༸རྒྱལ་བའི་བཀའ་དྲིན་ཉིན་བྱེད་སྣང་བ་འཇིག་རྟེན་ཀུན་ཁྱབ།

༸རྒྱལ་བའི་བཀའ་དྲིན་ཉིན་བྱེད་སྣང་བ་འཇིག་རྟེན་ཀུན་ཁྱབ།

༸རྒྱལ་བའི་བཀའ་དྲིན་ཉིན་བྱེད་སྣང་བ་འཇིག་རྟེན་ཀུན་ཁྱབ།

ཕན་བདེ་སྣང་གསལ།

རབས་འབྱམས་བློ་ཡི་མཁྱེན་པ་རབ་རྒྱས་མཁའ་ལྡིང་ལམ་ཡང་དོག་པར་བྱས།།

དྲུག་ཅུའི་དབྱངས་སྙན་ཚངས་པའི་ང་རོས་ངག་གི་དཔལ་ལ་སྐྱེངས་པ་སྟེར།།

ས་གསུམ་འདི་ན་མཁྱེན་པའི་རྩལ་རྫོགས་སྨྲ་བ་ཟླ་མེད་ཁྱོད་མིན་སུ།།

དེས་ན་འཇིག་རྟེན་འགྲོ་བའི་མགོན་པོ་མཚུངས་ཟླ་མེད་པ་དེ་ལ་འདུད།།

 

འགྲོ་ལ་ཕན་པའི་ཐུགས་རྗེའི་ཆབ་རྒྱུན་གྱིས།།

འགྲོ་བའི་ཡིད་ཀྱི་པདྨོ་རབ་ཏུ་བཞད།།

འགྲོ་བའི་མགོན་པོ་སྐྱབས་མཆོག་ཁྱེད་ཉིད་ཅེས།།

འགྲོ་བ་རྣམས་ཀྱིས་གཙུག་ཏུ་མཆོད་པའི་ཡུལ།།

ཞེས་མཆོད་པར་བརྗོད་པའི་ལམ་གྱི་སྒོ་ཕར་ཡངས་པོར་ཕྱེས་ཏེ་གང་གླེང་བར་བྱ་བ་དེ་ཡང་འཁྲུངས་རབས་ལས། དབུས་གྱུར་འཆང་གི་རིགས་ལས་མདོ་སྨད་ཅེས། །འཇམ་མགོན་བླ་མ་མཚན་དཔེ་བཞད་པའི་འདབས། །ལྟག་ཚེར་ཁབ་ཏུ་དཔལ་ལྡན་ལྷ་མོ་ཡི། །ལུང་བཞིན་ངོ་མཚར་བལྟམས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། བོད་ལྗོངས་ལུགས་གཉིས་ཀྱི་རྔ་ཆེན་གངས་རིའི་དབུ་རྩེ་མཐོན་པོ་ནས་བསྒྲགས་པའི་སེང་ཆེན་༸རྒྱལ་མཆོག་ཟླ་མེད་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ། མཐུན་མིན་དམ་པ་དང་ཐུན་མོང་ཕལ་བའི་སྣང་ངོ་གང་གི་ཆ་ལའང་ངོ་འཕྲོད་གསལ་ཆ་དོགས་མེད་ཐུན་སྣང་དུ་གྲུབ་སྟེ། གངས་ལྗོངས་ཆོས་སྲིད་གཉིས་ཀྱི་ལྟེ་གནས་ལྷ་ལྡན་དག་པའི་ཞིང་ཁམས་སུ་གདན་ཞུས་གནང་བའི་ཉིན་དེ་ནས་བཟུང་བོད་ལྗོངས་ལྷ་མི་ཀུན་ལ་བདེ་སྐྱིད་ཉི་མ་གཞོན་ནུའི་སྣང་བས་ཁྱབ་པའི་ཤིས་སུ་གྲུབ། ལོ་ཡི་གྲངས་ཆ་འཁོར་མོ་བརྒྱད་ཅུའི་རྗེས་ཤུལ་འཚོལ་སྐབས་སྐྱེས་མཆོག་འདི་ཉིད་ནི་འཇིག་རྟེན་ཟོ་ཆུན་ཁྱུད་མོ་འཁོར་བའི་གཡོར་ཆེའི་འགྱུར་རིམ་གྱི་དུས་ཚིགས་ཤིག་ཏུ་སྐུའི་མཚན་དཔེ་བཞད་ཅིང་། དམུས་ལོང་དམིགས་བུ་མེད་པའི་འཇིག་རྟེན་འདི་ཉིད་ཀྱི་ཕྱོག་སྟོན་འཁོར་ལོའི་སྐུར་བཞེངས་པའི་མཛད་རྗེས་ཉི་རྡུལ་བྱེ་བའི་ཚོགས་ཀྱིས་ཡོངས་སུ་དཀྲིགས། མུན་པ་གྲོགས་སུ་བསྟེན་པའི་དུད་འགྲོ་ཉུང་ཤས་ཤིག་མ་གཏོགས་སྐྱེ་བོ་སེམས་ཤེས་ཀུན་གྱིས་སྤྱི་བོའི་གཙུག་བཏུད་པར་བྱེད་པ་ནི། ཁམས་གསུམ་ཆོས་ཀྱི་རྒྱལ་པོས། ཁྱོད་ནི་འགྲོ་བའི་དོན་གྱི་སླད། །ཅུང་ཟད་ཙམ་ཡང་མི་ངལ་ཞིང་། །འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་ལ་ངལ་མ་གྱུར། །ཞེས་གསུངས་པའི་དོན་རབ་ཏུ་གསལ་བར་བྱས་སོ། དེས་ན་འདི་ལྟ་བུའི་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པའི་ཆ་ཕྲ་མོ་ཙམ་ཡང་རྗེས་སུ་དྲན་པར་བྱེད་པ་ནི་དོན་ཡོད་པ། བྱ་བ་ཡོད་པར་གྱུར་པ་སྨོས་ཅི་དགོས་ཏེ་མི་དགོས་སོ། ས་དང་ལམ་གྱི་གོ་ས་མཐོན་པོར་གཤེགས་པའི་རྒྱལ་སྲས་རྣམས་ཀྱི་མཛད་པ་ནི་ཆུ་ཀློང་ཆེན་པོའི་བྱེ་མའི་གྲངས་ཀྱིས་ཀྱང་མི་ལངས་ན། རྒྱལ་སྲས་ནང་ཕན་ཚུན་ཁོ་ནའི་སྤྱོད་ཡུལ་ལས་མ་འདས་པས་བདག་ཅག་བྱིས་བློས་དཔོག་དཀའ་བ་ཀུན་ཤེས་སུ་གྱུར་ནའང་། རང་གི་བསོད་ནམས་ཀྱི་དབུ་འཕང་ཅུང་ཟད་གཏོད་པའི་དོན་དུ་སོ་སྐྱེའི་སྤྱོད་ཡུལ་དུ་གྱུར་བའི་འཕྲིན་ལས་ཆེ་བ་ལྔའི་ལམ་ནས་གང་ནུས་དྲན་པར་བྱ་བའི་འདུན་པ་རབ་ཏུ་གཡོས་སོ།།

