཁན་ནི་རྒན་ལགས་རེད། རྗེས་ལ་སློབ་ཕྲུག་ཚོས་རྒན་མོག་མོག་ལགས་དང་། རྒན་ཀྲིང་མོག་ལགས་ཟེར་བ་སོགས་ཀྱི་མིང་བཏགས་པ་རེད།

དེའི་དོན་དག་གང་ཡིན་ཞེ་ན། རྒན་ལགས་ཀྱིས་སློབ་ཚན་འཁྲིད་དུས་དགོང་དྲོ་བཙོང་རྒྱུའི་ཁ་ལག་ཇི་ལྟར་བཟོ་དགོས་ཚུལ་བསམ་པ་མ་གཏོགས་སློབ་ཚན་གྱི་སྐོར་ལ་བསམ་བློ་མི་འདུག་ཟེར་གྱི་ཡོད། དངུལ་ལེན་རྒྱུའི་བསམ་བློ་ཤ་སྟག་གཏོང་བ་ལས། སློབ་མས་སྦྱོང་ཚན་བསྐྱལ་བ་དེ་དག་ལའང་དག་བཅོས་ཡག་པོ་ཡོང་གི་མེད། བར་སྐབས་ཤིག་ལ་དེ་འདྲའི་ལྷག་པ་ཆེན་པོ་ཞིག་བརྒྱབ་པ་རེད། བོད་རིག་པའི་ཞིབ་འཇུག་ལྟེ་གནས་ལའང་ལྷག་པ་དེ་གང་འཚམ་བརྒྱབ་པ་ཡོད་འདུག དགེ་རྒན་མང་པོ་ཞིག་གིས་སློབ་གྲྭ་ནས་ཁ་བྲལ་ཏེ་ལས་ཀ་གཞན་དག་འཚོལ་བར་འགྲོ་རྩིས་བྱེད་ཀྱི་འདུག དེ་ལ་ཁག་ཡོད་པ་མ་རེད། ལོ་བཅོ་ལྔ་སོང་ནའང་གོ་གནས་དང་ཕོགས་འཕར་རྒྱུ་མེད་པ་དང་། ཅ་ལག་གི་གོང་ནི་ལྡབ་ནས་ལྡབ་འཕར་ཞིང་ཕོགས་འཕར་ནའང་སྒོར་མོ་དྲུག་ཅུ་ལྷག་འཕར་རྒྱུ་མེད། དངུལ་ལ་བསམ་བློ་མ་གཏོང་ཀ་མེད་ཆགས་ཡོད། འུ་ཐུག་ནས་ཚོང་རྒྱག་དགོས་པ་དེ་ལ་ཐུག་པ་རེད།

ཁྱེད་རྣམ་པ་ཚོས་ཞིབ་འཇུག་གི་ཐོག་ལ་འཆར་གཞི་ཆེན་པོ་མ་བཏིང་བར་སོ་སོས་འགྲུབ་ཐུབ་ཚོད་ཀྱི་འཚམ་པོ་ཞིག་བཏིང་ན། དེའི་ཆེད་དུ་སྤྱོད་རྒྱུའི་དངུལ་གསོལ་རས་ཞུས་ཀྱང་མགོ་འདུམ་ཐུབ། དེའི་ཆེད་དུ་དངུལ་དེ་ཙམ་མ་རག་ན་འཆར་གཞི་བཏིང་ཚར་རྗེས་ལས་ཀ་འགྲུབ་རྒྱུ་ཁག་པོ་ཆགས་ཀྱི་རེད། དཔེར་ན། དེབ་སྟོང་ཕྲག་གཅིག་བཏོན་པ་ཡིན་ན་ལྔ་བརྒྱ་ཐམ་པ་སོ་སོས་འཚོང་དགོས་ཀྱི་ཡོད། དཔེ་སྐྲུན་ཁང་མང་པོ་ཞིག་གིས་དེ་འདྲ་བཟོས་ཡོད། དེ་ཧ་ཅང་ཁག་པོ་རེད། ལོ་ཕྱེད་ཀ་དང་གཅིག་ནང་འགྲུབ་ཐུབ་པའི་འཆར་གཞི་བཏིང་ན་ལེགས། རྒྱུན་རིང་པོའི་འཆར་གཞི་བཏིང་ན་ང་རང་ཚོའི་རྒྱལ་ཁབ་ལའང་དངུལ་ལ་བྲེལ་བ་ཆེན་པོ་ཡོད། ཁོག་མའི་ནང་ལ་བྲེལ་བ་ཡོད་ན་ཟ་རུའི་ནང་དེ་ལས་བྲེལ་བ་ཆེ་བ་ཡོད་པ་རེད། ཞིབ་འཇུག་ཐོག་གི་རྩོམ་ཡིག་དེ་གང་མང་དང་གང་ལེགས་དགོས། བཏོན་ཟིན་པ་རྣམས་ཧ་ཅང་ཡག་པོ་འདུག ཁ་ཤས་ལ་གཡས་གཡོན་ལ་ལྟ་མི་ཐུབ་པའི་སྐྱོན་ཆ་ལྷག་ཡོད། དེ་ཚོར་བསླབ་བྱ་ལེན་རྒྱུ་མང་པོ་ཡོད།

བརྒྱུད་སྐུལ།

མཆན་སྤེལ།