ཇོ་བོ་རྗེ་རྒྱ་གར་རྒྱལ་པོར་དགོངས་ཞུ། མཉེས་ཐང་གི་གནའ་ཤུལ།

ཇོ་བོ་རྗེ་རྒྱ་གར་རྒྱལ་པོར་དགོངས་ཞུ། མཉེས་ཐང་གི་གནའ་ཤུལ།

༼དམངས་ཁྲོད་དུ་བཤད་སྲོལ་ཡོད་པའི་སྒྲུང་གཏམ།༽

 

གནའ་སྔ་མོའི་དུས་སུ་ཇོ་བོ་རྗེ་རྒྱ་གར་གྱི་རྒྱལ་པོར་དགོངས་ཞུ་མཛད་ནས་སྟོད་ལ་ལོ་གསམ་ལྷག་ཙམ་བཞུགས་བཟོད་པའི་སྟེང་གི་ཨ་ཙ་ར་དཀར་ནག་གཉིས་དང་པཎྜི་ཏ་ཆུང་བ་འགའ་ཞིག་ཡོད་པ་རེད། དེ་ནས་འབྲོམ་སྟོན་པ་དང་། ནག་ཚོ་ལོ་ཙཱ་བ་གཉིས་ཇོ་བོ་དང་ལྷན་དུ་མཇལ་ཏེ་ཞབས་ཞུ་མཛད། དེ་ནས་ལོ་དུས་རྫོགས་རྗེས་ཇོ་བོ་རྒྱ་གར་ལ་ཕེབས་གྲབས་ཡོད་པའི་ཚེ། འབྲོམ་དང་ལོ་ཙཱ་བ་གཉིས་ནས་བོད་ལ་ཡི་གེ་བཏང་ནས་ཁུ་སྟོན་སོགས་ཕེབས་ནས་ཇོ་བོ་ཁུ་ཡི་ཡུལ་དུ་གདན་དྲངས།

 

དེ་ནས་རྒྱ་གར་རྒྱལ་པོའི་བཀའ་ཁྲོལ་ནས་བོད་ཀྱི་བསོད་ནམས་ལ་བརྟེན་ནས་བོད་ཡུལ་དུ་ཞབས་བཅགས། དེ་ནས་ཇོ་བོ་ཁུ་ཡུལ་ནས་བྲོས་བྱོལ་གྱིས་བོད་དུ་ཕེབས། དང་པོ་མ་ཕེབས་གོང་ཁོང་གསུམ་གྲོས་སྡུར་སྐབས། འབྲོམ་དང་ལོ་ཙཱ་བ་གཉིས་ནས་ལུང་པའི་གནས་ཚུལ་ཞུས་པར་རྒྱབ་རི་རྟ་ཆག་གྲོག་རོང་དེའི་ནང་ཙན་དན་དང་ལྗོན་ཤིང་སྣ་ཚོགས་སྟུག་པོའི་ཁྲོད་ན་དབྱར་ཡང་འཁྱག་པའི་དར་མི་ཞིག་པ་ཡོད། མདུན་ལ་ནེ་སིང་མེ་ཏོག་སྨན་ལྗོངས་ཀྱི་རྭ་བ་དགུན་ཡང་མེ་ཏོག་གི་གྲ་མི་ཉམས་པའི་གཉན་ནག་མོ་ཆེ་སོགས་ཡོད་པའི་ཡུལ་དུ་གདན་འདྲེན་ཞུ་ཡི་ཡིན་ཞེས་ཞུས།

