ནང་དོན་གཙོ་བོ།
བོད་ཕྱི་ནང་གཉིས་ཀྱིས་ཞིབ་འཇུག་པ་མང་པོ་ཞིག་གིས་བོད་རིག་པའི་སྐོར་ལ་ཞིབ་འཇུག་གནང་སྐབས། བོད་ཀྱི་གནས་ཚུལ་ལ་རྨང་གཞི་གཏིང་ཚུགས་པོ་ཞིག་མེད་པའམ། ཡང་ན་གཟབ་ནན་མ་བྱུང་བ་གང་ཡིན་ཆ་མ་འཚལ་ཡང་། ཞིབ་འཇུག་གི་གྲུབ་དོན་མང་པོར་གལ་ཆེའི་གནད་དོན་ཐད་ཚིག་དོན་གཉིས་ཀར་ནོར་འཛོལ་བྱུང་དང་འབྱུང་བཞིན་པའི་ཐད། དཔེ་མཚོན་རེ་གཉིས་དང་བཅས་གསལ་འགྲེལ་དང་། ནོར་འཛོལ་དེས་མ་འོངས་བོད་ལ་ཉེན་ཁ་བཟོ་སྲིད་པའི་ནང་གྲོས་སྒོར་མོ་ཚུལ་དུ་ཞུས་ཡོད།
བརྡ་ཆད་གཙོ་བོ། ཁམས་སོག རྒྱ་སོག མང་ཡུལ། མར་ཡུལ། རྒྱ་ནག ཀྲུང་གོ།
དང་པོ། ཁམས་སོག་ལ་རྒྱ་སོག་བྲིས་པ།
དོགས་གནད་ཡོད་སར་རྒྱུ་མཚན་དྲངས་ནས་དཔྱད་པ་དང་བགྲོ་གླེང་བྱ་རྒྱུ་ནི་ཞིབ་འཇུག་གི་དགོས་པ་ཡིན་ཞིང་། དཔྱད་པ་དང་བགྲོ་གླེང་བྱེད་པའི་གཞི་རྐང་ཚུགས་ས་གཙོ་བོ་དཔྱད་གཞིའི་ཡིག་ཆ་ཡིན་ཞིང་། བོད་ཀྱི་ན་གཞོན་ཞིབ་འཇུག་པ་ཚོས་བོད་ལ་ཞིབ་འཇུག་བྱེད་སྐབས། བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་སོགས་ཀྱི་ནང་གསལ་བའི་ཡིག་ཆ་ཁག་གཤིབ་བསྡུར་བྱ་དགོས་ལ། དེ་བས་ཀྱང་བོད་སྔ་རབས་ཀྱི་ཡིག་ཆ་ཁག་ལ་རུ་ང་ཞིབ་ཚགས་ཀྱི་ལྟ་དགོས་པ་ལས། དཔྱད་གཞིའི་ཡིག་རྒྱུ་གང་རུང་ཞིག་ལག་ཏུ་འཐེབ་པ་དེའི་ནང་དོན་བདེན་པར་འཛིན་ཆོད་སྡོམ་བཞག་ཚེ། གནད་དོན་མང་པོ་ཞིག་གི་ཐོག་ནོར་འཛོལ་བྱུང་དང་འབྱུང་བཞིན་ཡོད། དཔེར་ན། དུས་རབས་ཉི་ཤུ་པའི་འགོ་སྟོད་དུ་བོད་གཞུང་དང་བཀྲས་ལྷུན་བླ་བྲང་དབར་འགལ་ཟླ་བྱུང་བས། ཕྱི་ལོ་ ༡༩༢༣ ལོར་༸པཎ་ཆེན་ཆེན་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་ཀྱི་ཉི་མ་གསང་བྱོལ་གནང་སྐབས། གསོལ་ཅོག་སྟེང་ཕྱག་བསྟར་མའི་ཕྱག་བྲིས་ཤིག་འཇོག་གནང་མཛོད་ཡོད་པའི་ནང་དོན་སྐོར་ལ། ༸པཎ་ཆེན་རིན་པོ་ཆེའི་མཛད་རྣམ་གཙོས་ཆེད་རྩོམ་བྲིས་པ་ཕལ་མོ་ཆེའི་ནང་།༸གོང་ས་མཁན་ཆེན་རྡོ་རྗེ་འཆང་མཆོག་ནས་ཐུགས་རྗེ་ཆུང་བ་ཅི་ལ་སྲིད་ཀྱང་། གཤམ་འོག་ཞིབ་ལས་བྱེད་པོ་རྣམས་ཀྱིས་མཛད་གཏད་བཟོས་ཏེ་སྔར་སྲོལ་ལ་མི་གནས་པའི་དམག་ཕོགས་བཞི་ཟུར་འགེལ་དཀྲི་བྱས་པ་དེ་དག་གི་གྲུབ་དམིགས་མེད་རྐྱེན་རེ་ཞིག་རྒྱ་སོག་ཡུལ་གུར་དད་ལྡན་ཁག་ལ་སློང་མོ་ཞིག་བྱེད་པར་འགྲོ་དགོས་བྱུང་།[1] ཞེས་འཁོད་པ་བཤད་ཡོད་མོད། དོན་དངོས་སུ་ཤིང་བྱི་ཕྱི་ལོ་ ༡༩༢༤ བོད་ཟླ་ ༣ ཚེས་ ༡༩ ཉིན། བོད་གཞུང་བཀའ་ཤག་གིས་སྒོ་མང་མཚན་ཞབས་རྡོ་རྗེ་གཡིབ་ལ་སྩལ་བའི་དམ་འབྱར་མའི་བཀའ་ཤོག་ནང་། ཁམས་སོག་གི་སྦྱིན་བདག་ཁག་བརྒྱུད་ངོ་ཆེན་བསྐུལ་མ་དང་། མཐུན་རྐྱེན་དད་སྦྱིན་འདྲ་ཡོང་རེ་དང་བཅས་ཡུལ་གྲུ་ངེས་མེད་དུ་བསྐྱོད་ཐོན་མི་བྱ་ཐབས་མེད།[2] ཅེས་འཁོད་ཡོད།
