ས་སྐྱའི་དུས་སྐབས་ཀྱི་ཁྲི་སྐོར་བཅུ་གསུམ་གང་ཡིན་ལ་དཔྱད་པའི་གཏམ།

ས་སྐྱའི་དུས་སྐབས་ཀྱི་ཁྲི་སྐོར་བཅུ་གསུམ་གང་ཡིན་ལ་དཔྱད་པའི་གཏམ།

དང་པོ། ཞིབ་འཇུག་གི་དགོས་པ།

དཔྱད་རྩོམ་དེའི་ནང་དུས་རབས་བཅུ་གསུམ་པའི་ནང་དཔལ་ལྡན་ས་སྐྱས་པས་བོད་ལ་དབང་ལུང་བསྒྱུར་སྐབས། སྲིད་འཛིན་སྒྲིག་གཞིའི་ཐད་བོད་ཁྲི་སྐོར་བཅུ་གསུམ་བཙུགས་པར་གྲགས་པའི་ཁྲི་སྐོར་བཅུ་གསུམ་དངོས་དག་གང་ཡིན་འཚོལ་ཞིབ་བྱ་རྒྱུའི་བསམ་པ་བཅངས་ཡོད།

གཉིས། ཞིབ་འཇུག་གི་དྲི་བརྩད།

བོད་ཀྱི་ལོ་རྒྱུས་ཡིག་ཆའི་ཁྲོད་བོད་ཁྲི་སྐོར་བཅུ་གསུམ་དང་།[1] ཁྲི་སྐོར་བཅུ་གསུམ།[2] ཞེས་འཁོད་ཡོད་མོད། དོན་དུ་ཁྲི་སྐོར་བཅུ་གསུམ་པོ་དག་དབུས་གཙང་དག་པའི་ཞིང་གི་ཁུལ་དུ་གནས་ཡོད་པས་ན། དབུས་གཙང་ཁྲི་སྐོར་བཅུ་གསུམ་ཞེས་འབོད་པ་ཡིན། དབུས་གཙང་ཁྲི་སྐོར་བཅུ་གསུམ་ནི་དཔལ་ལྡན་ས་སྐྱ་པས་བོད་ལ་དབང་བསྒྱུར་བྱེད་སྐབས། བོད་དབུས་གཙང་ཡོངས་རྫོགས་ཀྱི་དོ་དམ་ཚགས་ཚུད་ཡོང་སླད་བཙུགས་པའི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་ཚུལ་ཞིག་ཡིན་ཞིང་། ཁྲི་སྐོར་ཁག་ལ་ཁྲི་དཔོན་བསྐོ་བཞག་བྱས་ཏེ་རྒྱུན་གཏན་གྱི་ཆོས་སྲིད་བྱ་བའི་གནད་དོན་ཐག་གཅོད་གནང་གི་ཡོད། ཁྲི་སྐོར་བཅུ་གསུམ་ནི་དཔལ་ལྡན་ས་སྐྱ་པའི་གཅིག་གྱུར་བཀོད་འདོམས་འོག་ལ་ཡིན་ཞིང་། ས་སྐྱའི་དཔོན་ཆེན་རིམ་བྱོན་ནི་ཁྲི་སྐོར་སྤྱིའི་དབུ་འཛིན་དུ་གྱུར་ཡོད། ཁྲི་སྐོར་དང་ཁྲི་དཔོན་ཞེས་པའི་སྲིད་འཛིན་སྒྲིག་གཞིའི་མིང་བརྡ་དེ་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཡིག་ཆའི་ནང་མཐོང་ལམ་དུ་མ་གྱུར་ན། ཕལ་ཆེར་ས་སྐྱ་པའི་དུས་སྐབས་ཅམ་ནས་སུ་བྱུང་བར་སྣང་ཤིང་། ཁྲི་སྐོར་ཞེས་པར་སོག་སྐད་ནང་(Tumen)དང་རྒྱ་སྐད་ནང་དབན་ཧུའུ་(万户)ཞེས་འཁོད་འདུག