ཐུགས་བསྐྱེད་ཆུ་ཤེལ་གངས་རི་དཀར་པོ་ལས།།

ལེགས་འཁྲུངས་འཇིགས་མེད་སེང་གེའི་ང་རོ་ཆེ།།

བླང་དོར་མཆེ་སྡེར་ཟུང་གི་ཟིལ་ཤུགས་ཀྱིས།།

སྟོང་གསུམ་འཛིན་མའི་རྒུད་ཚོགས་བརླགས་པར་བྱས།།

འཇིག་རྟེན་ཀུན་ཁྱབ་ལ་བཀའ་དྲིན་ཆེ་བ།

གངས་ཅན་ས་ལའི་སྨན་ལྗོངས་འདི་ཉིད་དུ་སྔར་སྲིད་པ་ཆགས་པའི་དུས་ནས་དེ་རིང་གི་བར་མཁས་གྲུབ་ལོ་པཎ་དང་།ས་སྐྱོང་བླ་དཔོན་སོགས་བཀའ་དྲིན་ཅན་ཇི་སྙེད་ཅིག་བྱོན་ཡོད་པ་ལས། ༸རྒྱལ་མཆོག་འདི་ཉིད་ནི་དེ་དག་ཐམས་ཅད་ཀྱི་འཕྲིན་ལས་གཅིག་ཏུ་འདུས་པ་དང་གཉིས་སུ་མ་མཆིས་པར། གསང་གསུམ་གྱི་འཕྲིན་ལས་གངས་རིའི་རྭ་བ་ལས་བརྒལ་ཏེ་སྐྱེ་འགྲོ་ཀུན་གྱི་གཙུག་ཏུ་བཞད་པའི་ཉིན་བྱེད་དབང་པོའི་སྐུར་བཞེངས། དབུས་ཀྱི་སྐྱབས་མགོན་དང་། གངས་ཅན་མགོན་པོ། བོད་གངས་ཅན་པའི་ལྷ་སྐལ་སོགས་རིས་ཆད་ཀྱི་མཚན་བསྟོད་དེ་དག་ལས་མངོན་པར་འཕགས་པ་འཇིག་རྟེན་ཞི་བདེའི་དེད་དཔོན་ཞེས་ཀུན་ཁྱབ་བླ་ན་མེད་པའི་མཚན་བསྟོད་བྱ་བའི་ཡུལ་དུ་གྱུར། དེ་ལྟ་བུའི་མཚན་བསྟོད་དེ་ཡང་། འདི་ནི་ཚངས་པའོ། ཚངས་པ་ནི་ཆེན་པོའོ། ཞེས་ཚིག་བསྟོད་ཙམ་མ་ཡིན་པར་དོན་ལ་གནས་པ་ཡིན་ཏེ། དུས་རབས་ཉེར་གཅིག་པ་འདིའི་ནང་འཇིག་རྟེན་ཀུན་ཐུགས་སུ་བཅངས་ཤིང་། ཀུན་ཁྱབ་ཀྱི་མཛད་ཁུར་དོན་དང་ལྡན་པ་བཞེས་མཁན་མགོན་པོ་འདི་ཉིད་ཉག་གཅིག་ཏུ་ངེས་པ་མཐོང་ཆོས་སུ་གྱུར་པས་སོ།།

