དུང་དཀར་འཆད་ཁྲིད། ལེའུ་བརྒྱད་པ་དང་དགུ་པ།

དུང་དཀར་འཆད་ཁྲིད། ལེའུ་བརྒྱད་པ་དང་དགུ་པ།

ལེའུ་བརྒྱད་པ། བསམ་གཏན་གྱི་ལེའུ།

སྤྱོད་འཇུག་གི་ཤེས་རབ་ལེའུའི་སྐོར་ཆ་ཚང་ཞིག་ཁྲིད་རོགས་གསུང་གི་འདུག རྒྱས་པོ་སློབ་ཁྲིད་བྱ་རྒྱུ་ཡོང་ཐབས་མེད་པས་རྒྱས་བསྡུས་འབྲིང་ཙམ་ཞིག་འཆད་རྒྱུ་དང་། དེའི་ཞོར་ལ་ཁ་སང་དྲི་བ་ཁ་ཤས་འདུག དེ་དག་ཤེས་རབ་ལེའུ་དང་འབྲེལ་བ་ཡོད་པ་ཆགས་ཡོད། དེ་དག་གི་ལན་ཡང་མཉམ་དུ་འཐུས་པ་བྱ་རྒྱུ་ཡིན། ད་ལྟ་ང་ཚོར་སྤྱོད་འཇུག་གི་ཕྱག་དཔེ་མེད། སྤྱོད་འཇུག་གི་ཤེས་རབ་ལེའུའི་ནང་དོན་གཙོ་བོ་སྟོང་ཉིད་ཀྱི་ལྟ་བ་རེད། བསམ་གཏན་ལེའུའི་རྗེས་སུ་ཤེས་རབ་ལེའུ་ཡོང་དགོས་པ་ནི་དེ་གཉིས་བར་འབྲེལ་བ་ཞིག་ཡོད། འབྲེལ་བ་དེ་གང་འདྲ་ཞིག་རེད་ཅེ་ན། བསམ་གཏན་ལེའུའི་ནང་རང་ཉིད་བློས་བཏང་ནས་གཞན་གཅེས་པར་འཛིན་པའི་བསམ་བློ་དེ་གཙོ་བོ་བཤད་ཡོད། རང་གཅེས་པར་འཛིན་པའི་བསམ་བློ་ཡོང་བའི་རྩ་བ་དེ་མེད་པ་བཟོ་དགོས་ཤིང་། རང་གཅེས་པར་འཛིན་པའི་བསམ་བློ་དེ་གང་ཟག་གི་བདག་འཛིན་ལས་བྱུང་བ་རེད། 

བསམ་བློ་དེའི་རྩ་བ་མེད་པར་མ་བཟོས་ན་གཞན་གཅེས་འཛིན་ཤུགས་ཆེན་པོ་དང་བརྟན་པོ་ཞིག་ཡོང་གི་མ་རེད། སྔོན་ལ་རང་གཅེས་འཛིན་དེ་མེད་པར་བཟོས་ནས་གཞན་གཅེས་འཛིན་གྱི་བསམ་བློ་དེ་སྐྱེད་དགོས། གཞན་གཅེས་འཛིན་གྱི་བསམ་བློ་སྐྱེད་པ་ལ་རང་གཅེས་འཛིན་གྱི་བསམ་བློ་དེའི་རྩ་བ་མེད་པར་མ་བཟོས་ན་གཞན་གཅེས་འཛིན་གྱི་བསམ་བློ་དེ་གཏན་པོ་ཡོང་གི་མ་རེད། རང་གཅེས་འཛིན་གྱི་བསམ་བློ་དེའི་རྩ་བ་དེ་གང་དུ་ཐུག་པ་དང་། རང་རྩ་ཆེན་པོར་འཛིན་པའི་བསམ་བློའི་གཞི་རྩ་གང་ལ་ཐུག་མིན་རྩ་བ་བསྔོགས་ན་གང་ཟག་གི་བདག་འཛིན་ལ་ཐུག་ཡོད།

