མངའ་རིས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།

མངའ་རིས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།

དེ་ཡང་སྟོད་མངའ་རིས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི། དེང་སྐབས་བོད་རང་སྐྱོང་ལྗོངས་མངའ་རིས་ཁུལ་རྩ་མདའ་རྫོང་ཁོངས་སུ་ཆགས་ཡོད་ཅིང་། དེ་ནི་བོད་གངས་ཅན་ལྗོངས་ཀྱི་གནའ་བོའི་མཁར་གྲོང་གི་གནའ་ཤུལ་རྙིང་གྲས་ཤིག་ཡིན།
གནའ་ཤུལ་གྱི་གྱང་རོ་རྣམས་རི་འདབས་ཀྱི་དེའུ་འབུར་ཆེན་པོ་ཞིག་གི་སྟེང་དུ་ཆགས་ཡོད་ལ། མཐོ་ཚད་རྒྱ་མཚོའི་ངོས་ལས་མི་ཊར་སུམ་བརྒྱ་ཙམ་དང་། མཁར་ཤུལ་ཧྲིལ་པོའི་རྒྱ་ཁྱོན་མི་ཊར་གྲུ་བཞི་མ་ ༡༨༠༠༠༠ ཆིག་འབུམ་བརྒྱད་ཁྲི་དང་། མཁར་ཤུལ་དེར་ཁང་མིག་ཆེ་ཆུང་བསྡོམས་པས་སུམ་བརྒྱ་ ༣༠༠ ལྷག་ཙམ་དང་། དོང་སྦུག་ ༣༠༠ སུམ་བརྒྱ། གཞན་ཡང་མཐོ་ཚད་མི་ཊར་བཅུ་ཙམ་ཡོད་པའི་མཆོད་རྟེན་ཁག་གསུམ། གཞན་ཡང་ལྷ་ཁང་དང་རྟེན་ཁྱད་པར་ཅན་ཤིན་ཏུ་མང་ལ། བོད་ཀྱི་བཙན་པོ་རིམ་བྱོན་དང་། གུ་གེ་རྒྱལ་བློན་མི་ཉུང་བའི་འདྲ་རིས་ཀྱང་བཞེངས་ཡོད་པ་སོགས་རིག་དངོས་ཧ་ཅང་མང་པོ་ཡོད།
གུ་གེ་རྒྱལ་ཕྲན་ནི་བོད་རྗེའི་མཐའ་མ་འུ་དུམ་བཙན་ནམ་ཡོངས་གྲགས་གླང་དར་གྱི་རྒྱལ་རྒྱུད་རྗེ་དཔལ་འཁོར་བཙན་གྱི་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན་གྱིས་བཙུགས་ནས་རྒྱལ་ཐོག་བཅུ་དྲུག་ཙམ་བྱུང་། སྐྱིད་ལྡེ་ཉི་མ་མགོན་གྱིས་རྒྱལ་ཕྲན་ལ་མངའ་དབང་སྒྱུར་བདེ་ཡོང་སླད་མངའ་ཁོངས་ས་ཆ་རྣམས་རང་གི་རིགས་སྲས་གསུམ་ལ་ཆ་བགོས་གནང་སྟེ་འཛིན་སྐྱོང་གནང་དུ་བཅུག་པ་སྟེ། རྒན་པ་དཔལ་ལྡེ་ཉི་མ་མགོན་གྱིས་མང་ཡུལ་བཟུང་། འབྲིང་བ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་ཧྲེང་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་བ་བཅས་དེ་གསུམ་ལ་སྟོད་ཀྱི་མགོན་གསུམ་ཟེར། དེང་སྐབས་མཇལ་དུ་ཡོད་པའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི་སྲས་ཆུང་བ་ལྡེ་གཙུག་མགོན་གྱིས་བཟུང་བའི་རྒྱལ་ཕྲན་གྱི་ཤུལ་རྙིང་ཡིན་ལ། ད་ལྟའི་བར་དུ་ལོ་ངོ་སྟོང་གཅིག་ལྷག་གི་ལོ་རྒྱུས་ཡོད། དུས་རབས་དགུ་པའི་ནང་དུ་བོད་བཙན་པོའི་རྒྱལ་རབས་ཀྱི་རྗེས་རབས་པ་རྣམས་ཀྱིས་གནས་འདིར་གུ་གེའི་རྒྱལ་ཁབ་བཙུགས་ཤིང་། ཤར་ནུབ་གཉིས་ཀྱི་རིག་གནས་གཞི་གཅིག་ཏུ་འདྲེས་པའི་གུ་གེའི་དཔལ་ཡོན་འཕེལ་རྒྱས་སུ་བཏང་གནང་ཡོད། ཕྱིལོ་ ༡༩༦༡ ལོར་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དེ་རྒྱལ་ཡོངས་ཀྱི་ཐེངས་དང་པོའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་གཏན་འཁེལ་བྱས་པ་ཡོད། དེ་མིན་སྲས་ཆེ་འབྲིང་སོ་སོས་བཟུང་བའི་རྒྱལ་ཕྲན་གྱི་ཤུལ་རྙིང་གང་དུ་ཡོད་མེད་དཔྱད་ཞིབ་བྱ་ཡུལ་དུ་གྱུར་ཡོད་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།