འགྲོ་བ་མིའི་རིགས་ཀྱི་འབྱུང་ཁུངས་རྩད་ཞིབ་པ་ཀུན་གྱིས་མགྲིན་པ་གཅིག་དང་དབྱངས་གཅིག་ཏུ་འགྲོ་བ་མི་རྣམས་སྤྱི་ཚོགས་སུ་འདུས་ཏེ་འཚོ་བའི་རིགས་ཡིན་ཅིང་། ཐོག་མའི་འཚོ་གནས་ཀྱི་བརྒྱུད་རིམ་ནང་ཀུན་རྟོག་ཀྱི་སྤྲོས་པ་མེད་པར་ལྷད་མེད་དྭངས་གཙང་གི་འཚོ་བར་རོལ་བཞིན་ཡོད་པ་དང་། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དུས་འགྱུར་རླབས་ཀྱི་ཕྲེང་བ་སྣ་ཚོགས་གཡོས་པ་ལས་འཚོ་གནས་ཀྱི་ཁོར་ཡུག་སྣ་མང་རྙོག་འཛིང་ཅན་གྱི་དྲ་བའི་སྦུབས་སུ་ཚུད། དེ་ཡང་འགྲོ་བ་མི་རྣམས་ལ་འགྲོ་བ་གཞན་ལས་ཁྱད་ཆེ་བའི་ནང་བསམ་བློའི་འཇིག་རྟེན་ཞིག་ཡོད་པར་བརྟེན་བདེ་སྡུག་གི་མྱོང་བྱ་ལའང་ཁྱད་པར་ཧ་ཅང་ཆེན་པོ་ཡོད། བསམ་བློའི་འཇིག་རྟེན་འདིའི་དབང་ལས་མི་རྣམས་མཐུན་ན་འཇིག་རྟེན་བདེ་བ་དང་། མི་རྣམས་འཁྲུག་ན་འཇིག་རྟེན་ཡོངས་རྫོགས་སྡུག་བསྔལ་བར་འགྱུར་རོ།།