ལེའུ་དགུ་པ། ཤེས་རབ་ལེའུ།

དེར་བརྟེན། གང་ཟག་གི་བདག་འཛིན་དེ་ཇི་ལྟར་བྱས་ཏེ་མེད་པ་བཟོ་དགོས་སམ་ཞེ་ན། གང་ཟག་གི་བདག་འཛིན་དེ་མེད་པར་བཟོ་བའི་ཐབས་ཤེས་གང་ཞིག་ཡོད་པ་དང་། དེ་ལ་རིག་པའི་གཞུང་ལུགས་དང་ཁུངས་གང་ཞིག་ཡོད་མེད་ཀྱི་སྐོར་དེ་ཤེས་རབ་ལེའུ་འདིའི་ནང་བཤད་རྒྱུའི་དོན་དག་གཙོ་བོ་འདི་རེད། རྩ་བའི་ནང་འདི་ལྟར་ཡོད།

ཡན་ལག་འདི་དག་ཐམས་ཅད་ནི། །

ཐུབ་པས་ཤེས་རབ་དོན་དུ་གསུངས། །

དེ་ཡི་ཕྱིར་ན་སྡུག་བསྔལ་དག །

ཞི་བར་འདོད་པས་ཤེས་རབ་བསྐྱེད། །

ཅེས་སངས་རྒྱས་ཀྱིས་ཐེག་པ་ཆེན་པོ་དང་ཆུང་ངུའི་ཆོས་མང་པོ་ཞིག་གསུངས་ཡོད་པ་དང་། དེ་དག་ཚང་མའི་དམིགས་ཡུལ་དེ་ངའོ་སྙམ་པའི་གང་ཟག་གི་བདག་འཛིན་དེ་མེད་པར་བཟོ་རྒྱུའི་ཆེད་དུ་ཡིན་ཞིང་། དེ་མེད་པ་བཟོས་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་རྩ་བ་མེད་པར་གྱུར་པ་རེད། ང་རང་ཚོ་འཁོར་བར་རང་དབང་མེད་པར་སྐྱེ་དགོས་པ་ཞིག་དང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་མང་པོ་ཞིག་རང་དབང་མེད་པར་མྱོང་དགོས་པ། འཁོར་བའི་སྡུག་བསྔལ་བརྒྱད་དང་དྲུག་སོགས་མང་པོ་ཡོད། དེ་དག་ཚང་མ་འཁོར་བར་སྐྱེས་ཟིན་རྗེས་རང་དབང་མེད་པར་མྱོང་དགོས་པ་ལས་མ་མྱོང་ཐབས་མེད་ཆགས་ཡོད།

འཁོར་བར་སྐྱེ་དགོས་པ་དང་། སྐྱེས་ནས་སྡུག་བསྔལ་མང་པོ་མྱོང་དགོས་པའི་རྩ་བ་དེ་གང་ལ་ཐུག་གམ་ཞེ་ན། ངའོ་སྙམ་པའི་གང་ཟག་གི་བདག་འཛིན་དེར་ཐུག་ཡོད། དེ་ནི་མ་རིག་པ་རེད། དགེ་བ་དང་སྡིག་པ་སོགས་བླང་དོར་གྱི་རྣམ་གཞག་མ་ཤེས་པའི་དབང་གིས་གཞན་ལ་གནོད་པ་སྐྱེལ་བ་ལ་སོགས་པའི་སྡིག་པ་མང་པོ་བསགས་པ་དང་། དེའི་འབྲས་བུར་སྡུག་བསྔལ་མང་པོ་ཞིག་མྱོང་དགོས་ཀྱི་ཡོད། དེ་དག་མེད་པ་བཟོ་དགོས་ན་ཐུག་ས་རྩ་བ་བསམ་བློའི་ནང་གི་དུག་རྩ་ངའོ་སྙམ་པ་དེ་མེད་པ་བཟོ་དགོས། དེས་ན་བསམ་གཏན་ལེའུའི་རྗེས་སུ་གང་ཟག་གི་བདག་མེད་བརྗོད་བྱར་སྟོན་པའི་ཤེས་རབ་ལེའུ་ཡོང་དགོས་པ་དེ་ལྟར་ཆགས་ཡོད།

