གཙང་གི་གྲྭ་གཞོན་སྙན་ངག་པ། གཙང་པ་དྲུག་སྡེའི་མཉམ་བྲིས།

གཙང་གི་གྲྭ་གཞོན་སྙན་ངག་པ། གཙང་པ་དྲུག་སྡེའི་མཉམ་བྲིས།
《1》རང་གཞན་གཉིས་ལ་གདམས་པ།
ཆོས་རབ།
བསྐལ་བའི་ཐོག་མ་མི་རྙེད་ཅིང་།།
ཕ་མའི་ཕ་མ་མི་དྲན་ཡང་།།
ཆོས་དང་མཇལ་བའི་དུས་བཟང་ལ།།
འཛམ་གླིང་ཉི་མའི་འོད་དུ་བྱས།།
ཕལ་བའི་གོམ་ཁ་བསྒྱུར་ན་ཡང་།
ཐར་པའི་མན་ངག་ཐོས་པའི་ཚེ།།
འཇིག་རྟེན་མི་དང་མི་འདྲ་བའི།།
སྙིང་པོའི་ཆོས་ཤིག་བྱས་ན་བསམ།།
སྙིང་ལ་སྡུག་པའི་འཇིག་རྟེན་གྱི།།
གྲོགས་སམ་ཡང་ན་མེ་ཏོག་ཀྱེ།།

བདག་གི་སེམས་པའི་ཞིང་ཐང་དུ།
ཡང་ཡང་བཞད་དང་བློ་གྲོས་མ།།
ང་རང་སྐད་ཅིག་སྐད་ཅིག་ངང་།།
འཇིག་གིན་འཇིག་གིན་ཡང་ཡང་རྒས།།
ཉིན་ཞག་གཅིག་ལ་མི་ཐུག་པའི།།
སེམས་སམ་ཡང་ན་རྣམ་ཤེས་ཀྱི།།
སྒྱུ་མའམ་རྨི་ལམ་ཇི་བཞིན་གྱི།།
ཉོན་མོངས་མུན་པའི་དུར་ཁྲོད་དུ།།
འདུ་འབྲལ་མེད་པའི་ཡེ་ཤེས་ཀྱིས།།
སྒྲིབ་གཡོག་མེད་པར་གཟིགས་པའི་ཚེ།།
བདེན་པ་ཅན་གྱི་ཕོ་བྲང་དུ།།
ཁྱེད་དང་ང་ལ་དབྱེར་མེད་པས།།
ཐུང་ཐུང་མཛོད་ཅིག་བདག་གམ་གྲོགས།།
མཐོ་ལ་དམའ་བའི་རི་གྲོང་དུ།།
རིང་ལ་ཐུང་བའི་འཇིག་རྟེན་དུ།།
དྲང་སྙོམས་མེད་པའི་སྤྱི་ཚོགས་སུ།།
རང་གི་རང་ཚུགས་བཟུང་ནས་ནི།།
བག་ཡོད་མཛོད་ཅིག་བདག་གམ་གྲོགས།།
ཁེ་ཕན་གཡོ་ཚོང་བྱེད་པའི་སར།
ངེས་བརྟན་མེད་པའི་གྲོགས་པོ་མང་།།
དད་པ་མེད་པའི་གྲོང་ཁྱེར་དུ།
ཚོང་པ་ལྟ་བུའི་སྡིག་གྲོགས་མང་།།
རིན་ཐང་ཅན་གྱི་མི་ཚེ་ལ།།
གཟབ་གཟབ་བྱོས་ཤིག་བདག་གམ་གྲོགས།།