མི་སེམས་ལྷན་སྐྱེས་ཀ་ཅིའི་དར་ཐག་ལ།།

ཀུན་རྟོག་འཇའ་མཚོན་སྣ་ལྔ་བསྐུས་པ་ལས།།

སྣང་སྲིད་སྒྱུ་མའི་ཕུན་ཚོགས་རབ་ཏུ་བཞད།།

འཇིག་རྟེན་དགའ་བདེའི་དཔལ་ཞེས་མགུ་བར་བྱས།།

འགྲོ་བ་མིའི་རིགས་ཀྱི་བྱུང་རབས་ནང་ཕན་ཚུན་སྨྲ་བ་དང་འཚེ་བའི་ལས་སྣ་ཚོགས་དང་འཕྲད་པ་ནི། མིའི་རིགས་ཕན་ཚུན་སྤུན་ཟླ་མཛའ་བཤེས་ཀྱི་འདུ་ཤེས་གཅིག་གྱུར་མེད་པར། ཁ་དོག་དང་རྣམ་འགྱུར་ཙམ་ལ་སོ་སོར་འབྲེལ་མེད་དུ་འཁྲུལ་ཏེ་འཁོན་རྩོད་མི་བཟད་པའི་ལས་ལ་འཇུག་པ་ནི་དམ་པས་སྨད་པའི་ལས་ཁོ་ནར་མཆིས། མདོར་ན། གྲོག་མ་མིག་མེད་བདེ་བའི་དོན་དུ་རྒྱུགས། །ས་འབུ་རྐང་མེད་བདེ་བའི་དོན་དུ་རྒྱུགས། །ཞེས་པ་ལྟར། འགྲོ་བ་ཐམས་ཅད་བདེ་བའི་དོན་དུ་ངལ་ཞིང་བྲེལ་སྟབས་སུ་གནས་པའི་བྱུང་རབས་ཀྱི་མེ་ལོང་ལ་མཐའ་སྡོམ་བྱས་ན། འཚོ་གནས་ཀྱི་བརྒྱུད་རིམ་ནང་ཐོག་མར་ལུས་བདེ་དོན་དུ་གཉེར་བ་ནས་འགོ་ཚུགས་ཤིང་། དེ་ཡང་ས་གནས་ཀྱི་འཁོས་བབ་ཆ་ནས་ཕྱུགས་གསོ་འབྲོག་ལས་དང་། ས་སྦོལ་ཞིང་ལས་ཀྱི་འཚོ་རྟེན་ཆེན་པོ་གཉིས་སུ་ངེས་སོ། ས་ཆུ་རི་བྲག་སོགས་འབྱུང་ཁམས་ཆེན་མོ་དྲག་ཏུ་ཁྲོས་པའི་དུས་བཞིའི་རྣམ་འགྱུར་ལ་འཐབ་ཅིང་འབད་པ་བརྒྱ་སྟོང་གི་ཕྲག་པ་གཟེངས་སུ་བཏེགས་ཏེ་མདུན་བསྐྱོད་ལམ་ཕྲང་དོག་མོའི་སྲུབས་ཀ་ནས་ཀུན་རྟོག་གི་སྤྲོས་པ་རྩི་ཤིང་ལོ་འདབ་གྲོལ་བ་བཞིན་དུ་རིམ་འཕེལ་དུ་སོང་། ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་ལས་གནའ་དུས་ཀྱི་སྐྱེ་བོ་གང་དག་ནོར་དང་འདོད་པའི་བདེ་བ་ལ་རྐམ་ཆགས་ཞེན་ཆེར་འབད་ཀྱང་བདོག་པས་འདོད་ངོ་བསུ་བའི་ཐབས་འཕྲུལ་ངོ་སོ་ཐོན་པ་མ་བྱུང་བར་བརྟེན། འབྱུང་ཁམས་ལྐོག་འགྱུར་གྱི་རིགས་ལ་ལྷ་འདྲེའི་རྣམ་འགྱུར་དུ་བཏགས་ཤིང་། གསོལ་མཆོད་ཀྱི་སྤྲོས་པ་ཇེ་རྒྱས་སུ་བཏང་བ་ལས་ཆོས་དང་མཐར་བའི་བདེ་བ་ལ་རིམ་པས་བློ་གཏད་ཡིད་བཅོལ་གྱིས་སེམས་བདེའི་སྒོ་དབྱེ་བྱས་སོ།།

