ཁྲི་སྲོང་བཙན་ནམ་སྐུ་གཤེགས་པའི་ལོ་ཚིགས་ལ་དཔྱད་པ།

ཁྲི་སྲོང་བཙན་ནམ་སྐུ་གཤེགས་པའི་ལོ་ཚིགས་ལ་དཔྱད་པ།
༄༅། །ཁྲི་སྲོང་བཙན་ནམ་སྐུ་གཤེགས་པའི་ལོ་ཚིགས་ལ་དཔྱད་པ།
སྤྱིར་ཁྲི་སྲོང་བཙན་སྒམ་པོའི་སྐུ་འདས་ལོ་ཚིགས་ལ་གནའ་དེང་མཁས་པའི་བཞེད་ཕྱོགས་མང་དུ་མཆིས་ཀྱང་གྲགས་ཆེ་བའི་ལོ་རྒྱུས་ཡིག་ཆ་<<ཏུན་ཧོང་ཡིག་རྙིང་>> དང་<<ཐང་ཡིག>> <<དེབ་དཀར་>>སོགས་ལས་གསལ་བར་ལྟར་ན་སྤྱི་ལོ་650སྲོང་བཙན་སྒམ་པོ་སྐུ་གཤེགས་པའི་ལོ་ཚིགས་ཡིན་པར་གསུངས་ཡོད།
འོན་ཀྱང་སེམས་རྣལ་ལ་ཕབ་ནས་ཞིབ་པར་བསམས་ཞིང་བསམ་དུས་ཡང་སྙིང་ཁྲི་སྲོང་བཙན་སྐུ་འདས་ལོ་650ཡིན་མིན་ལ་དོགས་གནས་མང་དུ་མཐོང་སྟེ།
དེ་ཡང་རྒན་གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་རྩོམ་སྒྲིག་གནང་བའི་<<བརྡ་རྙིང་ཚིག་དོན་ཀུན་ཁྲོལ>>ལས་དྲངས་པའི་<<ཏུན་ཧོང་ཡིག་རྙིང་དོན་ཆེན་གནད་བསྡུས་>>ལས་“ཡོས་བུའྀ་ལོ་ལ(སྤྱི་ལོ་739)། བཙན་པོ་དབྱརད་ཆབ་སྲྀད་ལ་བེག་དུ་གཤེགསྟེ། སྲས་ལྷས་བོན་དྲོན་ན་བཞུགས། བཞུགས་པ་ལས་ནོངས(ཤི་བའི་བརྡ་རྙིང་།)། བཙན་པོ་ཡབ་དགུན་བོད་ཡུལ་དུ་སླར་གཤེགས། བཙན་མོ་ཀྀམ་ཤེང་ཁོང་ཅོ་ནོངས་པར་ལི་ཆིག ཡང་དེ་ནས་“སྦྲུལ་གྱྀ་ལོ་ལ(སྤྱི་ལོ་741)།་་་་་་བཙན་པོ་སྲས་ལྷས་བོན་དང། བཙན་མོ་ཁོང་ཅོ་གཉྀས་གྱྀ་མདད་(འདས་མཆོད)བཏང་བར་ལོ་གཅྀག འདི་ལྟར་ང་ཚོས་ཡིག་རྙིང་འདིའི་གོ་རིམ་ལས་གསལ་བར་ལྟར་ན། སྤྱི་ལོ་739ལོའི་དབྱར་ཁ་བཙན་པོ་ནི་བིག་བྱ་བའི་ཡུལ་ཆབ་སྲིད་ཀྱི་དོན་དུ་ཕེབས་པར་དང་དུས་མཚུངས་ལྷ་སྲས་འཇང་ཚ་ལྷ་བོན་སྐུ་གཤེགས་པ་དང་། ལོ་དེའི་དགུན་ཁར་བཙུན་མོ་གྱིམ་ཤིང་ཀོང་ཇོ་ཡང་སྐུ་གཤེགས། དེ་ནས་ལོ་གཉིས་འགོར་རྗེས་སྤྱི་ལོ་741ལོར་སྲས་ལྷ་བོན་དང་བཙུན་མོ་གྱིམ་ཤིང་ཀོང་གཉིས་ལ་མཉམ་དུ་འདས་མཆོད་བྱས་པར་རེད། དེ་ནས་ལྷ་བོན་དང་གྱིམ་ཤིང་གཉིས་ཧ་ལམ་ལོ་གཉིས་རིང་འདས་མཆོད་མ་བསྒྲུབ་པར་ཤིན་ཏུ་གསལ། ད་