སྤྱི་ལོ་༢༠༡༨ཟླ་བ་༡ཚེས་༨ཉིན

《2》རི་རླུང་བརྒལ་ཏེ་སོང་།
མཚོ་སྨད་གཅེར།

ག༵ངས་ཆུ་དྭངས་མས་སྐྱེད་སྲིང་བྱས་པའི་འཇིག་རྟེན་གྱི་མགོན་པོས། །
ག༵ངས་ལྗོངས་སྤུན་ཟླའི་མཆེད་པོ་ཐུགས་སེམས་ནས་བོར་བ་ཨེ་རེད།།
ག༵ངས་རིའི་མེས་པོ་ཞིག་གིས་མིང་བྱང་གཉའ་གོང་ན་གོན་གྱིན། །
ག༵ངས་ཀྱི་ལམ་བུ་རྒྱུད་ནས་རི་ཆུ་སྟོང་ཕྲག་བརྒལ་ཏེ་སོང་། །

ཁྱེད་ཉིད་གཤེགས་པའི་རྗེས་ཤུལ་རྐང་ལམ་ཁྲ་ཁྲ་རེ་རེའི་འོག །
ཁྱེད་ལ་གཅེར་བའི་ཤ་ཡི་མིག་ཟུང་ཁྲ་ཁྲ་རེ་རེ་ཡོད། །
ཁྱེད་ཉིད་དྲན་སའི་སྤང་ཁུག་ཞིང་ཁམས་ཁྲ་ཁྲ་རེ་རེའི་ཁྲོད། །
ཁྱེད་ལ་དད་པའི་མཆོད་འཕྲིན་མེ་ཏོག་ཁྲ་ཁྲ་རེ་རེ་ཡོད། །

མི་རབས་རྗེ་བོས་ལྷ་ཡུལ་འགྲིམ་པའི་མཛད་པ་གང་སར་ཁྱབ། །
མི་ཡི་ཡུལ་གྱི་འཇིག་རྟེན་ཡི་དྭགས་གྲོང་དང་མཚུངས་ལ་ཉེ། །
མི་བཤད་དགུ་བཤད་བྱས་ཀྱང་ང་ཡི་རྗེ་བོ་མི་ཕེབས་དོན། །
མི་ཚེ་འདི་ལ་སྐོས་པའི་ལས་ཀྱི་ཐམ་ག་ནག་པོ་འདྲ། །

《3》སེམས་ཀྱི་ཁ་མདོག་འདྲ་མིན་འགའ་ཤས།
གཙང་འབྲོང་སྙུག

ལྷ་ཡི་རྒྱལ་པོའི་ཧབ་ཆ་གཅིག་ལས་འཁོར་བའི་བྲང་གཞུང་རླན་གྱི་གཤེར། །
སྒྱུ་མའི་འཁོར་བ་མཛེས་པ་འཛོམས་པས་འབྲོང༷་ཆེན་སྨྱོན་པ་སྨྱོ་ལ་བྲེལ། །
སྨྱོ་ལས་མི་འདས་ཧམ་པ་ཆེ་བའི་འབྲོ༷ང་ཆེན་རྗེས་འབྲང་དཔུང་སྡེའི་ཚོགས། །
ཆར་པ་འདི་ཡི་རང་གཤིས་སྔོག་ལ་རྐང་པ་གཡུག་ལ་མགོ་བོ་གཡུག །

སྤོ་ལོར་དགའ་ན་སྨྱོན་པ་རེད། །
ཁོ་བོ་སྨྱོན་པའི་རྒྱལ་པོ་རེད། །
དེ་ལྟར་སྨྱོ་ནས་འཇིག་རྟེན་འདིར། །
རྫོགས་པར་ཆས་ན་ངོ་མཚར་ཆེ། །

བདེ་བའི་རྣམ་གྲངས་ཅིས་ཀྱང་མང་། །
འཇིག་རྟེན་གཉིད་རྒྱལ་རྒོད་པོ་ང་། །
གཉིད་ཀྱི་ཞིང་ཁམས་ལ་ཆས་དུས། །
མཛེས་མའི་ཟློས་གར་རྨི་ལམ་སྒུག །