ཤེས་རབ་ལེའུའི་ནང་གཙོ་བོ་གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་གཉིས་ཤོད་ཀྱི་ཡོད། ཐོག་མར་བདག་མེད་དམ་སྟོང་ཉིད་རྟོགས་པའི་ཤེས་རབ་དགོས་པའི་རྒྱུ་མཚན་བཤད་པ་རེད། གོང་དུ་བཤད་པ་དེ་དག་དེའི་རྒྱུ་མཚན་རེད། འོ་ན་བདག་མེད་རྟོགས་པའི་ཤེས་རབ་སྐྱེ་བའི་གོ་རིམ་ཇི་ལྟར་ཡིན་ནམ་ཞེ་ན། ཐོག་མར་རིགས་པའི་སྒོ་ནས་གཏན་ལ་ཕབ་སྟེ་བསམ་བློའི་ཐོག་ནས་ལྟ་བ་དེ་རྟོགས་པར་བྱས། དེ་ནས་བསྒོམས་ནས་ཉམས་སུ་བླངས། མ་ཟད་གནས་ལུགས་ཀྱི་སྒྲོ་འདོགས་ཆོད་ཟེར་བ་གང་ཟག་གི་བདག་མེད་ཚུལ་ལའང་མི་འདྲ་བ་མང་པོ་ཞིག་ཤོད་ཀྱི་ཡོད།

དེ་བཞིན་མུ་སྟེགས་པའི་ལྟ་བ་མང་པོ་ཡོད་པ་དེའི་ནང་གྲགས་ཆེ་བ་བཅུ་གཅིག་ཡོད། ནང་པ་ལའང་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་དབུ་མ་རང་རྒྱུད་པ་སོ་སོར་གང་ཟག་གི་བདག་མེད་འཇོག་ཚུལ་མི་འདྲ་བ་ཡོད། དེས་ན་ང་རང་ཚོར་དགོས་པའི་གང་ཟག་བདག་མེད་རྟོགས་པའི་ཤེས་རབ་ངོ་མ་དེ་གང་འདྲ་ཞིག་དགོས་སམ། བྱེ་བྲག་སྨྲ་བ་ནས་དབུ་མ་རང་རྒྱུད་པའི་བར་གྱིས་བཤད་པའི་བདག་མེད་དེས་འགྲིག་གམ། དེ་ལས་ཚད་མཐོ་བ་ཞིག་དགོས་སམ་ཞེ་ན། ཁོང་ཚོས་བཤད་པའི་བདག་མེད་དེས་འགྲིགས་ཀྱང་གལ་གནད་ཆེ་ཤོས་དེ་དབུ་མ་ཐལ་གྱུར་པས་བཤད་པའི་བདག་མེད་རྟོགས་པའི་ཤེས་རབ་དེ་དགོས་པ་རེད། གནས་ལུགས་ལ་སྒྲོ་འདོགས་ཆོད་ཟེར་བ་དེ་རེད། སྟོང་ཉིད་རྟོགས་པའི་ནུས་པ་གང་ཞིག་ཡོད་མེད་དང་། ཕན་ཐོགས་གང་ཞིག་ཡོད་མེད་དེ་དག་མཇུག་ཏུ་བཤད་པ་རེད།

ཏ) བདེན་གཉིས་ཀྱི་རྣམ་གཞག

ཤེས་རབ་ལེའུའི་ནང་དོན་གཙོ་ཆེ་བ་བཞི་སྟེ། ལྟ་བ་གཏན་ལ་ཕབ་པ་དང་། བསྒོམས་པས་ཉམས་སུ་བླངས་པ། གཏན་ཚིགས་ཀྱིས་སྒྲོ་འདོགས་དཔྱད་པ། སྟོང་ཉིད་རྟོགས་པའི་བྱེད་ལས་བཅས་ཤེས་རབ་ལེའུའི་ནང་དོན་གཙོ་ཆེ་བ་ས་བཅད་བཞི་པོ་དེ་དག་རེད། དེ་དག་ལ་ཡན་ལག་དུ་མ་ཡོད། ཁ་སང་དྲི་བ་མང་པོ་བྱུང་བ་དེ་དག་ཚང་མ་འདིའི་ནང་འདུས་ཡོད། ལན་ཡང་འདི་དག་གི་ཞོར་ལ་ཡོང་གི་རེད། དང་པོ་ལྟ་བ་གཏན་ལ་འབེབས་སྐབས་ཐོག་མར་བདེན་པ་གཉིས་ཀྱི་འགྲོ་སྟངས་དེ་ཤེས་དགོས། བདེན་པ་གཉིས་ཀྱི་དོན་དེ་ཁ་སང་རགས་ཙམ་ཞུས་ཟིན་ཅིང་། ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ཡོད།