དུང་<<ཏུན་ཧོང་ཡིག་རྙིང>>ལས་ཁྲི་སྲོང་བཙན་ནས་ཁྲི་ལྡེ་གཙུག་བརྟན་གདུང་རབས་བཞི་དང་དེ་ལྟར་ཡུན་རིང་ཙམ་བཞག་རྗེས་ད་གཟོད་འདས་མཆོད་བྱས་ཀྱི་ཡོད་པར་བལྟས་ན། བོད་བཙན་པོའི་སྐབས་བཙན་པོ་དང་བཙུན་མོ་རྣམས་སྐུ་འདས་པའི་ལོ་དེ་རང་ལ་གནས་ཚུལ་དེ་ཕྱི་བསྒྲགས་མ་བྱས་པར་གསང་རྒྱའི་ཚུལ་དུ་བཞུགས་པ་དང་། དེ་ནས་ལོ་གཅིག་གི་རྗེས་ལ་བསྒྲགས་པ། དེ་ནས་ལོ་དེའི་གཞུག་མ་མདད་གཏོང་བར་སོགས་འདི་ལྟ་བུའི་ལམ་ལུགས་ཤིག་ཡོད་མིན་ཤིན་ཏུ་དོགས་པ་ཆེ་སྟེ། <<ཐང་ཡིག་རྙིང་མ>>ལས་741ལོར་བོད་ཀྱི་ཕོ་ཉ་བཏང་ནས་ཀོང་ཇོ་ཚེ་ལས་འདས་པའི་གནས་ཚུལ་གོང་མ་ལ་ཞུས་པས་གོང་མ་ཀོང་ཧྲུན་མིན་བྱ་བའི་སྒོ་ཆེན་གྱི་ཕྱི་རོལ་ཏུ་ཀོང་ཇོ་ལ་མྱ་ངན་ཞུས་ནས་ཉིན་གསུམ་རིང་སྲིད་ཀྱི་ཁྲི་ལ་མ་བཞུགས་ཚུལ་བཤད་ཡོད། དེ་ལ་བལྟས་ཡོང་ན་གོང་དུ་བཤད་པ་བཞིན་གྱིམ་ཤིང་ཀོང་ཇོ739ལོར་འདས་པའི་གནས་ཚུལ་དེ་གསང་རྒྱ་བྱས་ནས་་བཞག་པ་དང་། 740ལོར་འདས་པའི་གནས་ཚུལ་བསྒྲགས་པ། 741ལོར་འདས་ཆོད་བསྒྲུབས་པ་དང་སྦྲགས་བོད་ཀྱི་ཕོ་ཉ་ཞིག་ལོ་དེ་རང་ལ་རྒྱ་ནག་ཏུ་གནས་ཚུལ་ཞུ་བར་སོང་བ་ལས་དེའི་གོང་དུ་ཀོང་ཇོ་འདས་པའི་གནས་ཚུལ་རྣམས་ཕལ་ཆེར་ཐང་གོང་མས་ཧ་གོ་མེད་པ་ནི་གོང་དུ་དྲངས་པའི་ཐང་ཡིག་རྙིང་མ་ལས་ཤེས་ཐུབ་ལ་ཏུན་ཧོང་ཡིག་རྙིང་དང་ཐང་ཡིག་བར་གྱིམ་ཤིང་ཀོང་ཇོའི་འདས་ལོ་ལ་ལོ་གཉིས་ཀྱི་ཁྱད་པར་ཡོད་པའི་དཀའ་གནད་ཀྱང་སེལ་ནུས་སོ།།
ཁྲི་སྲོང་བཙན་གྱི་ཚ་བོ་མང་སྲོང་མང་བཙན་གྱི་སྐུ་འདས་ལོ་ཚིགས་ལའང་དང་པོ་གསང་བ་དེ་ནས་བསྒྲགས་པ་མཐའ་མར་མདད་བཏང་བར་ཤིན་ཏུ་གསལ་ཏེ།
<<ཏུན་ཧོང་ཡིག་རྙིང་དོན་ཆེན་གནད་བསྡུས>>ལས་“བྱི་བའི་ལོ་ལ་བབ་སྟེ(སྤྱི་ལོ676) ། དབྱརད་བསྩན་ཕོ་སྤགས་གྱྀ་ཤ་ར་ན་བཞུགས་ཤྀང་། དགུན་ཚང་བང་སྣ་ནས། ཁྲྀ་མང་སློན་དགུང་དུ་གཤེགས། བཙན་ཕོ་སྲས་ཁྲྀ་འདུས་སྲོང་། སྒྲེགས་གྱྀ་ལྷ་ལུང་དུ་བལྟམ། ” དང་དེ་ཉིད་ལས་འདི་ལྟར་ཏེ། “གླང་གི་ལོ་ལ (སྤྱི་ལོ677) །