ཇོ་བོའི་ཐུགས་ལ་བབ་སྟེ། ང་གསུམ་བོད་དུ་ཕེབས་རྒྱུར་ཐག་བཅད། དེ་ནས་ཆུ་བོ་རིའི་ལྕགས་ཟམ་ཁར་ཕེབས་དུས་ཀོ་བ་སོགས་མེད་རྐྱེན་ཆུ་ལས་སྒྲོལ་མ་ཐུབ་པར་བཞུགས་པར་བརྩོན་འགྲུས་གཡུང་དྲུང་གིས་རྗེས་སུ་དམག་འཁྲིད་ཡོང་བ་ཇོ་བོས་མཁྱེན་ནས་བཞུགས་བློས་མི་བཟོད། དེ་ནས་ཇོ་བོས་ཐུགས་སྨོན་མཛད་ནས་གཙང་པོའི་སྟེང་དུ་སྔོན་ལ་ཕེབས། རྗེས་སུ་འབྲོམ་དང་ལོ་ཙཱ་བ་སོགས་ཕེབས་ནས་གཙང་པོའི་དཀྱིལ་དུ་ཕེབས་དུས། བརྩོན་འགྲུས་གཡུ་དྲུང་དང་དམག་རྣམས་ཆུའི་ཕ་ཁར་སླེབས་པ་ཇོ་བོ་ཡིས་གཟིགས་ནས་འདི་སྐད་གསུངས་པ། ཁྱོད་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། སྟོབས་འབྱོར་མངའ་ཐང་ལྡན་པའི་རྒྱལ་པོ་ལྟ་བུ་དེ་ལ་ང་ཚོས་གནས་ཤིག་ཙམ་གྱི་དགོས་པ་མི་འདུག་པས་ང་ཐོངས། འོན་ཀྱང་དད་པ་ཡོད་ན་ངའི་ཞྭ་འདི་ཁྱེར་ལ་གསོལ་བ་ཐོབ་ཅིག་གསུངས་ནས། དབུ་ཞྭ་ཕུད་ནས་གཡུག་པས་བརྩོན་འགྲུས་གཡུང་དྲུང་གི་ལག་ཏུ་ལོན། དེ་ནས་ཡིད་འཚིམ་ནས་ཕྱིར་ལོག

དེ་ནས་ཁོང་གསུམ་བཀྲེས་ལྟོགས་ཀྱི་ངང་ནས་མཉེས་ཐང་ལ་ཕེབས། དེ་ནས་བྱེ་མའི་ས་སྒང་དུ་བཞུགས། དེང་སང་གི་ཇོ་བོ་ང་འདྲ་མའི་བཞུགས་སའི་འོག་གི་བྱེ་འབོག་དེ་ཡིན། དེ་ནས་ཇོ་བོ་ལ་གསོལ་ཆས་སོགས་ཕུལ་ནས་སྐུ་ངལ་གསོལ་བའི་སྐབས་ལྷའི་དབང་པོ་རྒྱ་སྦྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་གཉིས་དང་། སྟེང་གི་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། དེ་ལ་ཇོ་བོ་ཐུགས་མཉེས་པོ་བྱུང་ནས་ལུང་པ་དེའི་མིང་ལའང་མཉེས་ཐང་ཞེས་མིང་ཐོགས་པ་རེད།

དེའི་མདུན་གྱི་ཕར་ངོས་ན་གྲ་མའི་ནགས་ཚལ་གྱི་དབུས་ན་རྒྱལ་ལྕང་གི་སྡོང་པོ་གཅིག་ཡོད། ཇོ་བོ་ཡིས་བརྒྱད་སྟོང་ཕྲེང་བ་ཅན་དང་། ཙན་དན་དཀར་པོའི་འབྲལ་མེད་མཆོད་རྟེན་གཉིས་བསྣམས་ཕེབས་ནས་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད། ཤིང་ཏ་ལའི་ལོ་མར་རྒྱ་གར་གྱི་སྐད་ཡིག་ནས་བོད་སྐད་དུ་བརྒྱད་སྟོང་པ་བསྒྱུར་བའི་དཔེ་དེ་ཤར་གྱི་མཆོད་རྟེན་ཆེ་བ་དེའི་གཟུངས་སུ་ཡོད། དེ་ནས་བྱང་ཆུབ་ལམ་སྒྲོན་སོགས་རྒྱལ་ལྕང་དེའི་འོག་ཏུ་བསྒྱུར་གནང་མཛད།