བདེ་འདོད་ཡིད་ཀྱི་རྒས་པོ་རབ་ཏུ་སྨྱོས།།

འདོད་སྲེད་འཕྲུལ་གྱི་བུ་མོ་བག་མར་བླངས།།

ཕུང་ཁམས་ལུས་པོ་རྒུད་པའི་ཆོས་ཉིད་དེས།།

མལ་གྱི་རེག་བྱས་ཚིམས་པའི་ངལ་གསོ་བྱས།།

འདོད་མའི་ཆོས་ལུགས་ཀྱི་བྱེད་སྒོ་དར་སྤེལ་རྒྱུན་བསྲིངས་ཏེ་བཙོ་སྦྱང་བྱས་པ་ལས་གྲུབ་མཐའ་མི་འདྲ་བའི་སྟོན་པ་རིམ་པར་བྱོན། སྡེ་བཞིའི་ཕུན་ཚོགས་ལས་ནོར་དང་འདོད་པའི་བདེ་བ་ལ་ཞེན་ཅིང་དེ་ཉིད་ཀྱི་དོན་དུ་དུས་བཏང་བ་ནི་སྙིང་པོས་དབེན་ཞིང་བྱ་བའི་འཁོར་ཚོགས་ཀྱི་མེ་དོང་ནང་ཞུགས་པ་ཡིན་པས་དོན་མེད་པ་དང་། འདོད་ཡོན་གྱི་ལོངས་སྤྱོད་ལ་ཆོག་ཤེས་པ་བྱས་ཏེ་ཆོས་དང་ཐར་པའི་བདེ་བ་འཚོལ་བར་བརྩོན་པ་ཆུ་རྒྱུན་བཞིན་བསྟེན་ན། དེའི་འབྲས་བུ་ནི་དཔག་བསམ་གྱི་ལྗོན་པས་འབྲས་བུ་བསྟེར་བ་ཇི་བཞིན་འཛད་མེད་བསམ་བརྗོད་ལས་འདས་པས་དཀའ་སྤྱད་འབད་བརྩོན་བྱས་པ་དོན་ལྡན་དུ་གྱུར་ཚུལ་སྒོ་དུ་མ་ནས་འགྲེལ་བ་ཡིན། དུས་དེ་མཚམས་ནས་བཟུང་འཇིག་རྟེན་འདིའི་ནང་སྐྱེ་བོ་མཆོག་དམན་ཀུན་གྱིས་ནང་དོན་རིག་པའི་གཞུང་ལུགས་ལ་དོ་སྣང་དབྱིངས་ཞུགས་ཀྱིས་ཚེ་འདི་དང་ཕྱི་མའི་དོན་ཐམས་ཅད་ལ་ནང་དོན་རིག་པའི་བྱེད་པོ་རྣམས་ཀྱིས་དབང་བསྒྱུར། སྡེ་བཞི་ལས་ཆོས་དང་ཐར་པའི་བདེ་བའི་དོན་དུ་ནོར་དང་འདོད་པའི་ལོངས་སྤྱོད་ཀྱང་ནང་རིག་གི་བསླབ་བྱའི་རྒྱ་ལས་མ་འདས་པར་དམ་བཅའ་བྱས། སྐྱེ་བོའི་སྒོ་གསུམ་གྱི་འདོད་ཕྱོགས་ལ་ནང་དོན་རིག་པས་ཁ་ལོ་བསྒྱུར་པར་བརྟེན་ཆོས་ལུགས་འདྲ་མིན་གྱི་ཕྱག་རྒྱས་འཇིག་རྟེན་དུམ་བུར་བཏང་བར་མ་ཟད། ནང་དོན་རིག་པའི་བྱེད་པོ་རྣམས་ཐར་པའི་བདེ་བ་དང་སྐྱེ་བོའི་འདོད་སེམས་གཉིས་ཀྱི་བར་གནས་ཕོ་ཉར་གྱུར་ཏེ་སྐྱེ་བོའི་དད་སེམས་འཕྲིན་གྱི་ཁུར་ཆེན་འདེགས་པར་ཇི་མི་སྙམ་པར་མཆིས་ཀྱང་། སྐྱེ་བོ་བློ་མུན་བརླངས་སྤྱོད་ཅན་ལ་ལ་ནང་དོན་རིག་པའི་བྱེད་པོའི་གཟུགས་སུ་བརྫུས་ཏེ་སྐྱེ་བོ་གཞན་ལ་ནོར་དང་འདོད་བདེར་ཉེས་དམིགས་སུ་བལྟས་ཏེ་ཆོས་དང་ཐར་པའི་བདེ་བ་དོན་དུ་གཉེར་དགོས་ཀྱི་སྒྲ་གསང་མཐོན་པོར་བསྙེགས་ཏེ་རང་ཉིད་དད་སེམས་ཅན་གྱི་སྐྱེ་བོའི་སྤང་བྱར་བསྒྲགས་པའི་བདོག་པ་མང་པོའི་འཇིངས་སུ་ཚུད་པ་ངང་ཚུལ་ངན་པའི་རིགས་ཇེ་འཕེལ་དུ་སོང་བས་སྐྱེ་བོ་མང་པོ་ཡིད་དུབ་པར་བྱས་སོ།།