ས་སྐྱས་བོད་ཁྲི་སྐོར་བཅུ་གསུམ་ལ་དབང་ལུང་བསྒྱུར་བའི་ཁྲི་སྐོར་བཅུ་གསུམ་ལ་ངོས་འཛིན་ཐད། སྔོན་གྱི་ལོ་རྒྱུས་སྨྲ་བའི་མཁས་པའི་དབང་པོ་རྣམས་ཀྱིས་ངོས་འཛིན་གྱི་བཞེད་པ་གཅིག་ཏུ་མ་ངེས། དཔེར་ན། 《བོད་ཀྱི་ཆོས་སྲིད་ཟུང་སྦྲེལ་སྐོར་བཤད་པ་》དང་། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།》 ཞེས་པའི་ནང་། གཙང་གི་ཁྲི་དྲུག་ནི། ལ་སྟོད་ལྷོ་བྱང་གཉིས། ཆུ་མིག ཞྭ་ལུ། གུར་མོ། ཤངས་དང་། དབུས་ལ་རྒྱ་མ་དང་། ཕག་གྲུ། ཚལ་བ། བྱ་ཡུལ། གཡའ་བཟང་། ཞེས་དང་། 《པདྨ་རཱ་གའི་ལྡེ་མིག་》ལས། གཙང་ལ་ལ་སྟོད་ལྷོ་བྱང་གཉིས། ཆུ་མིག ཤངས། ཞྭ་ལུྲ། གུར་མོ་དང་། དབུས་ལ་རྒྱ་མ། འབྲི་གུང་། ཚལ་པ། ཐང་པོ་ཆེ། ཕག་གྲུ། གཡའ་བཟང་། 《གཡུ་ཕྲེང་》ནང་། གཙང་ལ་ལ་སྟོད་ལྷོ་བྱང་གཉིས། ཆུ་མིག བྱང་འབྲོག མངའ་རིས་མང་ཡུལ། དབུས་ལ་འབྲི་གུང་། ཚལ་པ། ཕག་གྲུ། གཡའ་བཟང་། རྒྱ་མ། བྱ་ཡུལ། 《དགའ་བཞི་པའི་རྣམ་ཐར་》དང་རྒྱ་《བོད་ཧོར་སོག་གི་ལོ་རྒྱུས་》ནང་། གཙང་ལ་མངའ་རིས། ལ་སྟོད་ལྷོ་བྱང་གཉིས། ཆུ་མིག ཤངས། ཞྭ་ལུ། དབུས་ལ་རྒྱ་མ། འབྲི་གུང་། ཚལ་བ། ཕག་གྲུ། གཡའ་བཟང་། བྱ་ཡུལ་ལྷོ་འབྲུག་གསུམ་གཅིག་ཏུ་བསྡེབས་པའི་ཁྲི་སྐོར་གཅིག 《མགོན་པོ་ཆོས་བྱུང་》ནང་། གཙང་ལ་ལ་སྟོད་ལྷོ་བྱང་གཉིས། ཆུ་མིག ཞྭ་ལུ། གུར་མོ། ཤངས་འབྲོག དབུས་ལ་གཡའ་བཟང་། ཕག་གྲུ། རྒྱ་མ། འབྲི་གུང་། སྟག་ལུང་། ཚལ་བར། 《སྲིད་དོན་རྒྱལ་རབས་》ནང་། གཙང་ལ་ལ་སྟོད་ལྷོ་བྱང་གཉིས། ཞྭ་ལུ། ཆུ་མིག བྱང་འབྲོག གུར་མོ། དབུས་ལ་འབྲི་གུང་། ཕག་གྲུ རྒྱ་མ། གཡའ་བཟང་། བྱ་ཡུལ། སོགས་འདྲ་མིན་སྣ་ཚོགས་ཞིག་མཆིས།

