དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་རྩེ་རྫོང་གི་དམངས་སྲོལ།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་རྩེ་རྫོང་གི་དམངས་སྲོལ།

ས་བཅད་བརྒྱད་པ། དམངས་སྲོལ།

གཅིག གཉལ་གཞུང་གི་བསྡུ་ཞེས་པའི་དམངས་སྲོལ།

བསྡུ་ཞེས་པ་ནི་ལྷུན་རྩེ་རྫོང་ཁོངས་གཉལ་གཞུང་ཁུལ་གྱི་ཐུན་མིན་དམངས་སྲོལ་ཞིག་དང་། དེ་ནི་སྟོན་ཁ་བཙས་མ་བརྔས་རྗེས་དང་། ལོ་ཏོག་ཞིང་ནང་ནས་མ་བསྡུས་གོང་ནོར་གྱི་ཕྱྭ་གཡང་བཀུག་ཏེ་འབྲུ་འབབ་ལེགས་པོ་ཐོབ་པར་རྟེན་འབྲེལ་མཚོན་བྱེད་དུ་སྤེལ་བའི་བྱེད་སྒོ་ཞིག་ཡིན།

དེ་ཡང་ལོ་ལྟར་ཞིང་གཞན་རྣམས་བཙས་ཐག་ཆོད་ཀྱང་ལོ་ཏོག་བཟང་ཤོས་སྐྱེས་པའི་ཞིང་ཞིག་ཏུ་གཟུགས་གཅིག་ལོན་པའི་ས་ཁྱོན་གྱི་ལོ་ཏོག་མི་རྔ་བར་དབྱིབས་སྒོར་མོའི་ཚུལ་དུ་འཇོག་ཅིང་། རེས་གཟའ་སྤེན་པར་ནང་མི་རྣམས་མཉམ་འཛོམས་ཀྱིས་རྔ་འཕྲོས་སུ་ལུས་པའི་ལོ་ཏོག་རྔ་ཞོར་ཁ་ནས། བསྡུ་རོ། བསྡུ་རོ། བསྡུ་རོ་ཞེས་ཁ་གཡང་འབོད་སྲོལ་མཆིས།

དམངས་སྲོལ་དེའི་སྦྱོར་དངོས་མཇུག་གསུམ་ཞིབ་ཙམ་ངོ་སྤྲོད་བྱས་ན། བཙས་མ་གྲུབ་པ་མི་རེས་རང་གི་ལག་གཅིག་ཏུ་ལོ་ཏོག་སྦར་མོ་གང་དང་། གཅིག་ཤོས་སུ་ཟོར་བ་ཐོགས་ཤིང་ཟོར་པའི་ཁ་སྟེང་དུ་ལོ་ཏོག་གི་སྐེད་པ་འཇོག་ཞོར། ཁ་ཤར་ཕྱོགས་སུ་གཏད་ནས་ལག་ནང་གི་ལོ་ཏོག་དང་ཟོར་བ་ཆབས་ཅིག་གཡས་བསྐོར་ངང་ངག་ནས་སྐད་ཤུགས་ཆེན་པོས། ཤར་རྡོ་རྗེ་སེམས་དཔའ་འོང་ལ་ཕེབས་ཤོག འོང་ལ་ཕེབས་ཤོག ཅེས་འབོད་པ་དང་། དེ་ནས་རིམ་བཞིན་ཁ་ལྷོ་དང་། ནུབ། བྱང་། དབུས་རྣམས་སུ་གོང་མཚུངས་ལྷོ་རིན་ཆེན་འབྱུང་གནས། ནུབ་སྣང་བ་མཐའ་ཡས། བྱང་དོན་ཡོད་གྲུབ། དབུས་རྣམ་པར་སྣ་ཚོགས་འོང་ལ་ཕེབས་ཞེས་འབོད། དེ་བཞིན་བྱེད་སྒོའི་མཇུག་ཏུ་གཡུལ་སྒོ་བཀྲ་ཤིས་སྒོར་མོའི་ནང་དུ་འོང་ལ་ཕེབས་ཤོག རླུང་ལ་ཕེབས་ཤོག་ཅེས་ཁ་གཡང་སྒྲོག དེ་ནས་ལོག་ཏོག་གི་ལྕོག་ཁ་རྒྱག་པའི་སྟེང་དར་ལྕོག་སྒྲེང་འཛུགས་བྱེད། དཀར་ཕྱོགས་དགེ་བའི་ལྷ་སྲུང་ཆོས་སྐྱོང་ཞི་བདག་དང་བཅས་པར་བསང་མཆོད་འབུལ་སྲོལ་དང་། ལྷ་གསོལ་སྐབས་རྒན་རབས་རྣམས་མདུན་དུ་ལངས་ནས། བུ་ཆུང་སྐྱེས་པའི་ཨ་མ།། ཨ་མ་སེང་ལྕམ་སྒྲོལ་མ།། ལོ་ཡག་སྐྱེས་པའི་ཨ་མ།། ཨ་མ་ཆུ་ཤིང་ལ་མོ།། སོགས་གཞན་ཆེན་གཏོང་བཞིན་ཕན་ཚུན་ཁ་བཏགས་གཡོགས་རེས་དང་། ཕྱེ་མར་བཟའ་བ། ཆང་འཐུང་བ་སོགས་བྱས་ནས་ཉིན་གང་ཐུགས་སྤྲོ་ངང་མཇུག་སྒྲིལ་ཞིང་། སང་ཉིན་ནས་གཡུལ་ལས་བྱེད་འགོ་ཚུགས་པར་གསལ།[1]

