གཙང་ཁུལ་བུད་མེད་ཀྱི་རྒྱན་ཆ་གཙོ་བོ་པ་སྒོར་བཤད།

གཙང་ཁུལ་བུད་མེད་ཀྱི་རྒྱན་ཆ་གཙོ་བོ་པ་སྒོར་བཤད།

གཙང་ཁུལ་བུད་མེད་ཀྱི་རྒྱན་ཆ་གཙོ་བོ་ཞིག་ནི་པ་སྒོར་ཞེས་པ་དེ་ཡིན་ཞིང་། དེ་ནི་ཁག་བདུན་ཕྱོགས་བསྒྲིགས་བྱས་ནས་བུད་མེད་ཀྱི་རྒྱན་ཆ་ཕུན་སུམ་ཚོགས་པ་ཞིག་རེད། དང་པོ། སྙུག་མ་ལས་སྒྲུབ་པའི་ཚེས་བརྒྱད་ཟླ་བའི་དབྱིབས་གཟུགས་ཞིག་ཡོད་པ་དེ་ལ་སྙུག་མ་མི་མངོན་པའི་ཆེད་རས་དམར་གྱི་གཏུམ་ཞིག་གིས་ཐོག་སི་ཤན་དམར་པོའི་སྐྲིས་ཀྱང་རྒྱབ་ཡོད། གཉིས་པ། རྟག་ཛར་ཞེས་སྣམ་བུ་དཀར་དམར་གང་རུང་རིལ་མོ་ཞིག་བཟོས་ནས་སྒོ་སྣམ་དམར་པོའི་གཏུམ་རྒྱབ་སྟེ། རིང་ཚད་ཀུང་ཁྲེ་གང་ཙམ་ཞིག་ཡོད་པ་དེ་ལ་གཡུ་བྱུར་རུ། བར་བཀག་དུ་གཡུ་ཧྲུག་ལ་སེར་དངུལ་གང་རུང་གི་སྟེགས་བུ་ཞིག་བཟོས་པ་དེ་ལ་ཐས་སྐྱོར་ཞེས་ལྔ་ཡོད་པ་དེ་མདུན་གྱི་གཡས་གཡོན་གཉིས་ལ་གཉིས་རེ་དང་། རྒྱབ་ཀྱི་ཡར་འཐེན་གྱི་རྩེ་མོར་སྟོང་ཆ་ཕྲན་བུ་བཞག་ནས་སྦྱར་དགོས་(སྟོང་ཆ་འཇོག་དགོས་པའི་རྒྱུ་མཚན་ནི་སྟོང་ཆའི་སྟེང་དུ་རང་གི་ཟླའོ་དེས་སྤྲད་པའི་གཡུ་དེ་སྦྱོར་དགོས།)རྟག་ཛར་ནི་པ་སྒོར་ཟླ་གཟུགས་དེ་ལ་གཤམ་ནས་ཡོངས་སུ་བསྐོར་ནས་སྣེ་མོ་གཉིས་པ་སྒོར་གྱི་རྩེ་ལ་འཐེན་པ་དེར་ཡར་འཐེན་ཞེས།

གསུམ་པ། པ་ལུང་ཞེས་སྣམ་བུ་དཀར་དམར་གང་རུང་སྦྱར་ནས་བར་བཀག་ཏུ་གཡུ་བྱུར་རུ་ཡོད་པ་དེ་ནི་པ་སྒོར་གྱི་མདུན་གྱི་གཤམ་འོག་ཏུ་སྐོར་ཡོད། བཞི་པ་འཕྲེད་འཐེན་ཞེས་མུ་ཏིག་ཕྲེང་ཤལ་རྐང་བཅུ་ལྔ་ནས་ཉི་ཤུ་ཙམ་ཡོད་པ་ཞིག་ལ་བཀག་དྲག་བཀག་ཅེས་གསེར་དངུལ་གྱི་སྟེགས་བུའི་སྟེང་དུ་གཡུ་སྦྱར་བ་དེའི་རིང་ཚད་ནི་ཀུང་ཧྥེན་བཞི་ནས་ལྔའི་བར་གྱི་ནར་མོཞིག་བཟོས་ཡོད། དེ་ནི་མུ་ཏིག་དེ་དག་གི་དཀྱིལ་དུ་གཅིག་ནས་འགོ་འཇུག་གཉིས་ལ་རེ་རེ་ཡོད་པ་མུ་ཏིག་ཕྲེང་ཤལ་དེ་དག་ལེབ་མོར་བཟོས་ནས་པ་སྒོར་གྱི་མདུན་གྱི་གཤམ་འོག་ནས་འཐེན་ཏེ་རྩེ་མོར་མ་ལེབ་ཙམ་ལ་འཕྲེད་ལ་འཐེན་པ་ས་འཕྲེད་འཐེན་ཞེས།  པ་འདེམས་པ་སིལ་ཞེས་མུ་ཏིག་དང་ཕྲ་རྒྱན་གྱི་འཁྲུལ་འཁྲུལ་བཟོས་ནས་པ་སྒོར་གྱི་རྒྱབ་མདུན་གཉིས་བཏང་།