དེབ་མིང་། གཙང་ཁྲི་སྐོར་དྲུག
ཆོས་སྲིད་ཟུང་འབྲེལ། ལ་སྟོད་ལྷོ། ལ་སྟོད་བྱང་། ཆུ་མིག ཞྭ་ལུ། ཤངས། གུར་མོ།
གབོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། ལ་སྟོད་ལྷོ། ལ་སྟོད་བྱང་། ཆུ་མིག ཞྭ་ལུ། ཤངས། གུར་མོ།
དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། ལ་སྟོད་ལྷོ། ལ་སྟོད་བྱང་། ཆུ་མིག ཞྭ་ལུ། ཤངས། གུར་མོ།
པདྨ་རཱ་གའི་ལྡེ་མི་སོགས། ལ་སྟོད་ལྷོ། ལ་སྟོད་བྱང་། ཆུ་མིག ཞྭ་ལུ། ཤངས། གུར་མོ།
བོད་རྒྱ་ཚིག་མཛོད་ཆེནམོ། ལ་སྟོད་ལྷོ། ལ་སྟོད་བྱང་། ཆུ་མིག ཞྭ་ལུ། ཤངས། གུར་མོ།
གཡུ་ཡི་ཕྲེང་བ། ལ་སྟོད་ལྷོ། ལ་སྟོད་བྱང་། ཆུ་མིག ཞྭ་ལུ། བྱང་འབྲོག། མངའ་རིས་མང་ཡུལ།
དགའ་བཞི་པའི་རྣམ་ཐར། ལ་སྟོད་ལྷོ། ལ་སྟོད་བྱང་། ཆུ་མིག ཞྭ་ལུ། ཤངས། མངའ་རིས།
རྒྱ་བོད་ཧོར་སོག་གི་ལོ་རྒྱུས། ལྷ་སྟོད་ལྷོ། ལ་སྟོད་བྱང་། ཆུ་མིག ཞྭ་ལུ། ཤངས། མངའ་རིས།
མགོན་པོ་ཆོས་འབྱུང་ནང་། ལ་སྟོད་ལྷོ། ལ་སྟོད་བྱང་། ཆུ་མིག ཞྭ་ལུ། ཤངས་འབྲོག གུར་མོ།

 

གོང་གསལ་དཔྱད་གཞི་ཁག་ལས། གཙང་གི་ཁྲི་སྐོར་དྲུག་གི་ནང་འགའ་ཞིག་གི་མངའ་རིས་མང་ཡུལ་དང་། འགའ་ཞིག་གི་གུར་མོ། འགའ་ཞིག་གིས་བྱང་འབྲོག འགའ་ཤིག་གིས་ཤངས་འབྲོག འགའ་ཤིག་གིས་ཤངས་བཅས་བཞེས་ཚུལ་མི་འདྲ་བ་འགའ་ཞིག་བྱུང་འདུག་པ་ལས། ཤངས་དང༌བྱང་འབྲོག་གམ་ཤངས་འབྲོག་ནི་མིང་གི་རྣམ་གྲངས་ལས་དོན་གྱི་ས་ཆ་གཅིག་ཏུ་ངེས། དེ་ཡང་། དེ་ཡང་《རྒྱ་བོད་ཡིག་ཚང་》ཤོག ༤༠༧ ནང་། དཔོན་ཆེན་རྒྱལ་བཟང་པོ་དེ་ཉིད། འབྲོག་ཁྲི་སྐོར་གྱི་རུ་ཐོག མཚོ་མོ་རུ་ཁྱུང་གི་བསྐོར་ན། སྒར་ཆེན་བཞུགས་པའི་དུས། ཞེས་འབྱུང་། གོང་དུ་བརྗོད་པའི་བྱང་ཁྲི་དཔོན་ནམ་འབྲོག་ཁྲི་སྐོར་དང་། 《རྒྱ་བོད་ཡིག་ཚང་》ཤོག ༢༩༩ ནང་། བྱང་འབྲོག་ཁྲི་སྐོར་ཞེས་འཁོད་པ་དག་དོན་ས་ཡུལ་གཅིག་རེད་འདུག་ལ། བྱང་ཁྲི་དཔོན་དང་། འབྲོག་ཁྲི་སྐོར། བྱང་འབྲོག་ཁྲི་སྐོར་ཞེས་པ་དག་ནི་ས་སྐྱ་པའི་སྐབས་ཀྱི་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ཞིག་རེད་འདུག་ཅིང་། 《མགོན་པོ་ཆོས་འབྱུང་》ལས། ཤངས་འབྲོག ཅེས་འཁོད་ཡོད། གོང་གསལ་དཔྱད་ཡིག་དང་དཔེ་ཁུངས་དེ་དག་ལས་བྱང་འབྲོག་གམ་ཤངས་འབྲོག་ནི་ཤངས་ཁྲི་སྐོར་གྱི་ཐོག་མའི་འབྱུང་ཁུངས་ཡིན་པ་དེ་རེད།

