སྣང་རྫོང་།

སྣང་རྫོང་།

སྣང་རྫོང་ནི་བོད་ཤར་ལྷོའི་ཕྱོགས་ཀྱི་ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་དུ་གནས་ཡོད་པ་དང་། ཧ་ལམ་སའི་གོ་ལའི་ཤར་གྱི་གཞུང་ཐིག་ 93°04′ དང་བྱང་གི་འཕྲེད་ཐིག 29°02′ ཐོག་ཏུ་གནས་ཤིང་། ས་བབ་ཀྱི་ཆ་སྙོམས་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་རྨིད་ 3200 ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་ 3500 ཡན་གྱི་ས་ཆས་རྫོང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆ་ 60 ཡན་ཟིན་གྱི་ཡོད། ས་ཆ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ 4200 དང་། ས་ཞིང་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི་ 2.7 རྩྭ་རའི་རྒྱ་ཁྱོན་ལ་སྤྱི་ཆིང་ 164197.5 ནགས་སའི་ཁྱོན་ལ་སྤྱི་ཆིང་ 209801.352 བཅས་ཡོད།

སྣང་རྫོང་ལ་གླང་མདུན་གཞིས་ཀར་བརྟེན་ནས་གླང་ཞེས་འབྲི་སྲོལ་ཡང་ཡོད་མོད། འོན་ཀྱང་ཡོངས་གྲགས་སུ་སྣང་རྫོང་ཞེས་འབོད་ཅིང་། སྤྱིར་སྣང་ནི་སྣང་བ་ཞེས་པ་སྣང་ཞེས་པ་ནི་འོད་སྣང་ངམ་གསལ་པོར་མངོན་པའི་དོན་ལ་འཇུག་ཅིང་སྣང་རྫོང་ཞེས་པའི་སྣང་ནི་ཐོག་མར་དགྱེར་ལྷ་སྣང་རིགས་ཀྱི་ལྷ་སྣང་ཞེས་པ་ལས་བྱུང་བ་དང་། དེ་ཡང་དགྱེར་ལྷ་སྣང་རིགས་ཀྱི་སངས་རྒྱས་དབོན་གཞོན་གྱིས་རོང་གའི་གནས་གཞི་ཕྱི་མ་བང་རིམ་ཆོས་སྡེ་དགོན་ཕྱག་བཏབ་ཅིང་། དེའི་རིགས་རྒྱུད་ལས་འགའ་ཞིག་ད་ལྟའི་སྣང་གྲོང་ཁུལ་དུ་གནས་སྡོད་བྱས་པས་ཡུལ་དེར་སྣང་ངམ་སྣང་པ་ཞེས་པའི་མིང་ཐོག་མར་བྱུང་བར་གྲགས།

དེ་རྗེས་བོད་གཞུང་དགའ་ལྡན་ཕོ་བྲང་གིས་ད་ལྟའི་སྣང་རྫོང་ཁོངས་སུ་སྐུ་རབ་རྣམ་རྒྱལ་རྫོང་དང་། སྣང་རྫོང་། སྐྱེམས་སྟོང་རྫོང་བཅས་བཙུགས། དེང་གི་སྣང་རྫོང་གནས་ཡུལ་སྣང་གྲོང་དུ་གནས་པས་རྫོང་མིང་ལ་ཡང་སྣང་རྫོང་ཞེས་སྔར་སོར་གནས། རྫོང་འདི་ཉིད་དྭགས་པོའི་ས་ཁོངས་སུ་གནས་པས་དྭགས་སྨད་དམ་དྭགས་གཤམ་ཟེར་ཞིང་། སྔར་རྒྱལ་ཕྲན་སིལ་མའི་སྐབས་མཆིམས་ཀྱི་བདག་དབང་ཁོངས་སུ་ཚུད་པ་དང་། སྲོང་བཙན་གྱིས་བོད་ཁམས་རུ་ལྔར་དབྱེ་བ་ལས་གཡོ་རུ་སྨད་ཀྱི་ཁོངས་སུ་གཏོགས་པ་དང་། 1959 ལོའི་རྗེས་ལྷོ་ཁ་ས་ཁུལ་གྱི་ཁོངས་ཡིན་པ། དེ་རྗེས་སྤྱི་ལོ་ 1986 ལོར་ཉིང་ཁྲི་ས་ཁུལ་གྱི་ཁོངས་སུ་དབྱེ་ཡོད།

དེ་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་སྤྱི་ལོ་ 1876 ལོའི་བོད་ཟླ་ 5 ཚེས་ 5 ཉིན་སྣང་རྫོང་ཁོངས་སུ་སྐུ་འཁྲུངས་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་བྱུང་རྗེས་བོད་གཞུང་བཀའ་ཤག་གིས་སྣང་རྫོང་དེ་གླང་མདུན་ཁྱིམ་རྒྱུད་ཀྱི་ཡབ་གཞིས་སུ་སྤྲད་པར་མ་ཟད། ཁྲལ་ཡང་འཇལ་མི་དགོས་པར་བཟོས། དེ་ནས་བཟུང་སྣང་རྫོང་གི་མིང་ཡང་བོད་ཡོངས་སུ་གྲགས་པ་ཆེ་ཆེར་རྒྱས་ཤིང་། ཡབ་གཞིས་གླང་མདུན་གྱི་འོད་སྣང་གསལ་པོར་མངོན་པར་བརྟེན་སྔར་ཡུལ་མིང་དུ་སྣང་ཞེས་འབོད་པ་ཡང་དོན་དང་མཐུན་པར་གྱུར་ཡོད། སྔར་བརྣངས་ཡང་འབྲི་སྲོལ་ཡོད་པར་གྲགས།