གཉིས་པ། མང་ཡུལ་དང་མང་ཡུལ་འཁྲུལ་བ།
མི་ལ་བཞད་པའི་རྡོ་རྗེ་མཆོག་འཇིག་རྟེན་མི་ཡུལ་འདིར་ལྟེ་ཁྲག་འཕོ་སའི་གནས་མང་ཡུལ་གུང་ཐང་ཞེས་པ། དེང་བོད་ཁམས་ཀྱི་ས་ཆ་གང་དུ་ངོས་འཛིན་དགོས་མིན་ཐད་བཞེད་ནོར་འཛོལ་བྱུང་བཞིན་འདུག ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཁང་གི་ཕྱི་ལོ་ ༢༠༠༡ ཟླ་ ༧ ཚེས་ ༡ ནས་ ༣༠ བར་གྱི་《ནོར་ལྡེ་》གསར་ཤོག་གི་ནང་། གནས་མཆོག་བྲག་དཀར་རྟ་སོ་དབུ་མ་རྫོང་ནི་སྟོད་མངའ་རིས་སྐོར་གསུམ་གྱི་ས་ཆ། མང་ཡུལ་ཆབ་ཀྱིས་བསྐོར་བའི་སྐོར་མཚོ་མངའ་རིས་གུང་ཐང་།[3] ཞེས་མང་ཡུལ་གུང་ཐང་དང་བྲག་དཀར་རྟ་་སོ་གཉིས་སྟོད་མངའ་རིས་སྐོར་གསུམ་གྱི་ཡ་གྱལ་མང་ཡུལ་ཆབ་ཀྱི་སྐོར་བའི་གནས་སུ་ཡོད་པ་བཤད་འདུག གུས་པས་དོན་འཁྲུལ་དེ་དག་ལ་གསལ་འདེབས་ཀྱི་ཚུལ་དུ། 《མང་ཡུལ་ལ་ཕྱིན་ནམ། །རྗེ་མི་ལ་རས་པ་ཨེ་མཇལ།།》 ཞེས་པའི་དཔྱད་ཐུང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཕྱི་ལོ་ ༢༠༠༢ ལོའི་གངྒཱའི་བཞད་སྒྲ་འདོན་ཐེངས་དང་པའི་ནང་སྤེལ་ཡོད།
གོང་གསལ་ལྟ་བུའི་འགྲེལ་ལོག་གིས་ནམ་རྒྱུན་སྐྱིད་གྲོང་པ་ཚོས་གུང་ཐང་གི་རི་སུབ་དེ་ནས། མི་ལ་རས་པ་ཞེས་མཚན་ཉི་ཟླ་ལྟར་གྲགས་པའི་སྐྱེས་ཆེན་ཞིག་འཁྲུངས་པ་ཕ་ཡུལ་གྱི་རྒྱན་དུ་བསམས་ནས། དེ་སྔ་དྷ་རམ་ས་ལའི་སྐྱིད་སྡུག་གི་མིང་ལ་མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་ཅེས་བཏགས་ཡོད་པའི་སྤོབས་པ་ཡང་རིམ་བཞིན་ཉམས་ཏེ། སྐྱིད་གྲོང་སྐྱིད་སྡུག་ཅེས་ཁུ་བསྡུས་པའི་གཏམ་རྒྱུད་དགོད་བྲོ་བོ་ཞིག་ཀྱང་རྡོ་ལ་རི་བོའི་འདབས་ངོགས་ཀྱི་དྷ་སའི་རི་ཁུག་འདི་རུ་བྱུང་བར་གྲགས། དེ་བས་ཀྱང་ཕྱི་ལོ་ ༢༠༡༢ ལོར་གུང་ཐང་བསྟན་འཛིན་ནོར་བུས་བརྩམས་པའི་《མང་ཡུལ་མངའ་རིས་གུང་ཐང་གི་རིག་གནས་ལོ་རྒྱུས་》ཞེས་པའི་ནང་། དེ་ཡང་བོད་ཡུལ་སྟོད་མངའ་རིས་ཀྱི་ཆ་སྨད་མང་ཡུལ་གུང་ཐང་། ཞེས་མངའ་རིས་སྐོར་གསུམ་གྱི་ཡ་གྱལ་དུ་གྱུར་པའི་ནང་ཚན་པུ་ཧྲེང་དང་། མང་ཡུལ། ཟངས་དཀར་བཅས་སྐོར་གཅིག་གི་བྱེ་བྲག་ཏུ་གྱུར་པའི་ནང་ནང་གི་མང་ཡུལ་ཞེས་པ་དེ་ཡིན་ཅིང་།[4] ཞེས་བཀོད་འདུག
ཉེ་ཆར་ངོ་དེབ་ཀྱི་སྨྱུག་མིང་གུང་ཐང་ལ་མོ་ཞེས་པ་ཞིག་གིས། གུས་པར་ཁྱེད་ཀྱིས་ཕྱི་ལོ་ ༢༠༡༢ བོད་ཀྱི་དཔེ་མཛོད་ཁང་གིས་དཔེ་སྐྲུན་ཞུས་པའི་《ཤེལ་དཀར་ཆོས་འབྱུང་》གི་གླེང་བརྗོད་དུ། ལ་སྟོད་ཀྱི་རྫོང་དྲུག་གི་ནང་སྐྱིད་གྲོང་བཞག་འདུག་པ་དེ་ལོ་རྒྱུས་གསར་བཟོ་དང་འཁྱོག་བརྗོད་མ་རེད་དམ། སྐྱིད་གྲོང་ནི་གཙང་ལ་སྟོད་ལས་ལོགས་སུ་ཡིན་ཡིན་པ་རེད། ཞེས་ཡིག་འཐུང་ཞིག་བཏང་འདུག