སྣང་བ་མ་དག་ཀུན་རྫོབ་ཀུན། །
སྒྱུ་མ་མཁན་པོས་བཟོས་འདྲ་ལ། །
སྒྱུ་མ་མཁན་པོའི་སྒྱུ་མ་དག །
རྣམ་པ་ཅི་ཡིན་ཤེས་ལཊ་སམ། །

འཁོར་བ་དམྱལ་ཁམས་ཐང་ཆེན་ནི། །
བྱིས་པ་སོ་སོའི་སྐྱེས་བོ་དག །
རྐང་ལག་འཁྲབ་སའི་ཡུལ་ཡིན་པར། །
གདོད་ནས་སངས་རྒྱས་ཀུན་པོས་མཁྱེན།

དེང་གི་བརྩེ་དུང་སྒོར་ཤོག་ཡིན།
སྒོར་ཤོག་མེད་ན་བརྩེ་དུང་མེད།
བརྩེ་དུང་ཟབ་པའི་གྲོང་དེ་ན།
སྒོར་ཤོག་མང་ངོ་གཅེས་ལོ་ཚོ།

མཚན་ཉལ་སྤངས་པའི་ཕ་རོལ་ན།
འུག་ཕྲུག་ཅེས་པའི་མིང་ཡང་ཡོད། །
མཚན་ཉུལ་བྱེད་པའི་འཕྱོན་མོའི་ཚོགས།
བྲེལ་འཚུབ་མ་བྱེད་དཀའ་ལེ་རེད།

ལྷ་མི་ཀུན་གྱིས་བཀུར་བའི་མགོན། །
འདུག་ས་གཅིག་ཏུ་མི་འདུག་པར། །
ཕྱོགས་དང་ས་མཚམས་འགའ་ཞིག་ལ། །
འགྲོ་དོན་བསྒྲུབ་ཕྱིར་ད་ཆས་རན། །

《4》གངས་ལྗོངས་བླ་མ་པཎ་ཆེན་དྲན།

སྒྲུབ་བརྩོན་བསྟན་དར།

ནུབ་ཕྱོགས་བདེ་ལྡན་དག་པའི་དམ་ཆོས་ཀྱི་ཞིང་ན། །
སྣ་ཚོགས་འགྲོ་མང་འདུལ་བའི་ཕྲིན་ལས་ཀྱི་བྱེད་པོ། །
སངས་རྒྱས་སྣང་བ་མཐའ་ཡས་མི་གཟུགས་སུ་བྱོན་པའི། །
གངས་ལྗོངས་འགྲོ་བའི་བླ་མ་པཎ་ཆེན་ཁྱེད་མཁྱེན་ནོ། །

གངས་ལྗོངས་མུ་མེད་ས་ཆེན་ཨ་སྔོན་གྱི་དབྱིངས་སུ། །
མཁས་མཛངས་མཁྱེན་དཔྱོད་ཐུགས་རྗེའི་སྙིང་སྟོབས་ཀྱི་སྨོན་པས། །
ལུགས་གཉིས་གསེར་གྱི་ཉི་མའི་དཀྱིལ་འཁོར་གྱི་གཟི་བྱིན། །
ལྗོངས་འདིའི་ཆོས་སྲིད་རིག་པའི་དཔལ་ཡོན་དུ་བསུས་སོང་། །

ཁོངས་ཡངས་ཐུགས་རྗེའི་དཀྱིལ་འཁོར་ནམ་མཁའ་ལྟར་ཡངས་ཤིང་། །
མི་འཇིགས་དཔའ་བོའི་རང་རྩལ་ཐུགས་གཤིས་ལ་མངའ་འདི། །
འདས་དང་འབྱུང་འགྱུར་གངས་ལྗོངས་མདུན་བསྐྱོད་ལ་མཁོ་བའི། །
ཀུན་གྱིས་བསྔགས་འོས་མཛད་བཟང་མིག་དཔེ་རུ་བཞེངས་འདུག །