སྡེ་བཞིའི་ཕུན་ཚོགས་མཐའ་མའི་འབྲས་བུ་ལ།།

འགྲོ་བའི་དད་སེམས་རབ་ཏུ་གཡོས་གྱུར་ཀྱང་།།

དང་པོའི་ཕུན་ཚོགས་སྒྱུ་མའི་ཞགས་པ་དེས།།

འདྲེན་མཆོག་ཕོ་ཉའི་ཞབས་ཟུང་དམ་དུ་བཅིངས།།

དེའི་ཚེ་ཕུན་ཚོགས་སྡེ་བཞི་ལས་སྡེ་ཕྱི་མ་གཉིས་དོན་གཉེར་གྱི་ལས་ལ་གཞོལ་བའི་བརྒྱུད་རིམ་ཁྲོད། ཆོས་དང་ཐར་པའི་སྒྲ་གསང་མཐོན་པོར་སྒྲོག་མཁན་མང་པོ་ཡང་འདོད་པ་དང་ནོར་གྱི་དོན་དུ་བྲེལ་ཐབས་སུ་གནས་པ་མཐོང་ཆོས་དང་། ཆོས་དང་འཇིག་རྟེན་མཉམ་བསྲེས་ཀྱི་བཅད་རྒྱ་མང་པོ་ཞིག་དོན་དངོས་དང་མི་མཐུན་པར་མི་སྡེའི་ཁུར་ཆེན་དུ་གྱུར་པ། ཕྱོགས་གཞན་ནས་འདོད་ཡོན་དངོས་པོ་མཁོ་སྒྲུབ་ཀྱི་ཐབས་ཚུལ་ལ་ཤེས་རབ་གསར་པ་རྙེད་པར་མ་ཟད། འཕྲུལ་ཐབས་ཀྱི་འཕེལ་རྒྱས་མྱུར་བར་བྱུང་བས་སྔར་དཀོན་མཆོག་གྱི་སྤྱོད་ཡུལ་ཁོ་ནར་བསམ་པའི་བྱ་བ་མང་པོ་རང་གི་ལག་ཏུ་བདེ་བླག་ཏུ་ཐོབ་པས། འདོད་དངོས་ལ་བརྟེན་ནས་རང་གི་བདེ་སྐྱིད་འཚོལ་ཐུབ་ངེས་ཀྱི་རློམ་སེམས་སྐྱེ་བའི་གཞི་ཚུགས། ཉེ་བའི་དུས་རབས་འགའ་ཤས་ནང་ཚུར་མཐོང་སྐྱེ་བོའི་བློ་རྩལ་ལས་འདོད་དངོས་ཀྱི་ལོངས་སྤྱོད་དམ་ལུས་བདེའི་ཕུན་ཚོགས་ལ་འཕྲུལ་སྣང་ལྟ་བུའི་འཕེལ་རྒྱས་ཟམ་མ་ཆད་པ་བྱུང་ཞིང་། འཕྲུལ་ཆས་ལ་བརྟེན་པའི་བདོག་པའི་ཐོན་རྫས་སྐྱེ་བོའི་འདོད་སེམས་ལས་ཀྱང་ལྷག་པ་གསར་སྐྲུན་བྱས་ཏེ་འདོད་པས་དངོས་རྗེས་མ་ཟིན་པར་བརྟེན་ཆ་འཕྲིན་གྱི་སྒྱུ་ཐབས་སྣ་ཚོགས་ཀྱིས་སྐྱེ་བོའི་འདོད་རྔམ་སྤེལ་བའི་བྱ་བ་གཉེར་མུས་སུ་ཡོད་པ་འདི་ཡིན་ནོ།།