ཡོད་ཞིག་རེད། ཅེས་བརྗོད་བྱུང་བར། ཡིན་མིན་བདེན་ལུགས་ཇི་ཙམ་བརྗོད་ཀྱང་ཁས་ལེན་བྱེད་ཀྱི་མི་འདུག་པ་ལ་བལྟས་ན། ཁོ་ཚོ་ཐམས་ཅད་མང་ཡུལ་དང་མང་ཡུལ་འཛོལ། མངའ་རིས་དང་མངའ་རིས་འཛོལ་བ་ཞིག་ཡིན་པ་ཁོ་ཐག་ཏུ་མཐོང་། གཞན་དུ་མང་ཡུལ་སྐྱིད་གྲོང་དེ་བཞིན་གཙང་ལ་སྟོད་ཀྱི་མངའ་ཁོངས་ཡིན་པ་ནི་《འཛམ་གླིང་རྒྱས་བཤད་》ལས། ལ་སྟོད་ལྷོར། ལ་སྟོད་ཀྱི་ཆར་གཏོགས་པའི་མང་ཡུལ་སྐྱིད་གྲོང་དུ་གྲགས་པ་ཡོད་པ་དེར་ཇོ་བོ་མཆེད་བཞིའི་ནང་ཚན་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་བྱིན་རླབས་ཀྱི་གཟི་འོད་འབར་བ་དང་།[5] ཞེས་བྱུང་ལ། 《མི་ལ་རས་པའི་རྣམ་ཐར་》ལས། རྗེ་བཙུན་མི་ལས་བླ་མ་མར་པའི་བཀའ་ལན་དུ། བདག་གཙང་ལ་སྟོད་ཀྱི་མི་སྡིག་པོ་ཆེ་ཅིག་ལགས། ཞེས་སོགས་བྱུང་བ་ལས་ཤེས་ནུས། གཞན་ཡང་། མང་ཡུལ་གུང་ཐང་རོལ་པའི་རྡོ་རྗེའི་མཚན་གཞན་དུ་ལ་སྟོད་དགའ་བ་རྡོ་རྗེ་ཡང་ཞུ། དཔལ་ལྡན་ས་སྐྱ་པའི་སྐབས་དབུས་གཙང་ཁྲི་སྐོར་བཅུ་གསུམ་ནང་། མངའ་རིས་གུང་ཐང་ལ་ཁྲི་སྐོར་གཅིག་ཞེས་བྱུང་ངོ་།།
དོན་གྱི་གནད་ཁ་རྡོག་ལ་དྲིལ་ནས་ཞུས་ན། སྟོད་མངའ་རིས་སྐོར་གསུམ་གྱི་མང་ཡུལ་ནི། བོད་སིལ་བུའི་སྐབས་མངའ་བདག་འོད་སྲུང་གིས་སྲས་དཔལ་འཁོར་བཙན་གྱི་བཙུན་མོ་ཆེ་བ་སྣམ་ནམ་བཟའ་ལེགས་བཙུན་གྱི་སྲས་ཆུང་བ་སྐྱིད་ལྡེ་ཉི་མགོན་གྱིས་མངའ་རིས་སྐོར་གསུམ་རང་གི་བུ་སྟོད་ཀྱི་མགོན་གསུམ་ལ་བགོས་པ་ལས། ཆེ་བ་དཔལ་གྱི་མགོན་ལ་མངའ་རིས་སུ་གནང་བའི་ས་ཁོངས་ཤིག་རེད་ལ། དེའི་ཁྱབ་ཁོངས་ནི་ལ་དྭགས་རྒྱལ་རབས་འཆི་མེད་གཏེར་ལས། འབངས་ཁུ་ནག་བཙན། ཤར་རུ་ཐོག་དང་གསེར་ཁ་གོག་ལད་ཀྱི་བདེ་མཆོག་དམར་པོ། འཚམས་ཀྱི་ར་བ་དམར་པོ། བམ་ལེ་ཡི་མིག་གི་ཕ་བོང་གཡག་ལྡེར་རྡོ་ཕུག་པ་ཅན་ཡན། བྱང་གསེར་ཁ་མགོན་པོ། ནུབ་ཁ་ཆེའི་ལ་རྩ་རྒྱ་རྟོགས་རྣམས་ཡིན་ལ། དེང་གི་ཆར་ལ་དྭགས་དང་རུ་ཐོག་གི་ས་ཁོངས་རྣམས་ཡིན་ལ། མང་ཡུལ་གུང་ཐང་གི་མང་ཡུལ་ནི། བོད་སིལ་བུའི་སྐབས་འོད་སྲུང་གི་སྲས་དཔའ་འཁོར་བཙན་གྱི་ཆུན་མ་འཆིམས་བཟའ་བཙུན་ནེའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་ལས། སྲས་སྨད་ཀྱི་ལྡེ་གསུམ་བྱུང་བ་ལས་ཆེ་བ་དཔལ་ལྡེ་སྲས་ཆེ་བ་འོད་དཔལ་ལྡེས་བཟུང་བའི་ས། དེའི་ས་ཚིགས་ནི་གུང་ཐང་ལ་ཐོག་གངས་རི་རྗེའུ་ལྷ་བཙན་ནས་བལ་པོའི་ཡུལ་མཚམས་ཏིང་ཝ་རི་ཡིན།