དྲུག་པ། ཐིལ་རྩེ་ཞེས་སྙུག་མའམ་འཇག་མ་གང་རུང་ལས་སྒྲུབ་པའི་ཀུང་ཧྥེན་བཞི་བཅུ་ཙམ་ཞིག་སྒོར་མོ་བཟོས་པའི་སྟེང་དུ་རས་དཀར་གྱི་གཏུམས་ཏེ། དེའི་སྟེང་དུ་མུ་ཏིག་སྦྱར་ནས་མི་མངོན་པར་འགྱུར་བ་ཞིག་བཟོས་ནས་དཀྱིལ་དུ་གསེར་གྱི་སྟེགས་བུའི་སྟེང་དུ་ཕྲ་སྤུས་ལེགས་ཞིག་སྦྱར་ཡོད་པ་དེ་ནི་པ་སྒོར་གྱི་མདུན་གྱི་རྩེ་མོར་སྦྱར་ཡོད། བདུན་པ་ཞྭ་མོ་སེར་ཞ་ཞེས་བལ་གྱི་རྩུག་ཕྲུག་ལྟ་བུ་ཞིག་འཐག་ནས་དེ་ལ་ཚོས་གསེར་པོ་བརྒྱབ་ནས་པ་སྒོར་གྱི་རྩེ་མོར་བསྐོན་པས་དེ་ལ་ཞ་མོ་སེར་ཞ་ཟེར། དེ་ནས་སྐེ་འཐག་ཞེས་བྱུར་རུ་གཙོ་བོ་བྱས་པའི་པོ་ཤེལ་དང་ལས་བསྒྲུབས་པའི་ཞལ་པ་ཞིག་བཏགས་ཀྱི་ཡོད་པ་དེ་ནི་རིང་ཚད་སྐྱེ་ནས་ལྟེ་བ་བར་སླེབས་པ་ཞིག་ཡོད།སྤོ་ཤེལ་ནི་ལྔའམ་བདུན་ཡོད་པས་གཡས་གཡོན་གཉིས་ལ་གཉིས་རེ་དང་དཀྱིལ་དུ་ཆེན་པོ་གཅིག་ཡོད། དེ་ལ་འཐེན་འཐག་ཞེས་མུ་ཏིག་ཕྲེང་ཤལ་རྐང་བཅུ་ལྔ་ནས་ཉི་ཤུ་བར་ཡོད་པཞིག་ལ་དྲ་བཀག་ཞེས་གསེར་གྱི་སྟེགས་བུ་ནར་མོ་ཞིག་གི་ཐོག་གཡུ་ཧྲུག་སྦྱར་ཞིག་གོང་འོག་གཉིས་སུ་རེ་རེ་དང་། དཀྱིལ་དུ་སེར་སྒོར་མོ་ཞིག་གི་སྟེགས་བུའི་སྟེང་དུ་ཕྲ་སྣ་ཚོགས་སྦྱར་བ་ཞིག་ཡོད་པ་དེ། སྐེ་འཐག་གི་གཤམ་གྱི་དཀྱིལ་ནས་གྱེན་དུ་འཐེན་ནས་ལག་གཡོན་པའི་དཔུང་མཚམས་སུ་བཏགས་དགོས། ད་དུང་སྐེ་ལ་དཀར་ཞལ་དམར་ཞལ་ཞེས་བྱུར་རུ་ཕྲེང་ཤལ་གཅིག་དང་། མུ་ཏིག་ཕྲེང་ཤལ་གཅིག་ཀྱང་བཏགས་ཀྱི་ཡོད།

བུ་མེད་ལ་གྱོན་པའི་སྟེང་དུ་སྟེང་ཙག་ཅེས་ཕྱུ་པ་ཁྲ་ཁྲ་ཕུ་མེད་ཅིག་ཡོད། དེ་ཁ་རྐུམ་བྱེད་དུ་སྡིར་ར་སེར་འབམ་མ་ཞེས་དངུལ་འམ་ཡང་ན་སེར་ལས་སྒྲུབ་པའི་ཕྱུ་པའི་ཁ་རྐུབ་བྱེད་དུ་སྡིག་རེ་ཆེན་པོ་ཞིག་རྒྱག་གི་ཡོད། སྟོད་དུ་སྡིང་ང་རིན་ཆེན་སྣ་ལྔ་ཞེས་པང་གདན་དང་འདྲ་བའི་ཁྲ་ཁྲ་ཞིག་གྱོན་གྱི་ཡོད། སྐེད་པར་དངུལ་ལས་སྒྲུབ་པའི་སྦུག་ཁུག ཁབ་ཤུག་ཟེར་བ་ཞིག་ཡོད་པ་དེ་ལ་དངུལ་གྱི་འཐག་པ་ཞིག་བཟོས་ནས་སྐེད་པར་བཏགས་ནས་ཛར་དུ་བཏང་ནས་རྩེ་མོ་སི་ཤན་གྱི་ཛར་ལྡན་ཞིག་ཡོད་པ་བཅས་སོ། དེ་ལ་གཙང་མོའི་རྒྱན་ཆ་ཞེས་འབོད།[1]

 

[1] ངག་དབང་ཐུབ་བསྟན། སྔོན་གཙང་ཁུལ་གྱི་བུད་མེད་ཀྱི་རྒྱན་ཆ། སྤང་རྒྱན་མེ་ཏོག ཕྱི་ལོ་ ༡༩༩༩།༢། ཤོག ༢༨།

བརྒྱུད་སྐུལ།

མཆན་སྤེལ།