བཙན་པོ་ཡབ་ཀྱྀ་སྤུར་བ་ལམ་ན་མཁྱྀད་(གསང་བའི་དོན)ཅིང་བཞུགསྟེ། རེ་ཤིན་ཁུ་བུལ་བུ་དང་ལྕོག་པ་རིང་ཙུག་སྐོར་དང་གཉིས། གློ་བ་རིང་སྟེ། ཞང་ཞུང་ལོག་ཅྀང་བཙན་པོ་ཁྲྀ་འདུས་སྲོང་ཉེན་ཀར་ན་བཞུགས་པར་ལོ་ཆིག ”
ཡང་དེ་ལས“སྟགི་ལོ་ལ་བབ་སྟེ(སྤྱི་ལོ678)། བཙན་པོ་ཡབ་གྱྀ་རིང་། བ་ལམ་ན་མཁྱྀད་ཅིང་བཞུགསྟེ། ་་་་་་བཙན་ཕོ་ཉེན་ཀར་ན་བཞུགས་ཤྀང་། ཡབ་(གསང་བ་)བཏོལ་བར་ལོ་གཆིག” ད་དུང་“ཡོས་བུའྀ་ལོ་ལ(སྤྱི་ལོ679)། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། པྱིང་བར་(ཕྱིང་བར) བཙན་ཕོ་ཡབ་གྱྀ་མདད་བཏང་བར་ལོ་ཅིག ”ཅེས་ཧུན་ཧོང་ཡིག་རྙིང་ལས་གསལ་བར་ལྟར་ན་སྤྱི་ལོ676ལོར་མང་སྲོང་སྐུ་འདས་པ་དང་ལོ་དེ་རང་ལ་སྲས་ཁྲི་འདུས་སྲོང་སྐུ་འཁྲུངས། སྤྱི་ལོ་677ལོར་བཙན་པོ་སྐུ་གཤེགས་པའི་གནས་ཚུལ་གསང་བར་བྱས། སྤྱི་ལོ་678ལོར་བཙན་པོ་གཤེགས་པའི་ཁྱབ་བསྒྲགས་བྱེད། སྤྱི་ལོ་679ལོར་ཡབ་མང་སྲོང་གི་འདས་མཆོད་བསྒྲུབས་པ་རེད། ང་ཚོས་འདིའི་གོ་རིམ་ལ་ཞིབ་ལྟ་བྱེད་ན་མང་སྲོང་མང་བཙན་སྐུ་གཤེགས་ནས་ལོ་གསུམ་སོང་རྗེས་གཞི་ནས་འདས་མཆོད་བསྒྲུབས་པ་ཤེས་ནུས།
དེར་བརྟེན་མང་སྲོང་སྐུ་འདས་པའི་ལོ་ཚིགས་ལ་ཐང་ཡིག་ལས་“སྤྱི་ལོ་679མང་སྲོང་འདས་འདུས་སྲོང་ལོ་བརྒྱད་ལ་ལོན་ལ་ཁྲི་འཁོད”ཅེས་ཐང་ལ་མཚོན་ན་ལོ་དེ་རང་ལ་མང་སྲོང་སྐུ་གཤེགས་པའི་གནས་ཚུལ་གཞི་ནས་གོ་ཐོས་བྱུང་ཡོད་པ་ལས་དེའི་གོང་དུ་བཙན་པོ་སྐུ་གཤེགས་པ་གསང་རྒྱ་བྱས་ཡོད་པས་གོ་ཐོས་མ་བྱུང་བ་དང་།
ཧུན་ཧོང་ཡིག་རྙིང་དང་ཐང་ཡིག་བར་ད་གཟོད་མང་སྲོང་སྐུ་འདས་པའི་སྐུ་ཚིགས་ལ་ལོ་གསུམ་གྱི་ཧེ་བག་ཡོད་པ་འདི་ཡང་རྒྱུ་མཚན་དེ་ལ་ཐུག་པ་རེད་སྙམ། དེ་ལྟར་བཙན་པོ་རྣམས་ཀྱི་སྐུ་འདས་ལོ་ཚིགས་གསང་བའི་ཚུལ་དང་དེ་ནས་བསྒྲགས་པ། དེ་ནས་འདས་མཆོད་བསྒྲུབས་ཀྱི་ཡོད་མིན་ཤིན་ཏུ་ནས་ཀྱང་དཔྱད་དགོས་པའི་གནས་སོ།། ད་དུང་གོང་གི་བཙན་པོ་རྣམས་དང་ཆ་འདྲ་བར་དཔེར་ན་བཙན་པོ་འདུས་སྲོང་གི་འདས་ལོར་ཏུན་ཧོང་ཡིག་རྙིང་ལྟར་ན། སྤྱི་ལོ་704ལོར་མྱ་ལ་སྐུ་གཤེགས་པ་དང་། སྤྱི་ལོ་706ལོའི་དགུན་སྨད་ཙམ་ལ་ཡབ་བཙན་པོ་འདུས་སྲོང་ལ་མདད་བཏང་བར་གསལ་པོར་འཁོད་ཡོད། དེ་ལས་བཙན་པོ་སྐུ་གྲོངས་ནས་ལོ་གཉིས་སོང་རྗེས་གཞི་ནས་འདས་མཆོད་བསྒྲུབས་པར་ཤེས་ཐུབ། དེ་དང་དེ་ལ་སོགས་པ་ཕྱོགས་གང་ནས་བལྟས་ཀྱང་དེ་ལྟ་བུའི་ལམ་ལུགས་ཤིག་ཕལ་ཆེར་ཡོད་དགོས་པའི་ཚོད་དུ་སྣང་བས་ད་གཟོད་ཏུན་ཧོང་སོགས་ལས་གསལ་བའི་བཙན་པོ་ཁྲི་སྲོང་བཙན་གྱི་འདས་ལོ་ལ་བསམ་གཞིགས་མི་བྱེད་ཀ་མེད་རེད།

གནའ་དེང་མཁས་དབང་མང་པོའི་བཞེད་ཕྱོགས་ལ་སྲོང་བཙན་སྒམ་པོ་སྐུ་གཤེགས་པའི་ལོ་ཚིགས་ནི་<<ཏུན་ཧོང་ཡིག་རྙིང་དོན་ཆེན་གཅེས་བསྡུས་>>ལས་“ཁྱིའི་ལོ་ལ་བབ་སྟེ(སྤྱི་ལོ650)བཙན་པོ་མྱེས:ཁྲྀ་སྲོང་རྩན་གྱྀ་སྤུར:ཕྱྀ:བའི:རིང:ཁང:ནའ:རིང་མཁྱུད་ཆྀང:བཞུགསྟེ། བཙན་པོ་སྦོན་(དབོན)ཁྲྀ་མང་སྲོང་སློན་མང་རྩན་མེར་ཀེ་ན་བཞུགས་ཕར་ལོ་གཅིག” ཅེས་ཁུངས་འདིར་བརྟེན་ནས་ཏུན་ཧོང་ལས་སྲོང་བཙན་ཁྱིའི་ལོ་སྟེ་སྤྱི་ལོ་650ལོར་སྐུ་གཤེགས་སོང་བ་རེད་ཟེར་མོད། དེ་ཡང་ཉམས་ཞིབ་དེ་ཙམ་གནང་ཐུབ་མེད་པའི་སྐྱོན་ཡོད་དེ། གོང་དུ་དྲངས་ཟིན་པའི་ལུང་དེའི་གོ་དོན་ལ་གཞིགས་ན། སྤྱི་ལོ་650ལོར་ཁྲི་སྲོང་བཙན་སྒམ་པོའི་སྤུར་མཁར་ཕྱིང་བ་སྟག་རྩེའི་ནང་ལ་གསང་རྒྱའི་ཚུལ་དུ་བཞག་ཡོད་པ་ལས་650ལོར་སྲོང་བཙན་སྐུ་གཤེགས་པའི་ལོ་ཚིགས་ཡིན་པར་ཟུར་ཙམ་གླེང་མེད་པ་དེ་ཡ་མཚན་མ་རེད་དམ། དེ་ལས་ལྡོག་སྟེ་སྲོང་བཙན་སྒམ་པོ་དེའི་གོང་དུ་སྐུ་གཤེགས་ཟིན་པར་རྒྱུ་མཚན་ཤུགས་ཆེ་བར་བསྟན་འདུག་སྙམ། དང་པོ། ལོ་དེར་སྲོང་བཙན་སྐུ་གཤེགས་ཞེས་མ་གསུངས་པར་སྤུར་ཕྱིང་བ་སྟག་རྩེ་ལ་མཁྱུད་ཅེས་གསང་བའི་ཚུལ་དུ་བཞག་ཡོད་པར་བལྟས་ན་སྲོང་བཙན་དེའི་གོང་ནས་སྐུ་གཤེགས་ཡོད་པ་རྗེས་དཔག་ལས་ཤེས་ནུས། གཉིས་པ། གོང་དུ་བཤད་ཟིན་པའི་བཙན་པོ་དག་གི་སྐུ་འདས་ལོ་ཚིགས་ལ་ཐོག་མར་གསང་བའི་ཚུལ་བྱས་པ། དེ་ནས་བསྒྲགས་པ། དེ་ནས་མདད་བཏང་བར་སོགས་ཉུང་མཐར་ལོ་གསུམ་དང་མང་ན་ལོ་བཞི་སོང་རྗེས་གཞི་ནས་འདས་མཆོད་གཏོང་བར་གཞིགས་ན་བཙན་པོ་ཁྲི་སྲོང་བཙན་གཅིག་པུར་ལོ་གཅིག་གསང་བ་དང་དེ་ནས་འདས་མཆོད་བྱས་པ་མི་རིགས་སྙམ། དེས་ན་རྒན་ཞོ་ར་པད་མ་དབང་ཆེན་གྱིས་བརྩམས་པའི་<<ལོ་རྒྱུས་དོན་ཆེན་གནད་བསྡུས་ལ་དཔྱད་པ།>>ཞེས་པའི་ནང་ལ་“སྤྲེལ་གྱི་ལོ་སྟེ་སྤྱི་ལོ་648ལོར་སྐུ་གཤེགས་པའོ།། བྱའི་ལོ་སྟེ་སྤྱི་ལོ་649ལོར་གསང་རྒྱ་བྱས་ཡོད་པ་དང་། ཁྱིའི་ལོ་སྟེ་སྤྱི་ལོ་650ལོར་གསང་བ་ཕྱིར་བསྒྲགས་པའི་ལོ་ཁམས་སུ་ངེས།” གསུངས་པ་ནི་ཅུང་བདེན་ཤས་ཆེ་བའི་སྐད་ཆ་ཞིག་རེད་སྙམ།

ད་དུང་དཔྱད་པར་བྱ་བ་འདི་ཡོད་དེ་ཡིག་ཆ་གཞན་ལས་གསལ་བར་ལྟར་ཐང་ནས་ཞང་ལྦང་ལེ་ཏོ་ཞེས་པ་ཞིག་ལ་ཝུན་ཤིང་ཀོང་ཇོ་སྐྱེལ་མ་མངགས་ནས་641མཚོ་ནག་ཏུ་སྲོང་བཙན་དང་མཇལ་བར་དེ་ནས་སླར་ཡང་སྲོང་བཙན་འཁོར་དང་བཅས་642ལྷ་སར་ཕེབས་པའི་ལོ་ཚིགས་འདི་བདེན་དུ་ལགས་ན། སྲོང་བཙན་648ལོར་སྐུ་གཤེགས་པའི་ལོ་ཚིགས་འདི་དང་ཏུན་ཧོང་ཡིག་རྙིང་ལས“དེ་ནས:ལོ་གསུམ་ན་བཙན་པོ་ཁྲྀ་སྲོང་བརྩན་གྱི་རིང་ལ། ལྀག་སྙ:་ཤུར:བརླགསྟེ: ཞང་ཞུང:ཐམ་ཅད་:འབངས་སུ་བཀུག: སྟེ་བངའོ། དེ་ནས:ལོ་དྲུག ནའ། བརྩན་པོ་ཁྲྀ་སྲོང་རྩན་དགུང་དུ་གཤེགསསོ། བཙན་མོ:མུན་ཅང་ཀོང་ཅོ་དང་དགུང་ལོ་:གསུམ་བཤོས་སོ།“ ཞེས་བཙན་པོ་སྲོང་བཙན་དང་བཙུན་མོ་ཝུན་ཤིང་ཀོང་ཇོ་གཉིས་སྤྱི་ལོ་642ནས་645བར་ལོ་གསུམ་ལྷན་དུ་བཞུགས་པ་དང་། དེ་ནས་645ནས་648བར་ལོ་གསུམ་ཞང་ཞུང་འབངས་སུ་བཀུགས་པ་དང་ལོ་དེར་སྲོང་བཙན་སྐུ་གཤེགས་ཟེར་ན་གོང་དུ་དྲངས་ཟིན་པའི་ཏུན་ཧོང་ཡིག་རྙིང་ལས་དེ་ནས་ལོ་དྲུག་ན་བཙན་པོ་ཁྲི་སྲོང་བཙན་དགུང་དུ་གཤེགས་ཞེས་པའི་སྐད་ཆ་དུམ་བུ་དེ་དང་ཡོངས་སུ་མགོ་ཐུག་འདུག་སྙམ།
སུམ་པ་དཔའ་ལྡན། གཞན་ནས་དྲངས།

བརྒྱུད་སྐུལ།

མཆན་སྤེལ།