 

གཅིག ཙ་རིའི་གནས་སྐོར་དུས་ཆེན།

  ལྷུན་རྩེ་རྫོང་ཁོངས་སུ་གནས་པའི་ཙ་རིའི་གནས་སྐོར་དུས་ཆེན་ནི། དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་བཀའ་རྒྱུད་པའི་བླ་མ་གཙང་བ་རྒྱ་རས་ཡེ་ཤེས་རྡོ་རྗེས་གནས་ཆེན་ཙ་རི་དེ་ཉིད་བདེ་མཆོག་གི་གནས་ཁྱད་པར་ཅན་ཞིག་ཡིན་པས།  དུས་ངེས་ཅན་དུ་ཡིད་སེམས་དད་པས་ཕྱག་དང་སྐོར་བ་བྱས་ན་ལུས་ཀྱི་སྡིག་སྒྲིབ་འདག་པ་དང་བསོད་ནམས་ཀྱི་ཚོགས་བསགས་ཐུབ་པའི་ཕན་ཡོན་མཆིས་པར་གཟིགས་ནས། མཁའ་མཉམ་སེམས་ཅན་ཐམས་བཅད་ལ་ཕན་བདེ་ལེགས་ཚོགས་འབྱུང་ཕྱིར་། ལོ་སྐོར་བཅུ་གཉིས་ལས་སྤྲེལ་ལོ་ནམ་འཆར་ལ་གནས་ཆེན་ཙ་རིར་མཇལ་སྐོར་དུ་འགྲོ་བའི་སྲོལ་བཏོད།[2] དེ་ནས་བཟུང་ཀློ་ཡུལ་གྱི་བྱང་མཐར་ཆགས་པའི་ཙ་རིའི་ལྷུན་རྩེ་ཙམ་མ་ཟད་ཉེ་འཁོར་དང་ཐག་རིང་ཕྱོགས་མཐའི་རྫོང་གཞིས་ཁག་ནས། ལོ་ལྟར་གནས་སྐོར་བ་ཆག་མེད་སྐོར་ཕྱག་གསོག་པར་ཡོང་སྲོལ་མཆིས་ལ། གཞུང་འབྲེལ་གྱིས་ཙ་རི་སྐོར་གསག་དགེ་སྒྲུབ་བྱེད་ལམ་ཡང་ཡོད་འདུག་གོ། དེ་ཡང་། ཙ་རི་རོང་སྐོར་ལ་བསྐྱོད་སྐབས་ཤར་སྣང་རྫོང་ཁོངས་ཀྱི་སྟར་ཀ་ཤིང་བྱ་བའི་གནས་ནས། ནུབ་ལྷུན་རྩེ་རྫོང་ཁོངས་ཀྱི་བྱ་ཡུལ་བར་བསྐོར་དགོས་པས་ཉིན་བརྒྱད་ནས་བཅུ་བར་འགོར། གནས་སྐོར་བ་རྣམས་སྤྲེལ་ལོའི་བོད་ཟླ་བཞི་པ་དང་ལྔ་པའི་དུས་སུ་རོང་སྐོར་ལ་འགྲོ་བར། སྐབས་དེར་བོད་གཞུང་བཀའ་ཤག་ནས་སྐུ་ཚབ་ཏུ་ཙ་རི་རོང་བསྐོར་གྱི་དོ་དམ་པ་རྩེ་མགྲོན་གཅིག་དང།  རིམ་བཞི་གཅིག་ཆེད་ཕེབས་ཀྱིས་དོ་དམ་སྟངས་འཛིན་བྱེད་ཅིང་། ༸གོང་ས་མཆོག་གི་སྐུའི་ན་བཟའ་ཆ་ཚང་ཞིག་རྩེ་མགྲོན་གྱི་སྒལ་པར་འཁུར་ནས་གདན་ཞུ་བྱེད་སྲོལ་ཡོད། རོང་སྐོར་སྐབས་ཀློ་པར་ལགས་རྟགས་སྤྲོད་ཆེད་དབུས་ཕྱོགས་ཀྱི་མི་སེར་ནས་ཁྲལ་རིགས་མི་ཉུང་བ་ཞིག་བསྡུ་ལེན། རྩེ་ཤོད་ཕྱག་མཛོད་སོགས་ཀྱིས་ཀྱང་ཀློ་རྔན་སྤྲོད་རྒྱུའི་དངོས་པོ་སྣ་ཚོགས་གྲ་སྒྲིག་བྱེད་དགོས་འདུག