ཀུན་རྫོབ་ཅེས་བརྗོད་སྐབས་གནས་ཚུལ་ངོ་མ་མ་ཡིན་པ་ཕྱིའི་སྣང་ཚུལ་ཙམ་ཞིག་ཡིན་པ་དང་། དེ་ལ་རྫུན་རྐུབ་བརྟོལ་རྒྱུ་ཡོད་པ་ཞིག་རེད། དཔེར་ན། རྫུན་བཤད་ན་རྫུན་རྐུབ་རྡོལ་ངེས་ཡིན། ཀུན་རྫོབ་ཀྱི་སྣང་ཚུལ་དེ་བདེན་པ་མིན་ལ། ཀུན་རྫོབ་བདེན་པ་ཞེས་པ་དོན་དག་ངོ་མ་མིན་པར་ཕྱིའི་སྣང་ཚུལ་ཙམ་ཞིག་རེད། རྫུན་རྐུབ་དེ་སུས་བརྟོལ་གྱི་རེད་དམ་ཞེ་ན་དོན་དམ་བདེན་པས་བརྟོལ་གྱི་རེད། སྣང་ཚུལ་དེ་རྫུན་པ་ཡིན་པ་ལས་དོན་དམ་དང་བདེན་པ་མིན་ན་ཅིའི་ཕྱིར་ཀུན་རྫོབ་བདེན་པ་ཞེས་བརྗོད་དམ་ཞེ་ན། ང་རང་ཚོ་མི་མང་ཆེ་བ་ཕྱིའི་སྣང་ཚུལ་དེ་དོན་ངོ་མ་ཡིན་པར་འཁྲུལ་བཞིན་ཡོད། སྟོང་ཉིད་མ་རྟོགས་པའི་སོ་སྐྱེ་ཚང་མ་ཕྱིའི་སྣང་ཚུལ་དེ་བདེན་པ་དང་དངོས་གནས་ཡིན་པར་འཁྲུལ་བཞིན་ཡོད། སྟོང་ཉིད་མ་རྟོགས་མཁན་གྱི་སོ་སོའི་སྐྱེ་བོའི་ལྟ་སྟངས་ཀྱི་ཐོག་ལ་དེ་བདེན་པ་རེད། དེ་ལས་གཏིང་ཟབ་པར་བཤད་ན་དེའི་སྣང་ངོ་ལ་བདེན་པ་རེད། དེར་བརྟེན། སོ་སོའི་སྐྱེ་བོ་སྟོང་ཉིད་མ་རྟོགས་པ་རྣམས་ཀྱིས་སྣང་ཚུལ་དེ་བདེན་པ་ཡིན་པར་འཁྲུལ་པར་མ་ཟད་དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད་པས་ཀུན་རྫོབ་རྫུན་པ་ཞེས་མི་བརྗོད་པར་ཀུན་རྫོབ་བདེན་པ་ཞེས་བཤད་པ་རེད།

དོན་དམ་བདེན་པ་ཞེས་གནས་ལུགས་ངོ་མ་རང་བཞིན་གྱིས་མ་གྲུབ་པ་དེ་རེད། དེ་ནི་སྟོང་ཉིད་རྟོགས་མཁན་གྱི་གང་ཟག་དེ་དག་གི་སྣང་ཚུལ་ལ་བདེན་དོན་རེད། འཆར་སྣང་དང་ངོས་འཛིན་གཉིས་ཀའི་ཐོག་ནས་བདེན་པ་རེད། དེར་བརྟེན། དེ་དོན་དམ་བདེན་པ་རེད། དཔེ་ཆའི་ནང་བཤད་པ་ལྟར་ན། འཇིག་རྟེན་པ་སོ་སོའི་སྐྱེ་བོའི་སྣང་ངོར་བདེན་པ་ཡིན་སྟབས་ཀུན་རྫོབ་བདེན་པ་དང། དོན་དམ་མངོན་སུམ་དུ་གཟིགས་པའི་འཕགས་པའི་གཟིགས་ངོར་བདེན་པ་ཡིན་པས་ན་དོན་དམ་བདེན་པ་རེད། འདི་ལྟར་གང་ཟག་གཉིས་ཀྱི་ཐོག་ནས་བདེན་པ་གཉིས་བཤད་པ་རེད།