བཙན་དྲག་གཤེད་མའི་དཔུང་གི་སྡུག་རྩུབ་ཀྱི་འོག་ནས། །
བཟོད་སྒོམ་སྲན་ཚུགས་ཨམ་ཚིགས་དམ་པོ་རུ་བསྡམས་ཏེ། །
ཉམ་ཐག་རིགས་འདིའི་བདེ་སྡུག་ཆུ་གཉེར་གྱི་རི་མོ། །
མི་བརྗེད་དྲན་པའི་སྙིང་གི་གཟེར་བུ་རུ་བཏབ་འདུག །

གངས་ལྗོངས་ཐ་སྙད་རིག་པའི་སྐད་ཡིག་གི་བང་མཛོད། །
རེག་གཅོད་སྐྱི་སེར་རླུང་གིས་ཕྱོགས་མཐའ་རུ་གཏོར་ཚེ། །
དང་བླངས་དཀའ་བ་འབུམ་ཕྲག་ལྷག་བསམ་གྱི་བརྩོན་པས། །
འཆི་ཁའི་སྐད་ཡིག་བླ་ཚེ་ཁྱེད་ཉིད་ཀྱིས་སྐྱོབ་འདུག །

མགོན་ཁྱེད་ཞལ་སྐྱིན་གངས་ལྗོངས་ས་མཐོ་ན་བཞུགས་སྐབས། །
མ་རྟོགས་ལོག་སྨྲ་འབུམ་གྱི་མི་ཁ་ལ་བསྐུར་ཞིང་། །
ད་ལྟ་ཁྱེད་ཉིད་དྲན་པའི་མྱ་ངན་གྱིས་ངུ་བའི། །
རང་ཅག་བོད་པའི་གཤིས་འདིར་དགོངས་བཞེད་རེ་གནང་རོགས། །

2018/ལོའི་པཎ་ཆེན་བླ་མའི་དུས་དྲན་ཉིན་གུས་པས་ཕུལ་བ་དགེའོ། །

《5》རྗེས་དྲན་མིག་ཆུའི་ཐིགས་པ།

གཉན་གསེར་མིག
ཞེ་ན་ལྷོག་ལྷོག་ཏུ་འཁོལ་བཞིན་པ་དང་།
ཁ་ནས་རྒྱུན་དུ་བབས་བཞིན་པ་ནི།
ཁྱེད་དང་ཁྱེད་ཀྱི་གསོལ་འདེབས་ཁོ་ནའོ།

ལོ་ཟླའི་ཁྱོག་མཚམས་ཤིག་ཏེ།
གཉིས་ཐིག་”༣”ལོའི་དགུན་ཟླ་རིང་མོར་སྣང་བའི་ཉི་མ་སེར་བོ་གངས་རིའི་རྒྱབ་ཏུ་གབ།
ནོར་འཛིན་གྱི་དགའ་མར་སྡུག་གི་མུན་པ་ཐིབས།
ས་བཅུད་དང་རི་བཅུད་ཉམས།
ནགས་ཚལ་དང་སྤང་ལྗོངས་སྐམ།
ངུ་ངག་གི་གནམ་ས་གང་།
ཆོས་རྗེ་བླ་མ་ལགས་ ཁྱེད་ཉིད་ཕེབས་པ་སྔ་སོང་།

དེ་རིང་།
རྗེས་དྲན་གྱི་མེ་ལོང་དྭངས་མའི་ངོས་སུ།
འགོག་མེད་དུ་ཤར་བའི་གཟུགས་བརྙན་གསོན་པོ་ཞིག་སྟེ།
གངས་རིའི་རྒྱབ་ལ་ནུབ་པའི་སྣང་བའི་ཉི་མ་སེར་པོ།
མཁན་ཆེན་ཡིད་བཞིན་ནོར་བུ་མཆོག
ང་ཚོས་ཁྱེད་ལ་རྗེས་དྲན་ཞུ།