དེ་ཡང་རོང་སྐོར་སྐབས་ནགས་ཚལ་སྟུག་པོའི་ཁྲོད་དུ་འགྲོ་ལམ་དང་ཟམ་པ་སོགས་ཀློ་པར་བརྟེན་དགོས་པས། ཀློ་པ་དག་ལ་རྔན་པ་གྱ་ནོམ་པ་མ་སྤྲད་ཚེ་རོང་སྐོར་འགྲོ་ཐབས་མེད་པ་དང་། སྐབས་རེ་ཁོ་ཚོ་འདོད་པ་ཚིམས་མིན་གྱིས་ལམ་བཟོ་ཡག་པོ་མ་བྱུང་བ་ལས་མི་ཤི་སྐྱོན་ཆག་སོགས་ཀྱི་དོན་རྐྱེན་ཡང་ཐོན་པ་ཡིན། ཀློ་པར་སྤྲོད་བྱེད་ཀྱི་ལག་རྟགས་ལེགས་ཤོས་ནི་ཉལ་གཟན་དང་། དྲིལ་བུ། ཏིང་ཤག སྦུབ་ཆལ། གྲི་དཔའ་དམ། བུ་རམ་ཏིང་དཔར་སོགས་དང་། བུ་མེད་ཚོར་དུང་དང་དྲིལ་བུ་སོགས་རྡོ་ཆས་ཀྱི་རྒྱན་ཆའི་རིགས་སྣ་ཚོགས་སྤྲོད་དགོས། ལག་རྟགས་དེ་རྣམས་ཀྱང་རང་ཁུངས་སོ་སོས་འགན་འཁུར་དགོས་པ་ལས་མོན་ཡུལ་ལ་མཚོ་སྣ་རྫོང་དང་། མ་ཎི་སྒང་དང་མལ་གྲོ་སྒང་རྒྱུད་ཀྱི་ལྷ་པ་བ་ལ་སྐུ་དྲག་ཆེན་མོ་ལྷ་ཀླུ་དང་བཤད་སྒྲ་ལ་དབང་བའི་གཞིས་ཀ་ཆེ་ཁག་གཉིས། པདྨ་བཀོད་ཆུང་(མེ་ཏོག་རྫོང་།)ལ་སེ་ར་དགོན་པ་ནས་མངགས་པའི་རྫོང་དཔོན་གྱིས་འགན་ཁུར་སྲོལ་མཆིས་སོ།།

 