འདིར་སྟོང་ཉིད་མ་བཤད་པའི་སྔོན་ལ་དོན་དམ་དང་། ཀུན་རྫོབ་ཀྱི་བདེན་པ་གཉིས་བཤད་དགོས་པ་དེ་གང་ཡིན་ཞེ་ན། ང་རང་ཚོ་སྟོང་ཉིད་མ་རྟོགས་པའི་སྐབས་ལ་སོ་སོའི་བསམ་བློའི་ནང་ཕུང་པོ་ལྔ་པོར་བརྟེན་ནས་བཏགས་པའི་ང་དང་། ཕྱི་རོལ་ཡུལ་གྱི་ཤེས་བྱ་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རེད་སྙམ་པའི་སྣང་ཚུལ་དེ་འདྲ་ཞིག་ཡོད་པར་མ་ཟད། བསམ་བློའི་ཐོག་ནས་ངོས་འཛིན་ཞིག་ཀྱང་ཡོད། ང་རང་ཚོའི་སྣང་ཚུལ་དེ་དང་ངོས་འཛིན་དེ་འཁྲུལ་པ་ཡིན་པ་ལས་དངོས་གནས་མིན་པ་དང་། བསམ་བློ་དེ་དང་འཆར་སྣང་གཉིས་ཀ་ནོར་འཁྲུལ་ཡིན་པར་ཤེས་པའི་ཆེད་དུ་ཀུན་རྫོབ་བསྟན་པ་རེད།

ཕྱིའི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས། ནང་གི་ཕུང་པོ་ལྔ་ལ་བཏགས་པའི་ང་བཅས་ཚང་མ་རང་བཞིན་གྱིས་མ་གྲུབ་པ་དེ་ཁོའི་གནས་ལུགས་ངོ་མ་དེ་རེད། དེ་ལས་གཏིང་ཟབ་པའི་གནས་ལུགས་མེད་ཅིང་། གནས་ལུགས་མཐར་ཐུག་དེ་རེད། ཚད་དེ་ལས་བརྒལ་ནས་འགྲོ་ས་མེད། དེ་ལ་བསླུ་བ་དང་ནོར་འཁྲུལ་ཡོད་པ་མ་རེད། སྟོང་ཉིད་དེ་བདེན་དོན་ཡིན་ལ་དེ་རྟོགས་མཁན་གྱི་གང་ཟག་དེ་འཁོར་བ་ལས་ཐར་ཐུབ་ཀྱི་ཡོད། རྒྱུ་མཚན་དེར་བརྟེན། སྟོང་ཉིད་མ་བཤད་གོང་ལ་བདེན་པ་གཉིས་ཀྱི་འགྲོ་སྟངས་དེ་སྔོན་ལ་བཤད་པས་ན་གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་བཞག་པ་རེད།

གཞི་བདེན་པ་གཉིས་ཀྱི་རྣམ་གཞག་འཇོག་ཚུལ་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་བ་ཡོད། དེ་དག་རིམ་པ་བཞིན་གཏིང་ཟབ་ཏུ་འགྲོ། ད་ལྟ་སྤྱོད་འཇུག་ནང་བཤད་པའི་བདེན་པ་གཉིས་ཀྱི་འགྲོ་སྟངས་དེ་དབུ་མ་ཐལ་འགྱུར་པའི་བདེན་པ་གཉིས་ཀྱི་འགྲོ་སྟངས་དེ་ཡིན་པ་ལས། མངོན་པ་གོང་འོག་ནང་བཤད་པའི་བདེན་པ་གཉིས་དེ་མིན། དེ་བཞིན་སེམས་ཙམ་པ་དང་རང་རྒྱུད་པས་བཤད་པའི་བདེན་པ་གཉིས་ཀྱི་རྣམ་གཞག་དེ་ཡང་མིན། སྔོན་ལ་ང་རང་ཚོས་གྲུབ་མཐའ་སོ་སོའི་ལུགས་ཀྱི་སྟོང་པ་ཉིད་དེ་ཤེས་པ་ལ་གྲུབ་མཐའ་སོ་སོའི་བདེན་པ་གཉིས་ཀྱི་འགྲོ་སྟངས་དེ་ཤེས་དགོས། དེ་མ་ཤེས་ན་གྲུབ་མཐའ་སོ་སོའི་སྟོང་ཉིད་འཇོག་ཚུལ་མི་ཤེས། གྲུབ་མཐའ་བརྗོད་སྐབས་བདེན་པ་གཉིས་ཀྱི་རྣམ་གཞག་དེ་སླེབས་ཡོང་གི་ཡོད།

འདིར་བརྗོད་རྒྱུ་དེ་གཤམ་དུ་ཡོད་པ་བཞིན། ཀུན་རྫོབ་དང་ནི་དོན་དམ་སྟེ། །འདི་ནི་བདེན་པ་གཉིས་སུ་འདོད། །ཅེས་གསུངས་པ་དེ་ཡིན། དེ་ནས་དོན་དམ་བདེན་པ་ཞེས་པ་གང་འདྲ་རེད་ཅེ་ན། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས། དེ་བཞིན་ཀུན་རྫོབ་བདེན་པ་ཟེར་བ་གང་ཡིན་ཞེ་ན། བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་གསུངས་ཡོད། དོན་དམ་བློ་ཡི་སྤྱོད་ཡུལ་ཞེས་པ་འདིར་འགྲེལ་པ་རྒྱག་སྟངས་མང་པོ་ཡོད། ས་སྐྱའི་འགྲེལ་པ་རྒྱག་སྟངས་དང་། སྔ་འགྱུར་རྙིང་མའི་ཐོག་ནས་འགྲེལ་པ་རྒྱག་སྟངས་དང་། དགེ་ལུགས་པའི་འགྲེལ་པ་རྒྱག་སྟངས་སོགས་མི་འདྲ་བ་ཡོད། འདི་ནི་རྫོགས་ཆེན་མཁན་པོ་ཁོང་གིས་གསུང་རེད། འདིའི་གསུང་སྟངས་གཞིར་བཞག་བྱས་ན། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་པ་ནི། དོན་དམ་ཟེར་བ་ཡོད་མཐའ་དང་མེད་མཐའ་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མཐའ་བཅས་མཐའ་བཞི་དང་བྲལ་བ་ཡིན་སྟབས་བསམ་བློའི་སྤྱོད་ཡུལ་མ་རེད་ཅེས་གསུངས་པ་རེད།