 

ད་ལྟ་སྣང་རྫོང་གི་མངའ་ཁོངས་སུ་གྲོང་རྡལ་གསུམ་དང་། ཤང་གསུམ་ཡོད་པར་སྲིད་འཛིན་གྲོང་ཚོ་ 51 དང་། གྲོང་མི་ཨུ་ཡོན་ལྷན་ཁང་གཅིག་བཅས་ཡོད། རྫོང་ཡོངས་སུ་ཁྱོན་མི་འབོར་ 16606 ཡོད་པ་དེའི་ནང་ཞིང་འབྲོག་མི་གྲངས་ 14255 ཡོད། རྫོང་དེའི་ཁུལ་གྱི་གནམ་གཤིས་ནི་དབྱར་ཁ་ཚ་བར་མེད་ཅིང་། དགུན་ཁ་གྲང་ངར་ཡང་ཆེན་པོ་དེ་ཙམ་མེད། དབྱར་སྟོན་གཉིས་སུ་ཆར་ཤོད་ཆེ་ཞིང་། དགུན་དཔྱིད་གཉིས་སུ་ཐན་པ་དང་ལྷག་ཤུགས་ཆེ་བས་གནམ་གཤིས་འགྱུར་བ་ཧ་ཅང་ཆེ། ལོ་རེའི་ཆ་སྙོམས་དྲོད་ཚད་ནི་ཧྲེ་ཧྲི་ཏུའུ་ 11 ཡིན། ལོ་རེའི་ཆར་པ་འབབ་ཚད་ནི་ཧའོ་རྨིད་ 350 ནས་ 600 བར་ཡིན།

སྣང་རྫོང་གི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ནི། ཞིང་ལས་དང་འབྲོག་ལས་ཡིན་པ་དང་། ཞོར་དུ་ནགས་ལས་དང་ཞོར་ལས་ཀྱང་སྣ་ཚོགས་གཉེར་གྱི་ཡོད། གཙོ་བོ་འབྲི་གཡག་དང་། བ་གླང་། རྟ། ལུག་སོགས་ཕྱུགས་རིགས་གསོ་ཚགས་བྱེད་པ་དང་། ཞིང་ལས་ཐོན་རྫས་གཙོ་བོ་ནི་གྲོ་ནས་སྲན་གསུམ་དང་། ཨ་ཤོམ། པད་ཁ། སུར་པན། ཞོག་ཁོག་སོགས་ཡིན། ཤིང་འབྲས་གཙོ་བོ་སྟར་ཁ་དང་། ཁམ་བུ་ཤ་ཆེན། ཀུ་ཤུགཡེར་མ། ལི། རྒུན་འབྲུམ་སོགས་ཡོད། ནགས་ཚལ་ཐོན་ཁུངས་གཙོ་བོ་ནི་ཐང་ཤིང་དང་རྒྱ་ཤིང་། གསོམ་ནག ཤུག་ཆེན་སོགས་ཡོད། གཏེར་རིགས་ཀྱི་ཐོན་ཁུངས་གཙོ་བོ་ཀེ་ལྕགས་དང་། ཞ་ཉེ། ཏི་ཚ། གསེར་ཕྱེ། ཆུ་ཤེལ་སོགས་དང་། སྨན་རྫས་སྐྱེ་དངོས་གཙོ་བོ་ཨ་བྷི་ཁ་དང་། དབྱར་རྩྭ་དགུན་འབུ། སྔོ་སྨན་སྣ་ཚོགས་ཡོད། རི་སྐྱེས་སྲོག་ཆགས་ཤྭ་བ་དང་། དོམ། གཟིག སྤྲེའུ། གཡི། ཕག་རྒོད། གསའ་གཟིག གླ་བ། སྲམ་སོགས་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་མང་པོ་ཡོད།


ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་སླེབས་རིའི་གནའ་བོའི་བང་སོ་དང་། གཙང་འགྲམ་ཤུག་སྡོང་ཆེན་མོ། བང་རིམ་ཆོས་སྡེ་དགོན། འཁྲུངས་ཁང་གཞིས་ཀ གླང་མདུན་གཞིས་ཀ དཀར་གོང་རྦབ་ཆུ། སྦ་མང་བྲག་ཕུག དུང་དཀར་ཁྱུང་ར། ལ་ཐོག་རྫང་མཚོ་སོགས་ཡོད་པ་ལས་སླེབས་རིའི་གནའ་བོའི་བང་སོ་ནི་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་བྱ་ཡུལ་ཞིག་ཡིན་ཟེར།

 

བརྒྱུད་སྐུལ།

མཆན་སྤེལ།