དང་པོ་དངོས་པོས་འདོད་རྗེས་མ་ཟིན་པར།།

འདོད་ཆུང་ཆོག་ཤེས་བྱེད་པའི་ལྟ་སྤྱོད་སྤེལ།།

གཉིས་པ་འདོད་པས་དངོས་རྗེས་མ་ཟིན་པས།།

འདོད་རྔམ་སྒྱུ་མའི་བརྡ་ཁྱབ་ཆ་འཕྲིན་སྤེལ།།

བརྡ་འཕྲིན་གྱི་དུས་རབས་ཞེས་གྲགས་པ་ཕྱོགས་སུ་ཁྱབ་པའི་དུས་འདིར་སྐྱེ་འགྲོ་རྣམས་ལུས་བདེ་ཁོ་ན་དོན་དུ་གཉེར་ཞིང་། འདོད་ཡོན་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་དུ་རེ་ནས་ཐབས་ཤེས་ཡོད་རྒུར་འབད་པའི་མཐའ་འབྲས། དགའ་སྡུག་ཆགས་སྡང་སོགས་ནང་སེམས་རྒྱུད་དང་འབྲེལ་བའི་དཀའ་རྙོག་རུ་འཛིང་གི་དྲ་བར་ཚུད། སྤྱིར་འཁོར་བའི་གཞིས་སུ་དགའ་སྐྱོ་ཆགས་སྡང་ནི་རང་ཆས་སུ་ཡོད་ནའང་། དེང་རབས་གསར་པའི་མདུན་སྐྱོད་ཀྱི་གོམ་སྟབས་རེ་རེའི་ཁྲོད་དུ་ལུས་བདེ་འཚོལ་བའི་འགྲན་རྩོད་ཡོ་འཁྱོམ་ཤིན་ཏུ་ཆེ་ཞིང་། སྐྱེ་བོ་ཕན་ཚུན་རེ་དོགས་ཀྱི་རྙོག་འཛིང་གསར་པ་མང་པོ་དང་འཕྲད་རྐྱེན། མི་མཐུན་འཁོན་རྩོད་ཀྱི་འཆལ་གཏམ་སྤེལ་ཏེ་དོན་མེད་དུ་སྐྱེ་བོའི་ཚེ་སྲོག་འཕྲོག་པར་ཇི་མི་སྙམ་པ་དང་། འབྱོར་ལྡན་ཁེ་གྲགས་དོན་གཉེར་ཅན་ཚོའི་དབར་དཔལ་འབྱོར་གྱི་འགྲན་རྩོད་ནི་དུས་རབས་འགའ་ཤས་སྔོན་གྱི་གཡུལ་སའི་འཐབ་འཁྲུག་ལས་ཀྱང་ཆེས་ཐབས་སྡུག་པའི་གནས་སུ་གྱར་ཡོད། རྒྱལ་ཁབ་སོ་སོའི་ནང་ཤེས་ཡོན་ལྟ་ཅིས་ཟས་གོས་གནས་མལ་གྱིས་ཧ་ཅང་དབུལ་བའི་སྐྱེ་བོ་ཁྲི་སྟོང་མང་པོའི་སྐྱིད་སྡུག་ལ་སེམས་ཚོར་ཙམ་ཡང་མེད་པར། འགྲོ་གྲོན་ཕོན་ཆེ་ཆུད་ཟོས་བཏང་ནས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང་། བར་ནང་སྟོང་ཁམས་ཆེན་མོའི་ནང་གཟའ་ཟླ་བ་དང་མིག་དམར་སོགས་ཀྱི་སྟེང་དུ་འཕུར་བསྐྱོད་ཐུབ་ན་རྒྱལ་ཁབ་འབྱོར་ལྡན་དུ་བརློམས་པ། རང་ཉིད་གནས་སྡོད་བྱེད་སའི་གོ་ལ་འདིའི་འབྱུང་འགྱུར་ལ་སྤྱི་སེམས་མེད་པར་དེ་མུར་འཇོག་ཐབས་ཁོ་ན་བྱེད་པ་སོགས་དྲན་ཤེས་བག་མེད་དུ་གྱུར་པའི་སྤྱོད་ཚུལ་ངན་པ་འདི་དག་ནི་དེང་རབས་སློབ་གསོའི་ཁ་ཕྱོགས་ལ་ནོར་འཛོལ་བྱུང་བའི་དན་རྟགས་གསལ་རྗེན་སྐྱེ་བོའི་མཐོང་ཆོས་སུ་གྲུབ་བོ།།