དེ་ནས་ཡུན་རིང་བཞུགས་དུས། ཇོ་བོའི་ཕྱག་ཕྲེང་བརྒྱ་དང་བརྒྱད་མཐའ་སྐོར་ནས་བཙུགས་པའི་སྦྱར་པ་བརྒྱ་དང་བརྒྱད་ཡོད་པའི་དཀྱིལ་ན་ཞིང་པའི་སོ་ནམ་ལ་བརྟག་དཔྱད་བྱེད་རྒྱུ་ཡོད་པའི་སྦྱར་སྡོང་ཞིག་ཡོད། སྦྱར་ལོ་ཀོ་མའི་རྩེ་ཙམ་དོན་དུས་ནས་འདེབས་དགོས་པ་ཡོང་གྲགས་ཀྱིས་ཟེར། དེ་ཡི་དབུས་ན་ཇོ་བོ་བཞུགས་སའི་མཆོད་ཁང་ཞིག་ཡོད། དེའི་ནང་དུ་དཔལ་ལྡན་ཨ་ཏི་ཤ་རང་གི་འདྲ་སྐུ་ཞལ་ཆོས་ལ་ང་ཨེ་འདྲ་གསུངས་ནས་ཕྱག་གི་མཐེབ་རྗེས་ཤིག་ཡོད། དེའི་གཡས་གཡོན་ལ་འབྲོམ་དང་། བློ་ལྡན་ཤེས་རབ། ལེགས་པའི་ཤེས་རབ་སོགས་ཡོད།

ཇོ་བོ་མྱ་ངན་ལས་འདས་པའི་རྗེས་སུ་བཞེངས་པའི་སྐུ་འབུམ་མཆོད་རྟེན་གཡས་སུ་ཡོད། གཡོན་དུ་ས་སྐྱའི་བླ་མ་བསོད་ནམས་རྒྱལ་མཚན་འདས་པའི་ས་བུམ་བཞུགས། མཉེས་ཐང་སྒྲོལ་མ་ལྷ་ཁང་ནང་དུ་ཇོ་བོའི་ཐུགས་དམ་གྱི་རྟེན་སྒྲོལ་མ་རྩེ་རྒྱལ་མ་དང་། ཀློང་རྡོལ་བླ་མ་རིན་པོ་ཆེའི་ཐུགས་རྟེན་སྒྲོལ་མ་གཅིག སྐམ་སའི་ཐུགས་རྟེན་སྒྲོལ་མ་གཅིག་བཅས་སྐུ་ཚད་མཐོ་གང་བ་གསུམ་དང་། ཙན་དན་དཀར་པོའི་འབྲལ་མེད་མཆོད་རྟེན་བཅས་བཞུགས། སྔོན་མ་དེ་རྣམས་དམ་སྦྱར་མ་ཡིན། དེའི་མཐའ་སྐོར་དུ་རྒྱལ་པོ་ལྷ་བཟང་གི་སྐུ་ཡི་ཚེ་སྒྲུབ་ཀྱི་རྟེན་སྒྲོལ་མ་ཉེར་གཅིག་ཡོད། དེའི་གཡས་གཡོན་གཉིས་སུ་ཤར་ལིའི་མཆོད་རྟེན་ཁྱད་འཕགས་གཉིས་ནང་དུ་ཇོ་བོའི་ཐུགས་དམ་གྱི་རྟེན་མང་པོ་ཡོད་པར་གྲགས། ཇོ་བོ་གསེར་གླིང་པའི་སྐུས་གཙོས་པའི་ཤར་ལིའི་སྐུ་བརྙན་མང་པོ་འདུག དེ་རྣམས་རྣམ་རྒྱལ་མཆོད་རྟེན་ཞེས་པའི་བུམ་པ་ཡོད་ས་དེར་ཡོད།