འོ་ན། བྱང་འབྲོག་གམ་བྱང་ཁྲི་སྐོར་ནས་ཤངས་འབྲོག་གམ་ཤངས་ཁྲི་སྐོར་དུ་མིང་འཕོས་པའི་བརྒྱུད་རིམ་ཅི་ལྟར་ལགས་སམ་ཞེ་ན། བྱང་ཁྲི་སྐོར་གྱི་མངའ་ཁོངས་བྱང་འབྲོག་ཕྱོགས་ལྷོ་ངོས་ཤངས་ཕྱོགས་སུ་རྒྱ་བསྐྱེད་པ་མཉམ་དུ་ཁྲི་དཔོན་གྱི་གནས་ཡུལ་ཡང་ཤངས་མཐོང་སྨོན་ནམ་དེང་རྣམ་གླིང་རྫོང་གི་ཁུལ་དུ་གནས་སྤོས་བྱས་པས་ཁྲི་སྐོར་གྱི་མིང་ཡང་བྱང་ཁྲི་སྐོར་ནས་རིམ་པས་ཤངས་འབྲོག་གམ། ཤངས་ཁྲི་སྐོར་ཞེས་འབོད་སྲོལ་ཆགས་པར་སྣང་། དེ་ཡང་《རྒྱ་བོད་ཡིག་ཚང་》ཤོག ༤༠༨ ནང་། དབོན་པོ་དཀོན་མཆོག་འོད་ཟེར་(བྱང་ཁྲི་དཔོན་བཞི་པ་)བྱང་ཁྲི་དཔོན་དུ་བསྐོས། སྦྲ་བེར་ཁྱུང་གསུམ་གྱི་ཚོང་པ་བོད་ལ་ལོ་ངོ་བཞིན་ཡོང་པ་རྣམས། འབབ་པའི་གནས་གཞི་རྩིག་པ་གཅིག་དགོས་ཞུས་པས། གང་འོས་ཚོལ་གསུངས་པ་ལ། ཤངས་མཐོང་སྨོན་གྱི་ས་འདི་ན་ཆུ་གནས་པའི་རྫིང་གཅིག་འདུག་པས་མིང་དང་གང་ས་ནས་རྟེན་འབྲེལ་ལེགས་པས། འདི་ཁོངས་སུ་ཆུག་པ་གྱིས་གསུངས། དེ་ནས་ཤངས་མཐོང་སྨོན་དུ་སྟག་སྣ་རྫོང་པའི་མཁར་གསར་བཞེངས་དང་། སྐུ་མཆེད་བགྲེས་གཞོན་གྱི་བྱང་འབྲོག་དང་ཤངས་གི་ཁྲི་སྐོར་བསྐྱངས་ཞེས་པ་ལས་ར་འཕྲོད་བྱུང་།