མདོར་ན། མང་ཡུལ་ལམ་མར་ཡུལ་ནི་སྟོད་མངའ་རིས་སྐོར་གསུམ་གྱི་ས་ཁོངས་སུ་ཡོད་པ་དང་། མང་ཡུལ་གུང་ཐང་གི་མང་ཡུལ་ནི་མངའ་རིས་སྨད་དམ་གཙང་ལ་སྟོད་ཀྱི་ས་ཁོངས་སུ་ཡོད་དེ། དེ་བས་ཀྱང་མངའ་རིས་མང་ཡུལ་གུང་ཐང་། ཞེས་བྱུང་བ་ནི་རྒྱལ་པོ་ལ་བཙན་པོ་དང་འབངས་ལ་མངའ་རིས་སུ་བཞེད་པའི་མངའ་རིས་ཙམ་ལ་གོ་བ་ལས། འབངས་མིང་ཡུལ་ལ་ཐོགས་པའི་ས་ནུས་བཟུང་བའི་སྟོད་མངའ་རིས་བསྐོར་གསུམ་ལ་མི་མཛོད་ཅིག་གུ།
གསུང་པ། རྒྱ་ནག་དང་ཀྲུང་གོའི་གོ་དོན་ཐ་དད་འཛིན་པ།
ཕྱི་ལོ་ ༡༩༡༢ ཙམ་ནས་རྒྱ་ནག་རྒྱལ་ཁབ་ཀྱིས་རང་གི་ངོ་བོ་གསར་དུ་གཏན་འབེབས་བྱེད་སྐབས། རྒྱ་ནག་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། རྒྱ་དང་། བོད། སོག་པོ། ཤིན་ཅང་། མན་ཇུ་གཅོས་པའི་མི་རིགས་ལྔ་བཅུ་ང་དྲུག་ལས་གྲུབ་པའི་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་ངོ་བོ་གཏན་འབེབས་ཀྱི་ཐ་སྙད་ལ་ཀྲུང་གོ། ཞེས་གནའ་སྔ་མོ་ནས་རྒྱ་ནག་རང་གིས་འབོད་པའི་ཐ་སྙད་རྙིང་རུལ་དེ་སྦྱར་ཏེ། ཀྲུང་གོའི་བོད་ལྗོངས་དང་། ཀྲུང་གོའི་ཞོ་སྟོན། ཀྲུང་གོའི་འབྲི་གཡག ཅེས་བོད་ཀྱི་སྣོད་བཅུད་ཐམས་ཅད་ཀྱི་མིང་གི་སྔོན་དུ་ཀྲུང་གོ་སྦྱར་ནས་བོད་དང་བཅས་པར་ཁོ་པ་ཚོའི་དབང་སྒྱུར་ཁྲིམས་མཐུན་ཡིན་པ་བཟོ་བཞིན་ཡོད།
ལྷག་པར་སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་གཙོ་གནད་ཞིབ་འཇུག་བྱ་གཞི་《བོད་ལྗོངས་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ་》ནང་། ཀྲུང་གོའི་མི་དང་རྒྱ་མི་གོ་དོན་སོ་སོ་ཡིན་པ་དང་། བོད་མི་དང་རྒྱ་མི་གཉིས་ཀྲུང་གོའི་མི་ཡིན།[6] ཞེས་ཆབ་སྲིད་དགོས་མཁོའི་ལོག་འགྲེལ་ཤུགས་ཆེན་ལ་བརྟེན། བོད་ལ་ཞིབ་འཇུག་བྱེད་མཁན་མང་པོ་ཞིག་མགོ་བོ་འཐོམ་པར་གྱུར་ནས། ཀྲུང་གོ་ཞེས་པ་ནི་བོད་ཚུད་པའི་རྒྱ་ནག་གི་བཙན་འོག་ཏུ་བཅུག་པའི་མི་རིགས་ཐུན་མོང་ལ་བཙན་ཤེད་ཀྱི་བཏགས་པའི་ཐ་སྙད་ཅིག་ཡིན་པར་བསམས་ན། རྒྱ་ནག་ལ་ཀྲུང་གོ་ཞེས་འབོད་ན་ཆབ་སྲིད་ཐད་ནོར་འཛོལ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་འདུག དོན་དངོས་སུ་བོད་རྒྱའི་ཡིག་ཆ་རྙིང་པའི་ནང་ཀྲུང་གོ་དང་། ཙི་ན། རྒྱ་ནག་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་དང་། དེ་དང་བོད་གཉིས་ཐ་དད་སོ་སོ་བའི་ཡུལ་གྲུ་ཞིག་ཡིན་པ་རྒྱ་བོད་ཡིག་ཚང་རྙིང་ཁུངས་རྣམས་སུ་གསལ་པོར་འཁོད་ཡོད།
ཀྲུང་གོ་ཞེས་པའི་ཐ་སྙད་འདི་ལ་ད་ཕན་མི་ལོ་ ༣༠༠༠ ལྷག་གི་ལོ་རྒྱུས་ཡོད་ཅིང་། རྒྱ་མི་རིགས་གནས་སྡོད་ས་ཆའི་མིང་ནས་བྱུང་ཞིང་། གནའ་སྔ་མོ་ནས་རྒྱ་ནག་པ་རང་གིས་རང་ལ་འབོད་པའི་ཐ་སྙད་ཅིག་ཡིན་ཞིང་། ཚིག་རང་སྟེང་གི་གོ་དོན་ནི་ཡུལ་གྲུའི་དཀྱིལ་དབུས་དང་། དབུས་ཁུལ། དབུས་ས། ཞེས་པ་དང་འདྲ་མཚུངས་ཡིན།[7] ཞེས་བཤད། རྒྱ་ནག་ཅེས་པ་གནའ་སྔ་མོ་ནས་བོད་པས་ཀྲུང་གོ་(སྟོང་ཁུན)ལ་འབོད་པའི་ཐ་སྙད་ཅིག་ཡིན་པས་ན། དོན་དུ་ཀྲུང་གོ་དང་རྒྱ་ནག་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་རྙིང་ཁུངས་རྣམས་སུ་རྒྱ་ནག་སྟོང་ཁུན་ཞེས་གསལ་ཡོད། སྟོང་ཁུན་ཞེས་པ་ཀྲུང་གོ་ཞེས་པའི་སྒྲ་ཟུར་ཆག་སྟེ་སྐད་ཉམས་པ་ཞིག་ཡིན་ཞིང་།[8] དེ་ནི་བོད་གནའ་རབས་པའི་སྒྲ་བསྒྱུར་ཐད་རྒྱ་ཡིག་གི་ཐ་སྙད་ཐང་གོ་ལ་(唐国)ལ་ཐང་གུར།[9] ཞེས་བསྒྱུར་ཡོད་པ་བཞིན། ཀྲུང་གོ་(中国)ལ་སྟོང་ཁུན་ཞེས་བསྒྱུར་ཡོད་ངེས། རྒྱ་ནག་སྟོང་ཁུན་ཞེས་བྱུང་བ་ནི་སྐུ་ཞབས་ས་ཧེབ།[10] ཅེས་འབོད་པ་དང་འདྲ་བར་བོད་རྒྱའི་ཐ་སྙད་མཉམ་དུ་སྦྲེལ་ནས་སྨྲས་པ་ཞིག་ལས། དོན་དུ་རྒྱ་ནག་ཅེས་པ་བོད་སྐད་དང་སྟོང་ཁུན་ཞེས་པ་རྒྱ་སྐད། སྐུ་ཞབས་ཞེས་པ་བོད་སྐད་དང་ས་ཧེབ་ཅེས་པ་རྒྱ་གར་གྱི་སྐད་ཡིན་པས་ན། དོན་གཅིག་པའི་སྐད་ཡིག་མི་འདྲ་བ་གཉིས་མཉམ་དུ་སྦྱར་ནས་སྨྲོས་པ་ཤིག་རེད།
དེ་ཡང་༸གོང་ས་བཅུ་བཞི་པ་ཆེན་པོའི་《ཆབ་སྲིད་ལམ་སྟོན་དེབ་ཉིས་པའི་》ནང་། ངོ་ཐོག་བྱས་ན་ཀྲུང་གོ་ཞེས་པ་དེ་རྒྱ་ནག་རང་ལ་ཟེར་གྱི་ཡོད་པ་རེད། ང་རང་ཚོ་བོད་པའི་ཡིག་ཆ་རྙིང་པའི་ནང་རྒྱ་ནག་ལ་སྟོན་ཁུང་རྒྱལ་པོ་འདྲ་ཞེས་སྔ་མོ་རྒྱ་གར་གྱི་པཎྜི་ཏ་སྐད་གྲགས་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ནག་ཚོ་ལོ་ཙཱ་བས་མཛད་པའི་དེའི་ནང་ཇོ་བོ་རྗེའི་འཁྲུངས་ཁང་གི་ལོ་རྒྱུས་གསུང་དུས། དེའི་སྟོབས་འབྱོར་མངའ་ཐང་རྒྱ་ནག་སྟོང་ཁུན་རྒྱལ་པོ་ནང་བཞིན་ཡོད་པ་རེད་ཅེས་ཚིག་འདི་གསུངས་ཡོད། དེའི་ཡི་གེ་ནི་སྟོང་ཁུན་ཞེས་བྲིས་ཡོད། དེ་ཡང་རྒྱ་སྐད་ཀྱི་ཟུར་ཆགས་སྟེ་སྐད་ཉམས་སོང་བ་རེད། དོན་དངོས་རྒྱ་ནག་ཅེས་བོད་སྐད་དང་སྟོན་ཁུན་ཞེས་རྒྱ་སྐད་བྱས་ཏེ་དེ་གཉིས་མཉམ་དུ་སྦྲེལ་ནས་བཤད་པ་ཞིག་རེད། དོན་སྙིང་གཅིག་པ་རེད། ང་ཚོའི་ཡིག་ཆ་རྙིང་པའི་ནང་ལ་སྟོན་ཁུན་ནམ་ཀྲུང་གོ་ཞེས་པ་དེ་རྒྱ་ནག་ལ་བརྩི་བ་མ་གཏོགས། དེའི་ནང་བོད་ཐེ་བ་ཞིག་རྩ་བ་ནས་ཆགས་ཡོད་པ་མ་རེད།[11] ཞེས་གསུངས་པ་ལྟར་རོ།།
ཡང་རྒྱ་ནག་གི་ཞིབ་འཇུག་པ་ཚོས་ཡོན་གོང་མའི་དུས་ཙམ་ནས་བོད་པས་ཀྲུང་གོར་སྟོང་ཁུན་ཞེས་འབོད་པའི་བོད་ཀྱི་སྐད་སྙད་ཅིག་བྱུང་།[12] ཞེས་བཤད་མོད། དོན་དངོས་སུ་བོད་པས་རྒྱ་ནག་ལ་སྟོང་ཁུན་(ཀྲུང་གོ་)ཞེས་དུས་རབས་བཅུ་པའི་ནང་ཙམ་ནས་འབོད་ཀྱི་ཡོད་པ་ནི། བཀའ་གདམས་པའི་བླ་ཆེན་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་(ཕྱི་ལོ་ ༡༠༠༤ ནས་ ༡༠༦༤)ཀྱིས་མཛད་པའི་《དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཆོས་ཀྱི་འབྱུང་གནས་》ནང་། རྒྱ་ནག་སྟོང་ཁུན།[13] ནམ། སྟོང་ཀུན།[14] ཞེས་བྱུང་། དེ་བཞིན་སྟོང་ཁུན་ནམ་ཀྲུང་གོ་(中国)དང་། ཙི་ན་(china)། རྒྱ་ནག་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་ནི། དངུལ་ཆུ་བླ་མ་ཆོས་བཟང་ངམ་དྷརྨ་བྷ་དྲས་(༡༧༧༢ ནས་ ༡༨༥༡)བརྩམས་པའི《མངོན་བརྗོད་ཀྱི་བསྟན་རྒྱ་མཚོའི་ཆུ་ཐིགས་》ལས། སྟོང་ཁུན་མ་ཧྭ་ཙི་ན་ནི་རྒྱ་ནག་མིང་ཡིན། བོད་འདི་ལ་བྷོ་ཊ་གངས་ཅན་བསིལ་ལྗོངས་ཟེར།[15] ཞེས་བྱུང་བས་སོ། །དེ་ཡང་། སྟོང་ཁུན་ནམ་ཀྲུང་གོ་(中国)ཞེས་པ་རྒྱ་ནག་རང་གིས་རང་ལ་འབོད་པའི་མིང་དང་། ཙི་ན་(china)ནི་གནའ་དུས་རྒྱ་གར་བས་རྒྱ་ནག་ལ་འབོད་པའི་ཐ་སྙད་གང་ཞིག། དེང་འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་ནག་ལ་(china)ཞེས་འབོད་བཞིན་འདུག མ་ཧཱ་ཞེས་པ་རྒྱ་གར་གྱི་སྒྲ་རང་སོར་བཞག་པ་ལ་དོན་ལ་ཆེན་པོ་ཞེས་པའོ། །གལ་སྲིད་སྟོང་ཁུན་ཞེས་པ་ཀྲུང་གོ་(中国)ཞེས་པའི་སྒྲ་ཟུར་ཉམས་པ་ཞིག་མིན་དབང་དུ་བཏང་ཡང་། ཀྲུང་གོ་(中国)དང་སྐད་དོད་མཉམ་པའམ་དོན་གཅིག་མིང་གི་རྣམ་གྲངས་སུ་རྒྱ་ནག་གཞུང་རང་གིས་འདོད་པའི་ཙི་ན་(china)དང་བོད་གཉིས་ལོ་རྒྱུས་ཐོག་ཡུལ་གྲུ་ཐ་དད་སོ་སོ་བ་ཡིན་པ་ར་འཕྲོད་ཀྱི་མི་འདུག་གམ།
བོད་སྔ་རབས་པས་རྒྱ་ཡིག་ནང་གསལ་བའི་སྟོང་ཁུན་ནམ་ཀྲུང་གོ་(中国)ཞེས་པ་བོད་ཡིག་ནང་བསྒྱུར་སྐབས། ཡུལ་དུས་ཀྱི་དབང་གིས་རྒྱ་ནག་དང་ཀྲུང་གོ་ཞེས་སྒྲ་རང་སོར་བཞག་པ་གཉིས་བྱུང་ཡོད། དཔེར་ན། རྒྱ་ནག་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་《ཐང་དེབ་རྙིང་མ་(旧唐书)》ལས། 吐蕃在长安之西八千里, ……语讹谓之吐蕃。其候子孙繁昌,叉侵伐不息,土宇渐广。历周及隋,莸隔诸羌,未通於中国。[16] ཞེས་པའི་ནང་གི་ཀྲུང་གོ་(中国)ཞེས་པའི་རྒྱ་ཡིག་གི་ཐ་སྙད་དེ། ཕྱི་ལོ་ ༡༩༥༠ གོང་དུ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བརྩམས་པའི་དེབ་ཐེར་དཀར་པོའི་ནང་རྒྱ་ནག་གི་ཐང་ཡིག་རྙིང་པ་ལས་ལུང་འདྲེན་ཞུས་པའི་བསྒྱུར་གྱི་ནང་། རྒྱ་ནག[17] ཅེས་བསྒྱུར་འདུག་ལ། ཕྱི་ལོ་ ༡༩༨༠ རྗེས་སུ་དོན་གྲུབ་རྒྱལ་དང་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་སོགས་ཀྱིས་བོད་བསྒྱུར་བྱས་པའི་ནང་《ཐང་ཡིག་》ནང་། ཀྲུང་གོ།[18] ཞེས་སྒྲ་རང་སོར་བཞག་འདུག