ཇོ་བོས་ས་མཐེབ་བཅུ་རེ་ལ་ཚེ་གཟུངས་འབུམ་རེ་བཟླས་པའི་ཚེ་དཔག་མེད་ཀྱི་སྐུ། སྐུ་སྟོད་རང་བྱོན་དུ་བྱོན་པ་དང་། སངས་རྒྱས་འོད་སྲུང་། མར་མེ་མཛད། ཉེ་སྲས་བརྒྱད། ཁྲོ་བོ་གཉིས་བཅས་ཚེ་དཔག་མེད་ལྷ་ཁང་དུ་ཡོད། དེ་རྣམས་ལ་ཇོ་བོའི་རབ་གནས་ཕོག་པ་རེད། ཚང་མ་རྒྱ་ལུགས་སུ་ཡོད། ཕྱིའི་བར་ཁྱམས་སུ་ཇོ་བོའི་སྐུ་ཆོས་གདིང་བ་ཆིབས་ཆས་བཅས་ཡོད་པའི་མཆོད་རྟེན་ཞིག་དང་། དེའི་ལྷོ་རུ་འབྲོམ་སྟོན་པའི་སྐུ་ཆས། ཆིབས་གཡག་གི་སྒ་ཆས་བཅས་ཡོད་པའི་མཆོད་རྟེན་ཞིག་བཅས་ཡོད།

མཉེས་ཐང་གི་རྒྱབ་རི་རྫ་མ་མཐོན་པོའི་དཀྱིལ་དུ་བྲག་ཕུག་མགོ་འདྲ་བའི་དཀྱིལ་ན་གསེར་གཏད་ཀྱི་ཕུར་པ་བདུན་ཡོད་པ་ནས་གཅིག་སྔར་གྱི་རྒན་རབས་རྣམས་ཀྱིས་མཐོང་མྱོང་ཡོད། རྫ་རི་དེའི་བྱང་ངོས་ན་ཐང་དཀར་ཀོ་ཟེར་བའི་སེར་སྤྲིན་འཁོར་ས་ཞིག་ཡོད། འཛམ་བུ་གླིང་གང་དུ་སེར་བ་བབས་ཀྱང་ཐོག་མར་དེ་ལ་སེར་སྤྲིན་འཁོར་གྱི་ཡོད་པ་རེད། དེའི་བྱང་ངོས་ན་བྲག་སྒོ་རབ་འབྱམས་ལགས་བཞུགས་པའི་བྲག་ཕུག་ཅིག་ཡོད། དེ་ནས་བརྩིས་པའི་ཤར་དུ་གཉན་ཁ་ནག་གི་བླ་རི་དོམ་ནག་ཁྲོས་པ་འདྲ་བ་ཞིག་དང་། རི་རེའི་འགྲམ་དུ་དངོས་གྲུབ་ཆུ་འགོ་ཟེར་བ་དགུན་ཁྱག་མི་ཐེབས་པའི་ཆུ་ཞིག་ཡུར་ཕུ་ནས་དྲངས་ཏེ་སྒྲོལ་མ་ལྷ་ཁང་གི་ཡོན་ཆབ་ཀྱི་རྟེན་ཡིན་པ་རེད།