ཡང་གུར་མོ་ནི་《ཆོས་འབྱུང་བསྟན་པའི་རྒྱ་མཚོ་》སོགས་ལས། ལྷ་སྡེ་གུར་མོ་ཞེས་གསལ། ལྷ་སྡེ་ནི་སྐབས་དེར་དགོན་པ་ལ་གཏོགས་པའི་སྡེ་འབངས་ཡིན་པ་དང་། གུར་མོ་ནི་ས་སྐྱ་གཞུང་ལ་གཏོགས་པའི་སྡེ་འབངས་ཤིག་ཡིན་པར་སྙམ་ཏེ། སྤྱིར་བོད་ཁྲི་སྐོར་བཅུ་གསུམ་ནང་གི་ཁྲི་སྐོར་རེ་ལ་ལྷ་སྡེ་བཞི་སྟོང་དང་མི་སྡེ་དྲུག་སྟོང་ཡོད་པའི་ཡིག་ཆ་འདྲ་སྣང་བ་ལས། ལྷ་སྡེ་གཅིག་པུར་ཁྲི་སྐོར་ཡོད་པ་མི་སྣང་ངོ༌།

 

དེབ་མིང་། དབུས་ཀྱི་ཁྲི་སྐོར་དྲུག
ཆོས་སྲིད་ཟུང་འབྲེལ། རྒྱ་མ། ཚལ་པ། འབྲི་གུང་། ཕག་གྲུ། གཡའ་བཟང་། བྱ་ཡུལ།
བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། རྒྱ་མ། ཚལ་པ། འབྲི་གུང་། ཕག་གྲུ། གཡའ་བཟང་། བྱ་ཡུལ།
དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། རྒྱ་མ། ཚལ་པ། འབྲི་གུང་། ཕག་གྲུ། གཡའ་བཟང་། ཐང་པོ་ཆེ།
པདྨ་རཱ་གའི་ལྡེ་མི་སོགས། རྒྱ་མ། ཚལ་པ། འབྲི་གུང་། ཕག་གྲུ། གཡའ་བཟང་། ཐང་པོ་ཆེ།
བོད་རྒྱ་ཚིག་མཛོད་ཆེནམོ། རྒྱ་མ། ཚལ་པ། འབྲི་གུང་། ཕག་གྲུ། གཡའ་བཟང་། ཐང་པོ་ཆེ།
གཡུ་ཡི་ཕྲེང་བ། རྒྱ་མ། ཚལ་པ། འབྲི་གུང་། ཕག་གྲུ། གཡའ་བཟང་། བྱ་ཡུལ་ལྷོ་འབྲུག་གསུམ།
དགའ་བཞི་པའི་རྣམ་ཐར། རྒྱ་མ། ཚལ་པ། འབྲི་གུང་། ཕག་གྲུ། གཡའ་བཟང་། བྱ་ཡུལ་ལྷོ་འབྲུག་གསུམ།
རྒྱ་བོད་ཧོར་སོག་གི་ལོ་རྒྱུས། རྒྱ་མ། ཚལ་པ། འབྲི་གུང་། ཕག་གྲུ། གཡའ་བཟང་། བྱ་ཡུལ་ལྷོ་འབྲུག་གསུམ།
མགོན་པོ་ཆོས་འབྱུང་ནང་། རྒྱ་མ། ཚལ་པ། འབྲི་གུང་། ཕག་གྲུ། གཡའ་བཟང་། སྟག་ལུང་།

 