གསུམ། རྔོན་རྒྱག་དང་རྒྱན་གོས་རིག་གནས།

     ལྷུན་རྩེ་རྫོང་ཁོངས་ཀྱི་ལྷོ་པའི་རྒྱན་གོས་ནི་དབུས་གཙང་སྤྱི་དང་མི་འདྲ་བར་དམིགས་བསལ་གྱི་ཁྱད་ཆོས་ལྡན། དེ་ཡང་ཡུལ་སྐྱེས་པའི་ཐུན་མིན་གྱི་ཚི་སྣ་ཅན་གྱི་ཤིང་ཤུན་འཁེལ་འཐག་གིས་གྱོན་གོས་བཟོ་སྐྲུན་བྱེད། བཟོ་སྐྲུན་ལས་སྣོན་གྱི་བརྒྱུད་རིམ་དུ་ཚི་སྣ་ཅན་གྱི་ཤིང་པགས་སྐམ་པོ་བཟོས་རྗེས་བརྡུངས་དགོས་པ་དང་། དེ་རྗེས་ཚོུད་ཁ་ཤས་གོ་ཐལ་དང་ལྷན་བསྲེས་ཀྱིས་བསྐོལ་ནས་སླར་སྐམ་རྗེས་སྐུད་པ་བསྒྲིམས་ནས་འཁེལ་འཐག་བྱེད། གྱོན་གོས་རྒྱུ་ཆའི་ཚོས་གཞི་ཕལ་ཆེ་བ་ནག་པོ་ཡིན། བཟོ་དབྱིབས་ནི་ནར་མོར་བཙེམས་པའི་སྟོད་གོས་དེར་གོང་བ་དང་། ཕུ་འཐུང་། སྦ་ཁུག་སོགས་གང་ཡང་མེད་ལ། ཉིན་མོའི་གྱོན་པ་དང་མཚན་མོའི་ཉལ་ཆས་ཚང་མའི་གོ་ཆོད། འོན་ཀྱང་། ཚོས་གཞིའི་སྟེང་ནས་བུད་མེད་ཚོའི་གྱོན་པ་ནི་རི་མོ་ཅན་ཞིག་ནག་པོ་དང་། དམར་པོ་བཅས་གྱོན་སྲོལ་ཡོད།[3] དེ་སྔ་ཁུལ་དེའི་ཀློ་པ་ཚོས་རས་གོས་དེ་ལས་སྤྲོས་པའི་སྨད་གཡོག་དང་དོར་མ་སོགས་གང་ཡང་གྱོན་སྲོལ་མེད་ལ། བུད་མེད་རྣམས་དུས་བཞི་དབྱེར་མེད་དུ་རྐང་རྗེན་མར་སྡོད། སྐྱེས་པ་ལ་ལས་སོ་མ་ར་ཙ་དང་བལ་སྤུ་སོགས་ལས་བཟོས་པའི་ལྷམ་ཡུ་རིང་དང་མགོ་བོར་སྤ་ཤིང་བསླས་ནས་བཟོས་པའི་ཞྭ་མོ་གྱོན། ལྷག་པར་ཀློ་པ་ཚོས་རྣ་ལ་ཨ་ལོང་ཆེན་པོ་འདོགས་པ་དང་། ཕོ་མོ་ཚང་མས་ལག་གདུབ་གྱོན་རྒྱུར་དགའ། རྔོན་རྒྱག་རྒྱུར་དགའ་བའི་ལྷོ་པའི་སྐྱེ་པ་ཚོས་མདའ་ཞུ་དང་ཨབ་ཤག་ལུས་དང་བྲལ་མེད་འཁྱེར་ཞིང་། གྲི་རིང་ཕྲེད་དུ་གཟེར་རྒྱུར་དགའ་པོ་ཡོད་དོ།།[4]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] སྤངས་རྒྱན་མེ་ཏོག ཕྱི་ལོ་ ༢༠༠༡།༡ ཤོག ༡༠།

[2] ཙ་རིའི་གནས་སྐོར་དུས་ཆེན།  མཚོ་སྔོན་པོ་དྲ་བ།  ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས ༨།

[3] རླུང་དར་སྣ་ལྔ། བོད་ཀྱི་སློབ་འབྲིང་དྲ་བ། བོད་ཀྱི་རྒྱན་གོས་རིག་གནས། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༡ ཉིན།

[4] རླུང་དར་སྣ་ལྔ། བོད་ཀྱི་སློབ་འབྲིང་དྲ་བ།  བོད་ཀྱི་རྒྱན་གོས་རིག་གནས།  ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༡ ཉིན།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།