ང་ཚོས་རྒྱ་ནག་གི་ལོ་རྒྱུས་ལས་ཀྲུང་གོ་ཞེས་པའི་ཐ་སྙད་ལ་ཞིབ་འཇུག་བྱས་ཚེ། རྒྱ་མི་རིགས་ཀྱི་དབང་བསྒྱུར་བའི་རྒྱལ་ཁབ་གང་དེའི་ལོ་རྒྱུས་ཡིག་ཆའི་ནང་ཀྲུང་གོ་ཞེས་འཁོད་པ་མཐོང་ཐུབ། དཔེར་ན། ཧྲང་ཁེ་ཅན་(汤开建)དང་ལིའུ་ཅན་ལེ་(刘建丽)རྩོམ་སྒྲིག་བྱས་པའི་སུང་རྒྱལ་རབས་དུས་ཀྱི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཕྱོགས་བསྡུས་(宋代土蕃史料集.)ནང་དང་། ལིའི་ཅས་(黎桀)ཀྱི་བརྩམས་པའི་མིང་གི་ལོ་རྒྱུས་(史明)གཉིས་ཀྱི་ནང་། ཀྲུང་གོ།[19] [20]ཞེས་གསལ་འདུག་ལ། ཕྱི་ལོ་ ༡༩༡༢ ནས་རྒྱ་ནག་མི་སེར་རྒྱལ་ཁབ་སྐབས་ཀྱི་《གཟའ་འཁོར་རེའི་བོད་སོག་གསར་གནས་ཨང་ ༢༩》ནང་། ཕྱི་ལོ་ ༡༩༣༠ ལོར་ལིའུ་མན་ཆིང་རྒྱ་ནག་ནས་བོད་དུ་ཡོང་བ་དང་བོད་ནས་ཕྱིར་ལོག་སྐབས་གསར་འགོད་པ་དང་དྲི་བ་དྲི་ལན་བྱས་པའི་ནང་། ཀྲུང་འགོའི་རྒྱལ་ཁབ་དང་བོད་གཉིས་དབར་གྱི་ལོ་ ༢༠ སོང་བའི་དམ་ཚིག་གསང་གསེལ་ཐུབ་པ་བྱུང་མིན་དྲིས་ལན་དུ། ཀྲུང་གོའི་རྒྱལ་ཁབ་དང་བོད་གཉིས་དབར་སྒོ་མིང་འབྲིང་ཕུའི་བཀའ་དོན་སྤྱི་བོར་ཁུར་ཏེ་མཐུན་ལམ་གཙོ་འདོན་བྱེད་བློ་མ་ཟད།[21] ཅེས་བྱུང་།
གོང་གསལ་གནས་ཚུལ་དག་ལས་རྒྱ་མི་རིགས་ཀྱིས་སྲིད་དབང་བསྒྱུར་བའི་སྲིད་གཞུང་ལ་ཀྲུང་གོ་ཞེས་བར་མ་ཆད་འབོད་པར་མ་ཟད། སྲིད་གཞུང་དེ་དང་བོད་གཉིས་ནི་སྔ་བར་ཕྱི་གསུམ་དུ་ཐ་དད་སོ་སོ་བའི་ཡུལ་གྲུ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། ཡང་རྒྱ་ནག་གཞུང་དང་རྒྱ་རིགས་ཞིབ་འཇུག་པ་ཚོས་བོད་འདི་ཡོན་རྒྱལ་རབས་ཀྱི་དུས་སུ་ཀྲུང་གོའི་མངའ་ཁོངས་སུ་གཏོགས་པ་བཤད་མོད། གནད་དོན་དེའི་ཐད་ལ་བོད་རིག་པའི་མཁས་དབང་ཨི་ལི་ཨོ་ཊི་སི་པཱར་ལིང་གིས་(Elliot Sperling)བོད་ཀྱི་གནས་བབས་ངོ་མ་ཇི་ཡིན་ཡོན་རྒྱལ་རབས་ཀྱི་གཞུང་འབྲེལ་ལོ་རྒྱུས་ (ཡོན་རྒྱལ་རབས་མགོ་རྟིང་ལོག་པའི་ལོ་གཅིག་རྗེས་ཕྱོགས་བསྒྲིགས་བྱས་པའི་ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་) ནང་ཡོན་རྒྱལ་རབས་ཀྱི་མངའ་ཁུལ་རྒྱས་བཤད་བྱེད་པའི་འབྲེལ་ཡོད་ལེའུ་ནང་བོད་བཅུག་མེད་པས་ལས་གསལ་པོར་བསྟན་ཡོད།[22] ཞེས་གསུང་པ་ལས་གསལ་པོར་མཁྱེན་རྒྱུ།
མཁྱེན་ཡངས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འབྲེལ་ཡོད་མཆོག་ལ་དེ་ནས་བཀའ་འབྲེལ་ལྟར། གུས་པ་ཆེད་རྩོམ་སྒྲོག་བྱང་ཞུ་རྒྱུའི་ཟིན་བྲིས་ཕུལ་ཡོད། དེ་ནི་མཐའ་མའི་ཞུ་དག་སོང་བ་ཞིག་ཟིན་བྲིས་ཞིག་ཡིན་པས་དགོངས་འཇགས་ཡོད་པ་མཁྱཻན། མཁྱེན། གཙང་ཕྲུག་སྟོབས་ལགས་ཀྱིས་གུས་ཕུལ།
[1] པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་གང་གི་དགུང་ཚིགས་དང་བསྟུན་པའི་མཛད་རྣམ་རགས་བསྒྲིགས། བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༢༢། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༠། ཤོག ༡༧༥།
[2] བཀའ་ཤག་གིས་སྒོ་མང་མཚན་ཞབས་རྡོ་རྗེ་གཡིབ་ལ་སྩལ་བའི་བཀའ་ཤོག་དམ་འབྱར་མ། བོད་ཀྱི་ལོ་རྒྱུས་རིག་པའི་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་མཁོ་འདོན་གནང་།