སྟག་ལུང་ནི་ཐོག་མར་ཕྱི་ལོ་ ༡༡༨༠ ལོར་དར་བཀྲས་རོང་(སྟག་ལུང་ཆོས་འབྱུང་སོགས་ལ་གཞིགས་ན། དར་བཀྲས་རོང་གསུམ་ནི་འཕན་ཡུལ་ཁོངས་སུ་ཡིན་པ་འདྲ་སྙམ་ན་བརྟག་པར་འཚལ།)གསུམ་ནང་འཁྲུག་བྱུང་བའི་རྐྱེན་གྱིས་སྟག་ལུང་ཐང་པ་ཆེན་པོ་བཀྲ་ཤིས་དཔལ་འདུམ་འགྲིག་ལ་གདན་དྲངས་པ་ལྟར་ཕེབས་ནས། ཡུལ་གཞི་ལོངས་སྤྱོད་ཐམས་ཅད་སྟག་ལུང་བཀའ་བརྒྱུད་ཀྱི་ཆོས་གཞིས་སུ་ཕུལ་ནས། དགོན་གནས་ཤིག་གསར་འདེབས་ཡོང་བའི་རེ་འདུན་ཞུས་པ་ལྟར། སྟག་ལུང་གི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་སྟག་ལུང་བཀའ་བརྒྱུད་ཅེས་གྲགས་ཞེས་དང་།

དབུས་ཀྱི་ཁྲི་དྲུག་ལས་རྩོད་གླེང་ཡོད་པ་ནི། སྟག་ལུང་དང་། བྱ་ཡུལ། ཐང་པོ་ཆེ་གསུམ་ཡིན་ཞིང་། དེ་དག་ལས་སྟག་ལུང་ནི། 《སྟག་ལུང་ཆོས་འབྱུང་》ལས། ཆོས་རྗེ་སངས་རྒྱས་ཡར་བྱོན་གྱིས། བླ་མ་འཕགས་པ་ལ། ངེད་ཀྱི་དབོན་པོ་བཀྲ་ཤིས་བླ་མ་འགོ་བྱས་སྟག་ལུང་པ་ཡོན་མཆོད་ཐམས་ཅད་ཀྱི་རྒྱབ་ཁ་བདག་གཉེར་ཁྱེད་ཀྱིས་མཁྱེན་པ་ཡིན་གསུངས། བླ་མ་ཆེན་པོས་ཀྱང་། ད་ཕྱིན་ཆད་སྟག་ལུང་པའི་རྒྱབ་ཁ་བདག་གཉེར་འཕྲལ་ཡུན་གྱི་ཕྱིས་སུ་འགྲོ་བ་ཤེས་པ་ཡིན་གསུངས་ཏེ། མདོར་ན་དེ་དུས་ས་ཧོར་གྱི་ཁྲིམས་བོད་ཁྲི་བསྐོར་བཅུ་གསུམ་གྱི་ཁྱོན་ལ་གདུགས་དཀར་གཅིག་གིས་ཁེབས་པ་ལྟར་འགྱུར་བའི་སྣེ་ཟིན་ཙམ་ཡིན་ལ། དེའི་བཀའ་འོག་ཏུ་མི་འདུའོ་ཞེས་ཟུར་དུ་ཕྱེ་བ་དག་ལ་འཕགས་པ་རིན་པོ་ཆེ་ཤིན་ཏུ་ཐུགས་བཟང་བས་སྐུ་རིང་ལ་དགྲ་ཟུན་རིས་མེད་སྐྱོང་བར་མཛད།[3] ཅེས་པ་ལས་སྟག་ལུང་པ་བོད་ཁྲི་སྐོར་བཅུ་གསུམ་གྱི་ཁོངས་སུ་མི་གཏོགས་པའི་ར་འཕྲོད་བྱུང་། དེ་བཞིན་《དེབ་ཐེར་དམར་པོ་གསར་མ་》ལས་ཀྱང་། སྟག་ལུང་པ་ནི་བོད་ཁྲི་སྐོར་བཅུ་གསུམ་ལ་མི་གཏོགས་ཤིང་། ཧོར་དུས་སུ་ལས་ཀ་འདི་བླངས་ཀྱང་མི་འདུག[4] ཅེས་གསུངས་སོ།