བསམ་བློ་གང་འདྲ་ཞིག་གི་སྤྱོད་ཡུལ་མིན་པ་དང་། བསམ་བློ་གང་འདྲ་ཞིག་གི་སྤྱོད་ཡུལ་ཡིན་ནམ་ཞེ་ན། སྟོང་ཉིད་མ་རྟོགས་པའི་མིའི་བསམ་བློའི་སྤྱོད་ཡུལ་མིན། རྒྱུ་མཚན་གང་ཡིན་ཞེ་ན་སྨྲ་བསམ་བརྗོད་མེད་རེད། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །ཅེས་གསུངས་པ་ལྟར། སྟོང་པ་ཉིད་རྟོགས་མཁན་ཞིག་གིས་རང་གིས་སྟོང་ཉིད་ཇི་ལྟར་རྟོགས་པ་ལྟར་ཇི་མ་ཇི་བཞིན་གཞན་ལ་ངོ་སྤྲོད་བྱེད་མི་ཐུབ། གང་ཡིན་ཞེ་ན། དེ་ནི་བུ་རམ་གྱི་རོ་ནང་བཞིན་རེད། དཔེར་ན། ངས་བུ་རམ་ཟ་མྱོང་ལ། ཁྱེད་རང་རྣམ་པས་ཟ་མ་མྱོང་ན། ངས་བུ་རམ་ཧ་ཅང་མངར་མོ་འདུག་ཅེས་ཁྱེད་རང་ཚོར་བཤད་པ་དང་། ཁྱེད་རང་རྣམ་པས་ང་ལ་མངར་མོ་གང་འདྲ་ཞིག་འདུག་ཅེས་དྲིས་ན། དེའི་ལན་དུ་ཧ་ཅང་མངར་མོ་འདུག་ཅེས་བརྗོད་རྒྱུ་ལས། མངར་ཚུལ་དང་བྲོ་བ་གང་འདྲ་ཡོད་མེད་ངས་ཁྱེད་རྣམ་པར་ཞུ་ཐུབ་ཐབས་མེད་ལ། ངས་བྲོ་བ་ཇི་འདྲ་ཞིག་མྱོང་གི་ཡོད་པ་དེ་ཁྱེད་རང་ཚོས་ཀྱང་ཤེས་ཐབས་མེད། དེ་ལ་ཐབས་ཤེས་གཞན་གང་ཡོད་དམ་ཞེ་ན། བུ་རམ་དེ་ནས་ཁྱེད་རང་ཚོར་རེ་རེ་སྤྲད་ནས་ཟ་རུ་བཅུག་ན། དེ་རྗེས་ཁྱེད་རང་ཚོས་མངར་མོ་འདི་འདྲ་ཞིག་འདུག་ཅེས་ཤེས་རྟོགས་ཐུབ་པ་ཞིག་ཡིན། དེ་ལྟར་ཁྱེད་རང་ཚོས་བྲོ་བ་དེ་མ་མྱངས་ན་ངའི་བྲོ་བ་དེ་ཁྱེད་རྣམ་པས་ཤེས་ཐབས་མེད།

དཔེ་དེ་བཞིན་དུ་སྟོང་ཉིད་རྟོགས་པའི་མིས་ཁོང་རང་གི་ངོས་འཛིན་དང་འཆར་སྣང་དེ་སྟོང་ཉིད་མ་རྟོགས་པའི་མིར་ཕར་བཤད་ན་ཟུར་ཙམ་ལས་བཤད་ཐུབ་ཐབས་མེད། ཐབས་ཤེས་ནི་ཁོང་རང་ལ་སྟོང་ཉིད་ངོ་སྤྲོད་བྱས་ཏེ་སྟོང་ཉིད་རྟོགས་སུ་བཅུག་ནས་རྟོགས་པའི་རྗེས་ལ་ཁོང་རང་གིས་སྟོང་ཉིད་རྟོགས་པ་ནི་འདི་ལྟ་བུ་ཞིག་རེད་འདུག་བསམ་པ་གཞི་ནས་ཤེས་རྟོགས་ཐུབ་པ་ཞིག་ཡིན། འདི་ནི་སྟོང་ཉིད་མ་རྟོགས་པའི་སོ་སོ་སྐྱེ་བོའི་སྤྱོད་ཡུལ་མིན་ཞེས་གསུངས་པ་རེད། འདིའི་ཐད་ལ་གྲུབ་མཐའ་གཞན་གྱི་འགྲེལ་པ་ཁག་མང་པོ་བཤད་ན་འཁྲུག་ཉེན་ཡོད། གཅིག་ལེགས་པར་ཤེས་ན་གཞན་རྣམས་གཞི་ནས་ཤེས་ཀྱི་རེད། ང་རང་ཚོ་སློབ་སྦྱོང་བྱེད་སྟངས་ཀྱང་དེ་རང་རེད། གཅིག་མཐར་ཕྱིན་པ་ཡག་པོ་ཞིག་ཤེས་པ་བྱེད་དགོས། རྙིང་མ་དང་དགེ་ལུགས་པ་ལྟ་བུ་གཅིག་ཡག་པོ་ཤེས་ན། དེ་ནས་གྲུབ་མཐའ་གཞན་དག་གིས་འདི་ལྟར་ཤོད་ཀྱི་ཡོད་ཅེས་བཤད་ན་ཡག་པོ་ཡོད། གཅིག་ཡག་པོ་མ་ཤེས་པར་གང་སར་བལྟས་ན་གཅིག་ཀྱང་ཡག་པོ་ཞིག་ཤེས་ཀྱི་མ་རེད། ང་ཚོས་གཞན་གྱིས་གང་ཤོད་ཀྱི་ཡོད་པ་དེ་དག་མི་དགོས་པར་འདིའི་ནང་གང་གསུངས་པ་དེ་བཤད་རྒྱུ་ཡིན།