ཆུ་མིག་དེའི་ལོ་རྒྱུས་ནི། དང་པོ་ཇོ་བོ་མཉེས་ཐང་ལ་བཞུགས་དུས་ཨ་ཙ་ར་གཉིས་ལ་བདག་པོ་ཆེར་སྤྲོད་མཁན་མེད་རྐྱེན་ཨ་ཙ་ར་རྣམས་མཉེས་ཐང་གི་རྒྱབ་རི་ལ་སྡོད་དུས། མཉེས་ཐང་སྟོད་མའི་མིས་བསམ་ངན་བྱས་ནས་ཉེས་བརྡུང་མང་པོ་བཏང་། བྱུ་རུ་ཐང་ཁུག་གང་བཅས་ཕྲོགས་ནས་སྡོད་བཟོད་མི་བདེ་བྱུང་ནས་ལྷ་སར་འགྲོ་སྙམ་ནས་ཕྱིན་པའི་དུས། གཉན་ཁ་ནག་གིས་པི་ལྷ་མོ་གཉིས་ལ་སྤྲུལ་ནས་ཨ་ཙ་ར་ཆུང་བ་འགའ་ཞིག་མཚོའི་ནང་དུ་ཐེབས་པ་རེད། དེར་བརྟེན་ཨ་ཙ་ར་ཡི་བསམ་པར་ཡུལ་དེའི་མིས་སྡུག་པོ་དེ་ཙམ་བྱས་པས་མི་ཚད། ལྟས་ཀྱང་སྡུག་པོ་དེ་འདྲ་བྱེད་ཀྱི་ཡོད་ན་ཐབས་ཤིག་བྱ་བསམ་ནས་སླར་ཡང་རྒྱ་གར་ལ་ཕྱིན། མུ་སྟེགས་པའི་བླ་མ་མང་པོའི་ས་ནས་མེ་རྒྱག་པའི་མཐུ། སེར་བ་འབེབས་པའི་མཐུ། ཀླུ་འདུལ་བའི་མཐུ་སོགས་བསླབས་ནས་ཚུར་ཡོང་བས་མཉེས་སྟོད་ཤར་པོ་གྲོང་ལ་སྒོ་དུད་ལྔ་བརྒྱ་བདུན་ཅུ་ཙམ་ཡོད་པ་ལ་མེ་བརྒྱབ། གཉིས་པ་སེར་བར་ལྟས་བཅུག་ནས་སེར་བ་ལོ་དགུ་ཕབ། སེར་ལྟས་མ་སྦས་གོང་ཀླུ་དེ་འདུལ་བའི་ཆེད་དུ་ནོར་བུ་ཟམ་པ་གོང་དུ་སྒྲོལ་མའི་སྤྲུལ་པ་རྒན་མོ་ཞིག་ལ་གནས་ཚང་བྱས་ནས་སྒོ་གཉིས་གཡར། དེའི་ནང་དུ་འཛུལ་ནས་ཁྱུང་སྒྲུབ། སྒམ་གྱི་ནང་ནས་སྒྲ་བྱུང་བའི་དུས་རྒན་མོས་ཁ་ཕྱེ་བའི་ཚེ་ཁྱུང་གཉིས་ནམ་མཁར་འཕུར་ནས་འབྲས་སྤུངས་ཀྱི་ཚོགས་ཁྲོ་འཁྱེར་ནས་གདོང་མཁར་དངོས་གྲུབ་རྩེའི་རི་ལ་བསྐྱུར་བ་རེད། དེ་ནས་ཁྱུང་གིས་ཀླུ་ལ་གནོད་ཚེ་བྱེད་བསམ་པའི་དུས། ཀླུ་ཡིས་ཤེས་ནས་རྒན་མོའི་སར་བུ་མོ་ཞིག་ལ་སྤྲུལ་ནས་རྒན་མོའི་ཁྲོད་དུ་ཡོང་སྟེ་ང་ཚོ་ལ་འཇིགས་པའི་དགྲ་ཞིག་ཡོང་བ་འདུག་པས། དེ་མི་ཡོང་བ་ཞིག་ཁྱེད་ཀྱིས་བྱེད་དགོས། དངོས་གྲུབ་གང་དགོས་སྟེར་ཟེར་བ་དང་། ཁྱུང་ནི་ཨ་ཙ་རའི་སྤྲུལ་པ་ཡིན་པ་དང་། རྒན་མོའི་ནང་དུ་གནས་ཚང་ཡོད་པ་ཀླུ་ཡིས་ཤེས་ཀྱི་ཡོད་པ་རེད། དེ་ནས་རྒན་མོས་ཨ་ཙ་ར་ལ་ང་ལ་དངོས་གྲུབ་གཞན་མི་དགོས། ང་ཚོའི་མཚོ་དེ་ལ་དགྲ་མ་བྱེད་ལབ་པས་ཨ་ཙ་རས་ཁས་བླངས་པ་རེད། དེ་རྗེས་ཀླུ་ཡིས་དངོས་གྲུབ་ལ་ཆུ་དགོས་ཟེར་ལབ་ནས་དངོས་གྲུབ་ཆུ་མིག་དེ་སྟེར། ཀླུས་རྒན་པོ་རང་ཆུ་གང་དུ་དགོས་པ་དེར་རྒྱུག་པའི་རི་མོ་བྲིས་ཤིག ཕྱི་བལྟས་མ་སློག ངས་རྗེས་སུ་ཆུ་འཁྲིད་ཡོང་ཟེར་བཤད་པ་རེད། ཀླུ་ཡི་སྤྲུལ་པ་སྡིག་པའི་རྭ་ཡ་གཅིག་བུད་པས་རྭ་ཐུང་གོང་མ་ཟེར། རྭ་གཞན་དེ་བུད་པས་རྭ་ཐུང་འོག་མ་ཟེར།
དེ་ནས་ཆུ་ཡུར་མི་ཡིས་བཟོ་དགོས་བྱུང་བ་རེད། མཉེས་ཐང་ལ་ཇོ་བོ་ཕེབས་དགོས་པ་ནི། རྗེ་བཙུན་སྒྲོལ་མས་བསྐུལ་བར་མ་ཟད། རྟག་པར་སྒྲོལ་མའི་ཞལ་གཟིགས་བྱུང་བའི་སྐབས་རེ་ལ་ཇོ་བོས་མ་གཟིགས་པའི་ཚུལ་མཛད་དུས། སྒྲོལ་མས་གསུང་བྱོན་ནས་བུ་ཁྱེད་ང་ལ་མ་གཟིགས་པ་གང་ཡིན་ཞེས་གསུང་བྱོན་པ་ལགས། དེ་རྗེས་ཇོ་བོ་ཡིས་འབྲོམ་དང་ལོ་ཙཱ་བ་གཉིས་ལ་ཁྱེད་གཉིས་ཀྱི་དབྱར་ཡང་འཁྱག་པའི་དར་མི་ཞིག་པ། དགུན་མེ་ཏོག་གི་གྲ་མི་ཉམས་པ་དེ་གང་ན་ཡོད་གསུངས་པའི་དུས། དེའི་ཚེ་ན་ཟླ་བ་བཅུ་གཅིག་པ་ཡིན། ཁོང་གཉིས་པོས་ཡར་རྒྱུགས་མར་རྒྱུགས་ཀྱིས་བཙལ་འཚོལ་བྱས་ནས་སྤང་རྒྱན་མེ་ཏོག་རྐང་གཅིག་རྙེད་པ་དེ་ཇོ་བོ་ལ་ཕུལ་བས་ཁྱེད་གཉིས་ཀྱིས་རྫུན་མ་བཤད་ཙམ་བྱུང་གསུངས་པ་རེད།

 

༼སྒྲུང་མཁན་ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོའི་འབྲོམ་སྟོད་ཨ་ཙ་ར་ནག་པོའི་གདུང་རྒྱུད་རྡོ་རྗེ་བློ་གསལ། བསྡུ་སྒྲིག་བྱེད་མཁན།

གྲོང་ཁྱེར་ལྷ་ས་མང་ཚོགས་སྒྱུ་རྩལ་ཁང་གི་རྡོ་ཕུན། ཕོ་ལོ་ ༤༨ ཟླ་བ་བཀྲ་ཤིས། ཕོ་ལོ་ ༤༨ སྐལ་བཟང་ཚེ་རྡོར།

ཕོ་ལོ་ ༢༩ ཁོང་གསུམ་ལས་བྱེད་པ་ཡིན། ༡༩༩༠ སྤྱི་ཟླ་ ༧ ཚེས་ལ་ཆུ་ཤུར་ནས་བསྡུས།

ལྷ་སའི་དམངས་ཁྲོད་སྒྲུང་གཏམ། ཤོག་གྲངས་ ༡༥༤ ནང་གསལ།།༽

 

བརྒྱུད་སྐུལ།

མཆན་སྤེལ།