[3] ནོར་ལྡེ། ཕྱི་ལོ་ ༢༠༠༡ ཟླ་ ༡ ནས་ ༣༠ བར། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས།
[4] གུང་ཐང་བསྟན་འཛིན་ནོར་བུ། མང་ཡུལ་གུང་ཐང་གི་རིག་གནས་ལོ་རྒྱུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༢། ཤོག ༡།
[5] བཙན་པོ་ནོ་མི་ཧན་བློ་བཟང་འཕྲིན་ལས། འཛམ་གླིང་ཆེན་པོའི་རྒྱས་བཤད་སྣོད་བཅུད་ཀུན་གསལ་མེ་ལོང་། དཔེ་གཟུགས། ༨༤།
[6] དབང་རྒོད་སོགས། བོད་ལྗོངས་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༡། ཤོག ༡༢།
[7] དབང་རྒོད་སོགས། བོད་ལྗོངས་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༡། ཤོག ༡༤།
[8] ༸གོང་ས་༸སྐྱབས་མགོན་ཆེན་པོ། ཆབ་སྲིད་ལམ་སྟོན། གཉིས་པ། བོད་གཞུང་ཕྱི་དྲིལ་ལས་ཁུངས། ༡༩༨༨ ཤོག ༡༦༣། ༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༨༥ ཟླ་ ༡༢ ཚེས་ ༣༠ ཉིན་གནས་མཆོག་རྡོ་རྗེ་གདན་དུ་གཞིས་ལུས་བོད་མི་བདུན་སྟོང་སྐོར་ལ་བཀའ་སློབ་གནང་བའི་སྐབས།
[9] དགེ་ཆོས་ཀྱི་གསུང་རྩོམ། དེབ་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༣། ཤོག ༢༣༩།
[10] སྲིད་དོན་རྒྱལ་རབས།
[11] ཆབ་སྲིད་ལམ་སྟོན། དེབ་གཉིས་པ། བོད་གཞུང་ཕྱི་དྲིལ་ལས་ཁུངས། ཕྱི་ལོ་ ༡༩༨༨། ཤོག ༡༦༣།
[12] དབང་རྒོད་སོགས། བོད་ལྗོངས་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༡། ཤོག ༡༤།
[13] འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཆོས་ཀྱི་འབྱུང་གནས། བྲིས། ཤོག ༢༤།
[14] ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་བཞུགས་ལགས་སོ། །ལུང་བསྟན་པའི་ཚུལ་རགས་རིམ་ཡིན་ལགས། བྲིས་མ། ཤོག ༤།
[15] དངུལ་ཆུ་དྷརྨ་བྷ་དྲ། མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༢། ཤོག ༡༣༡།
[16]宋祁和欧阳修等. 旧唐书,第一六册,卷一九一至二00下。(博)
[17] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༣། ཤོག ༢༤༢།
[18] དོན་གྲུབ་རྒྱལ་དང་ཁྲན་ཆིང་དབྱིང་། ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༣། ཤོག ༡༢༣།
[19] 汤开建和刘建丽.宋代土蕃史料集.(一)四川民族出版社。Pg 11.
[20] 黎桀,史明,海桥出版社出版。第一篇。
[21] གསར་འགྱུར་མེ་ལོང་། ཕྱི་ལོ་ ༡༩༣༠ ཟླ་ ༡༠ ཚེས་ ༢༡། ཤོག ༣།
[22] བྱམས་པ་བསྟན་འཛིན་གྱིས་བསྒྱུར། བོད་དོན་དག་སྐྱེལ། རྒྱ་ནག་གཞུང་གི་དྲི་གཞི་བརྒྱ་ལ་དྲིས་ལན། ལོ་རྒྱུས་དེབ་ཕྲེང་། ༡༨། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༥།