ངུ་ངག་གི་དབྱངས་རྟ་རིང་མོ་ཞིག་གིས།
ཡོངས་སུ་མཇུག་བསྡུ་བའི་འདས་དོན་དེ་བདེན་པར་སྲིད་དམ།
ཁ་པར་ནང་གི་མཇུག་མཐའི་ཞལ་གདམས་དེས།
ཀུན་དགའ་རྭ་བའི་འཁོར་ཡུག་ཀུན་ངུ་ངག་དང་མཆི་མས་བརླན་པ་དེ་རྨི་ལམ་མིན་པ་སྲིད་དམ།

སྐྱོ་སྡུག་གི་གྲོང་ན་ཉུལ་བའི་རྣམ་ཤེས་མང་པོ་ཞིག
ད་དུང་ཁྱེད་ཀྱི་འདྲ་སྐུ་ལ་གཅེར་དེ།
གསོལ་འདེབས་དང་གདུང་འབོད་བྱེད་ཀྱིན་འདུག་པ་གཟིགས་ལགས་སམ།

བླ་མ་ལགས།
གཞན་དབང་དུ་གྱུར་བའི་སྐྱེ་བོ་མང་པོས།
ཁྱེད་ཀྱི་སྐུ་པར་ལ་མགོ་བོ་གཏུག་ཏེ་ངུ་བཞིན་མཆིས།
ཁྱེད་ཀྱིས་མ་ཚོགས་མཁའ་འགྲོའི་འདུ་རྭ་ནས།
ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་འཚལ།
ལོ་འཁོར་གྱི་བང་རིམ་ཕར་ལ་བསྐྱལ་ནས།
ཁ་སང་ལ་ཐུག
སྡུག་ཡུས་ཀྱི་སྨྲེ་ངག་རུམ་དུ་ཉར་ནས་དེ་རིང་ལ་ཐོན།
ཁྱེད་ཉིད་འཇའ་ལམ་གྱི་དར་སྣེ་བརྒྱུད།
བདེ་ལྡན་དག་པའི་ཞིང་དུ་ཕེབས་ན།
ངེད་ལས་ངན་གྱི་རང་ཚང་བདོ་བའི་སྐྱེ་འགྲོ་རྣམས་སུ་ལ་རེ།
སུ་ལ་སྐྱབས་སུ་འགྲོ།
ཕེབས་པ་སྔ་སོང་། མཁན་ཆེན་མཆོག

དད་པའི་བུ་ལ་མི་གཡོ་བའི་ཞལ་བཞེས་ཡོད་ན།
དོ་ནུབ་རྨི་ལམ་གྱི་ཞིང་ནས་ང་ལ་སེར་ཞལ་གྱི་མཇལ་ཁ་ཞིག་ཐེངས་གཅིག་གནོངས་དང་།
ཞལ་གསུང་ཐེངས་གཅིག་གནང་དང་།
དེས་ངའི་མི་ཚེའི་རེ་བ་ཡོངས་སུ་རྫོགས་ངེས།

ན་ནིང་ཁྲི་གཤོང་ཀུན་དགའ་རྭ་བའི་ནང་ནས།
ཁྱེད་ཉིད་གྱི་འདྲ་སྐུ་མཇལ་དུས།
གློ་བུར་དྲན་སེམས་ཀྱི་ཞིང་ཁམས་ལ་ཕྱི་མིག་ཅིག་ཤོར།
དད་པའི་སྨུག་སྤྲིན་ལང་ལོང་དུ་ཁྲིགས་བཞིན།
གློ་བུར་སྐྱོ་སྡུག་གི་སྦྲང་ཆར་ཤག་ཤག་ཏུ་བབས།
ཁུ་ཚུར་གྱི་ཞིང་ས་བརླན་པར་བྱས།
དད་པའི་རྐྱང་ཕྱག་འབུལ་གྱིན།
གདུང་འབོད་ལན་གསུམ་ཤོར།

འོན་ཀྱང་།
ང་ལ་བག་བྲོ་བའི་ཁྱེད་ཀྱི་བཞིན་རས་དེ་ལས་བྱིན་ཆགས་པའི་གསུང་གཅིག་ཀྱང་མ་ཐོས།