ཐང་པོ་ཆེ་ནི་《བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་》ཞེས་པའི་རྒྱ་ཡིག་དེབ་ལས། འཕྱོངས་རྒྱས་སུ་ཐང་པོ་ཆེ་བརྒྱད་སྟོང་སྐོར་བཙུགས་ཡོད་པ་དང་། འདི་ཡང་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་གཅིག་ཡིན་ཞིང་། ཕལ་ཆེར་བདག་སྐྱོང་ཁྱབ་ཁོངས་ཐད་ཁྲི་སྐོར་གཞན་ལས་ཅུང་ཆུང་བསབརྒྱད་སྟོང་སྐོར་ཞེས་འབོས་ཤིང་། དེང་གི་འཕྱོངས་རྒྱས་རྫོང་འཇུ་ཁུལ་ཤར་གླིང་གྲོང་ཚོ་ནི་ཐང་པོ་ཆེ་བརྒྱད་སྟོང་སྐོར་གྱི་ལས་ཁུངས་གནས་ཡུལ་ཡིན་ཞིང་། མིང་ཆ་ཚང་ལ་སོལ་ནག་ཐང་པོ་ཆེ་ཞེས་ཟེར།  བསམ་དགོས་པ་ཞིག་ལ་ཐང་པོ་ཆེ་བརྒྱད་སྟོང་སྐོར་དང་གཡའ་བཟང་ཁྲི་སྐོར་གྱི་ལས་ཁུངས་གནས་ཡུལ་དབར་བར་ཐག་ནི་སྤྱི་ལེ་ ༣༠ ཙམ་མེད་པས་ཁྲི་སྐོར་ལས་ཁུངས་གཉིས་བཙུགས་ཨེ་ཡོད་སྙམ། གཡའ་བཟང་ཁྲི་སྐོར་ལ་སྤྱིར་ཁྲི་སྐོར་ཞེས་གྲགས་མོད་དོན་དུ་དཔྱད་ཡིག་ལ་ལར་བཀོད་པར་གཞིགས་ན་ཁྱབ་ཁོངས་ལ་དུད་ཁྱིམ་སུམ་སྟོང་ཡོད་ཡང་གསལ། དེས་ན་་ཁྲི་སྐོར་འདི་གཉིས་མིང་གི་འབོད་སྟངས་མི་འདྲ་བ་ཙམ་ལས་དོན་ལ་གཅིག་ཏུ་ངེས་ཤིང་། གཡའ་བཟང་ཁྲི་སྐོར་གྱི་ལས་ཁུངས་ཐང་པོ་ཆེར་བཙུགས་ཡོད་སྲིད་པསར་བརྟེན་ཐང་པོ་ཆེ་བརྒྱད་སྟོང་སྐོར་ཞེས་་འབོད་སྲོལ་བྱུང་ཡོད་པ་འང་སྲིད་དོ།