ཚན་རྩལ་འཕྲུལ་གྱི་རྒྱལ་པོའི་དུས་རབས་ཞེས།།

ཀུན་གྱི་སྨོན་སེམས་ཕྱོགས་པའི་གནས་དེ་ན།།

སེམས་ཉིད་དྭངས་གསལ་ཨ་མ་རྒད་མོ་འདི།།

སྐྱོ་སྣང་རྒྱ་མཚོའི་རླབས་ཀྱིས་མཐའ་རུ་དེད།།

དེང་རབས་གསར་པའི་དངོས་པོའི་དཔལ་ཡོན་གྱིས་རབ་ཏུ་ཕྱུག་པའི་ས་འཛིན་ཡངས་མོ་འདིའི་སྟེང་དུ་མི་རྣམས་ཕལ་ཆེར་རྒྱུན་གཏན་འཚོ་བའི་གཟུགས་བརྙན་ལ་བག་ཕེབས་བདེ་སྐྱིད་སྣང་བས་ཁྱབ་པ་ལྟར་དུ་མཆིས་ཀྱང་། དོན་དངོས་སུ་སེལ་དཀའ་བའི་སྣ་མང་རྙོག་འཛིང་གིས་ཁྱབ་ཅིང་། དཀའ་རྙོག་དེ་དག་སེལ་ཐབས་ལ་འབད་པའི་ཐབས་བྱུས་ཀྱིས་ཡང་སྐྱར་དཀའ་ངལ་སྣོན་མ་བཟོས་པ་སོགས་རི་ཉིལ་ཐག་པས་མ་འདུམ་པའི་ཚད་དུ་བསླེབས། མི་རྣམས་བཅོས་མའི་བྱ་བ་ལ་གཡེངས་ཏེ་འགྲོ་བ་མི་རང་རང་གི་མི་གཤིས་རིན་ཐང་ཡལ་བར་དོར་བཞིན་པའི་སྐབས་འདིར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇིག་རྟེན་འདིའི་གནའ་དེང་གི་ལྟ་སྤྱོད་སོགས་ཕན་ཚུན་མི་མཐུན་པའི་ཕྱོགས་གང་ནས་ཀྱང་བཟང་ངན་གྱི་དབྱེ་འབྱེད་མ་གནང་བར། དེ་དག་ཐམས་ཅད་ཀྱི་རྒྱ་ལས་བརྒལ་ཏེ་འགྲོ་བ་མིའི་ལྷན་སྐྱེས་ཀྱི་མི་གཤིས་རིན་ཐང་སྐྱར་གསོ་བྱ་ཐབས་ལ་ཐུགས་ཁུར་བླ་ན་མེད་པ་བཞེས་ཡོད། དུས་དེ་ནས་བཟུང་གང་ཉིད་ནས་རིས་ཆད་ཀྱི་བསམ་བཤད་སྒྲུབ་གསུམ་གྱི་བྱེད་སྒོ་ཐམས་ཅད་བློས་བཏང་གིས་འགྲོ་བ་མི་ཞིག་ཡིན་པའི་མཚན་གནས་གཅིག་པོའི་སྟེང་ནས་སྣོད་བཅུད་གཉིས་ཐད་ནས་དུམ་བུར་སོང་བའི་གོ་ལ་འདི་ཉིད་ཀྱི་མ་འོངས་པའི་མདུན་ལམ་ལ་ཐུགས་ཁུར་གནང་རྒྱུར་མདུན་བསྐྱོད་ངོ་གསོ་ཐོན་པ་གནང་། དུས་རབས་ཉེར་གཅིག་པ་འདིའི་ནང་གཞི་ནས་བྱང་གཏེར་ཕུགས་སུ་ཉིན་བྱེད་ཀྱི་སྣང་བས་ཁྱབ་པ་ལྟར་འབྱུང་འགྱུར་གྱི་བློ་གསར་ན་གཞོན་ཚོའི་སེམས་ཕུགས་སུ་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ནི་ཕྱིའི་མཐུན་སྐྱེན་ཁོ་ནའི་སྟེང་ནས་འབྱུང་མི་ཐུབ་པ་དང་། གལ་ཏེ་འབྱུང་འགྱུར་གྱི་འཇིག་རྟེན་འདི་ཞི་མཐུན་མཉམ་གནས་ཀྱི་རྫོགས་ལྡན་གསར་པའི་དགའ་སྟོན་ལ་སྤྱོད་དགོས་ན། འགྲོ་བ་མི་རང་རང་གི་མི་སྤྱོད་རིན་ཐང་གོང་མཐོར་གཏོང་དགོས་པ་ནི་དེ་བས་གལ་ཆེན་ཡིན་པའི་ངེས་ཤེས་གཏིང་ཚུགས་པ་ཞིག་རྙེད་པའི་ཕྱོགས་སུ་ཁྲིད་སྟོན་བྱས་ཡོད་ཅིང་། དེར་བརྟེན་དེང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཤར་ནུབ་ཀྱི་སྐྱེ་བོ་གང་ན་སུ་བཞུགས་ཐམས་ཅད་ཀྱིས་རང་རང་གི་ལམ་སྟོན་སྒྲོན་མེ་ལྟ་བུར་ངོས་འཛིན་གྱིས་ཆེ་མཐོང་གུས་བརྩི་སྐྱེ་བོའི་བློ་ཡུལ་ལས་འདས་པ་ཞུས་དང་ཞུ་མུས་སུ་ཡོད་པ་འདི་ནས་ལོང་བས་བལྟས་ཀྱང་ཁམས་གསུམ་མཐོང་བའི་དཔེ་ལྟར་དངོས་ར་གསལ་འཕྲོད་ཡིན་ན། དེ་ལས་ལྷག་པའི་དན་རྟགས་འཚོལ་བའི་ངལ་བ་བསྟེན་ག་ལ་དགོས་ཏེ་མི་དགོས་སོ།།

རིག་གསར་དངོས་པོ་སྤྲོས་པའི་ཡོལ་བ་ཆེས།།

མི་སྤྱོད་ནོར་བུའི་འོད་མདངས་ཉམས་པར་བྱས།།

བཟང་སྤྱོད་ཚངས་ཐིག་འབྱེད་པའི་ཤིང་རྟ་དེས།།

འཇིག་རྟེན་དགའ་བདེའི་དཔལ་ལ་འཛུད་པར་མཛད།།

བརྒྱུད་སྐུལ།

མཆན་སྤེལ།