འདིར་དོན་དམ་བློ་ཡི་སྤྱོད་ཡུལ་མིན་ཏེ། ཡོད་མེད་ལ་སོགས་པ་རྟོགས་པའི་བློ་དང་བརྗོད་པའི་ཆ་ནི་ཀུན་རྫོབ་ཡིན་ནོ།། ཡོད་པ་དང་མེད་པའི་མཐའ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མཐའ་དེ་དག་ལ་ངོས་འཛིན་བྱེད་མཁན་གྱི་བསམ་བློ་དེ་ཀུན་རྫོབ་ཀྱི་བསམ་བློ་ཡིན་པ་ལས་དོན་དམ་ཤེས་མཁན་གྱི་བསམ་བློ་ཞིག་མིན། དོན་དམ་བརྟག་དཔྱད་བྱེད་པའི་བསམ་བློ་སྟོང་ཉིད་རྟོགས་པའི་ཤེས་རབ་ཅིག་ཡོད་པ་དེས་ཤེས་ཐུབ། འདིའི་ནང་སྨྲ་བསམ་བརྗོད་མེད་དེ་དོན་དམ་བདེན་པའི་མཚན་ཉིད་ཡིན་པར་གསུངས་ཡོད། སྨྲ་བསམ་བརྗོད་མེད་ཟེར་བ་དེར་ཡང་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་ཡོད། དགེ་ལུགས་ཀྱི་ཕྱོགས་ནས་འགྲེལ་བཤད་རྒྱག་སྐབས་གོང་ཞུས་བཞིན། རང་གིས་རྟོགས་པ་བཞིན་དུ་གཞན་ལ་བརྗོད་མི་ཐུབ་པ་དང་། ཁོང་རང་གིས་རྟོགས་པའི་རྗེས་སུ་གཞན་གྱིས་ཀྱང་དེ་ལྟར་ཤེས་ཐུབ་པར་བརྟེན་སྨྲ་བསམ་བརྗོད་མེད་རེད། ཅེས་གསུངས།

ཤེས་རབ་སྙིང་པོའི་ནང་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། ། ཞེས་པས་གང་ཞིག་བརྗོད་ཀྱི་ཡོད་ཅེ་ན། གཟུགས་སྟོང་པ་རེད། སྟོང་པ་ཉིད་གཟུགས་རེད། ཅེས་ཧ་ཅང་ཁྱད་མཚར་པོ་གསུངས་པ་རེད། གཟུགས་སྟོང་པ་རེད། སྟོང་པ་ཉིད་གཟུགས་རེད་བརྗོད་པ་དེས་སྟོང་པ་ཉིད་རྟོགས་པའི་ཚད་གཞི་གང་འདྲ་ཞིག་ལ་སླེབས་པའི་སྐབས་སུ་ངོས་འཛིན་གང་འདྲ་ཞིག་ཡོང་མིན་ངོ་མ་དེ་བཤད་པ་རེད། གཟུགས་ཉིད་རང་བཞིན་གྱིས་གྲུབ་པས་སྟོང་པ་ཞིག་དང་། སྟོང་པ་ཉིད་གཟུངས་སོ་ཞེས་པས་སྟོང་པ་དེ་ཉིད་གཟུགས་སུ་སྣང་བ་ཞིག་རེད། རང་བཞིན་གྱིས་མ་གྲུབ་པ་དེ་ཉིད་གཟུགས་སུ་འཆར་སྣང་བྱུང་བ་ཞིག་རེད། དེ་ནི་ཧ་ཅང་ཚད་མཐོ་པོའི་ཐོག་ཏུ་སླེབས་པའི་སྐད་ཆ་རེད།

བརྒྱུད་སྐུལ།

མཆན་སྤེལ།