གསུམ་པ། ཞིབ་འཇུག་གི་གྲུབ་དོན།

དེས་ན་གུར་མོ་དང་། སྟག་ལུང་། ཐང་པོ་ཆེ་སོགས་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་རྒྱལ་དུ་བཞེད་པ་ནི་གཞན་དང་གཞན་གྱི་སྐབས་ཡིན་ན་ལས། འདིར་བསྟན་ས་སྐྱའི་སྐབས་གཏན་ལ་ཕབ་པའི་ཁྲི་སྐོར་བཅུ་གསུམ་གྱི་ཁོངས་སུ་མ་གཏོགས་སོ།[5] འོ་ན། ས་སྐྱའི་སྐབས་གཏན་ལ་ཕབ་པའི་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་བཞེད་ཚུལ་ཡང་དག་དེ་གང་ལགས་ཤེ་ན། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ལས། ཡོན་གོང་མས་ཧོར་དུད་ཞིབ་རྩིས་ཐེངས་གཉིས་པ་སྟེ། ཕྱི་ལོ་ ༡༢༦༨ བོད་ས་འབྲུག་ལོར་ཡོན་རྒྱལ་རབས་གྱི་གོང་མ་སེ་ཆེན་གྱིས་ཆེད་དུ་མངགས་པའི་གསེར་ཡིག་ཨ་ཀོན་དང༌། མི་ལིན་སི་ཏུ་ཨ་སྐྱིད་ལ་སོགས་པ་དང༌། ས་སྐྱའི་དཔོན་ཆེན་ཤཱཀྱ་བཟང་པོ་མཉམ་སྦྲེལ་གྱིས། བོད་དབུས་གཙང་མངའ་རིས་དང་བཅས་པར་ས་མི་དུད་རྩིས་རྗེས། སྐབས་དེའི་གནས་ཚུལ་གཞིར་བཟུང་སྟེ་དབུས་གཙང་གི་ཁྲི་སྐོར་བཅུ་གསུམ་གཏན་ལ་ཕབ་ནས་བྱུང་བའི་དབུས་གཙང་གི་སྲིད་འཛིན་སྒྲིག་གཞིའི་མིང་ཚིག་ཅིག་ཡིན། ཞེས་པ་ལྟར་དེ་ནི་ 《རྒྱ་བོད་ཡིག་ཚང་ཆེན་མོ་》ཤོག་ ༢༧༨ ནང་། དབུས་གཙང་ཁྲི་སྐོར་བཅུ་གསུམ་ལས། གཙང་གི་ཁྲི་སྐོར་དྲུག་ནི། བློ་ད་ལོ་རྫོང་གསུམ་ཁྲི་སྐོར་གཅིག ལ་སྟོད་ལྷོ་བྱང་། ཆུ་ཞལ་རྣམས་རེ་རེར་གྲངས་པས་ཁྲི་བསྐོར་བཞི། སྦྲ་བེར་ཁྱུང་གསུམ་ཁྲི་བསྐོར་གཅིག དབུས་ཀྱི་ཁྲི་སྐོར་ནི་ཚལ་པ་དང་། རྒྱ་མ། འབྲི་གུང་། གཡའ་བཟང་། ཕག་གྲུ། ཟུར་ནས་བསྡུས་པའི་གཅིག་འབྱུང་བ། ཇ་ཡུལ་ཧོར་དུས་སྟོང་ཕྲག་གཅིག འབྲུག་་ཧོར་འདུས་དགུ་བརྒྱར་བྱེད། སྟོང་དང་དགུ་བརྒྱ་ཕྱེད་འཁྱེར་དུ། ཁྲི་བསྐོར་གཅིག་གི་བྱ་བ་བསྒྲུབས། ཞེས་བྱུང་ངོ་། །

[1] དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༨༥། ཤོག་ ༢༩༦།

[2] ངག་དབང་ཀུན་དགའ་བསོད་ནམས། ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད། ཕྱི་ལོ་ ༢༠༠༩། ཤོག ༡༥༤།

[3] སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་། གངས་ཅན་རིག་མཛོད། ༢༢། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༢། ཤོག་ ༣༠༦།

[4] པཎ་ཆེན་བསོད་ནམས་གྲགས་པ། དེབ་ཐེར་དམར་པོ་གསར་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༨༩། ཤོག ༦༤།

[5] གཙང་ཕྲུག་སྟོབས་ལགས། བོད་ཁྲི་སྐོར་བཅུ་གསུམ་གྱི་ས་ཁུལ་ངོས་འཛིན། གངྒའི་བཞད་སྒྲ། ས་རཱ་མཐོ་སློབ། ཕྱི་ལོ་ ༢༠༠༣།༢ ཤོག ༦༠།

བརྒྱུད་སྐུལ།

མཆན་སྤེལ།