ཨ་ཙི་ཙི་
ལས་ངན་གྱི་བུ་ང་ཇི་འདྲིའི་བསོད་ནམས་དམན་པ་ལ་ཨང་།
བསིལ་ལྡན་གྱི་ཞིང་འདི་བསོད་ནམས་དམན་པ་ལ་ཨང་།

བླ་མ་ལགས།
ཁྱེད་ཀྱི་གཟིམས་པ་མེད་པའི་ཡེ་ཤེས་སྤྱན་རས་ལན་གཅིག་གཟིགས་ན་ཨེ་མ།
མོས་ལྡན་གྱི་བུ་ལ་དགྱེས་ཞལ་ཐེངས་གཅིག་བསྟན་ན་མི་ཆོག་གམ
ནམ་ཞིག་མི་གཙང་བའི་སྒྱུ་ལུས་འདི་རིང་དུ་བོར་ནས།
ངེད་ཀྱང་ལས་ཅན་དག་པའི་འཁོར་གྱི་ཐོག་མར་སྔ་ཙམ་འདྲེན་ན་མི་ཆོག་གམ།

༢༠༡༧ / ༡༡ / ༡༣/ མཚན་མོར།
《6》སེམས་པའི་མགུར།
བྲག་སྐྱེས་དཔལྡན།

ཉི་མ་ནུབ་ཅིང་བྱ་བརྒྱ་ཚང་ལ་ལོག།
གྲང་རླུང་འཇགས་ཤིང་སྒོ་ཁྱི་གཉིད་པའི་དུས།།
ལྷིང་འཇགས་མཚན་ཐུན་རིང་མོའི་ནང་ཤེད་ན།།
སྟོང་འདང་ཡོ་ལང་དྲག་པོའི་གཉོམ་ལག་རྒྱས།།

བཙན་གྱིས་མ་བཙིར་རིམ་གྱིས་བཞུར་ཟིན་པའི།།
སྔར་སོང་དུས་ཀྱི་མར་གསར་འབོར་ཆེན་ཡང་།།
ཟིན་མེད་མི་བརྟན་ཚ་བས་གདུང་བ་ཡིས།།
རྗེས་མེད་ལག་སྟོང་ངང་ཚུལ་འདི་ཨ་ཁ།།

གོས་ཀྱི་མདོག་ཁ་མ་བསྒྱུར་མི་ལོ་དགུ།
ལམ་གྱི་གོམ་ཁ་མ་བསྒྱུར་བགྲང་བྱ་དགུ།
མི་ཚེའི་ཁ་ཕྱོགས་མ་བསྒྱུར་ལོ་ངོ་དགུ།
འོན་ཀྱང་བྱིས་བློ་རྒོད་པོ་ག་ཙམ་འགྱུར།།

འཁོར་བའི་ཉེས་དམིགས་དྲན་ནས་མི་ལོ་དགུ།
ཐར་པའི་ཕན་ཡོན་བསམ་ནས་བགྲང་བྱ་དགུ།
ངེས་འབྱུང་ཁ་ལ་སྦྱར་ནས་ལོ་ངོ་དགུ།
འོན་ཀྱང་སྲིད་ལས་བརྒལ་རྒྱུ་མི་དྲན་ནོ།།

གྲིབ་མ་གྲོགས་སུ་བཀུག་ནས་མི་ལོ་དགུ།
ཁེར་རྐྱང་ཁ་ལ་ཁྱེར་ནས་བགྲང་བྱ་དགུ།
ཆ་མེད་ཡིན་མདོག་སྟོན་ནས་ལོ་ངོ་དགུ།
འོན་ཀྱང་ཁེར་བཞུད་ལམ་སྣེ་མ་ཟིན་ནོ།།

 


2018/3/19/

 

བརྒྱུད་སྐུལ།

མཆན་སྤེལ།