གཙང་གི་མཁན་ཆེན་ཧའོ་རིན་པོ་ཆེས་བརྩམས།
དོན་ཆེན་ཐུག་དུས་སྒྱིད་པ་འདར། །
དོན་ཆུང་བྱེད་ལ་ངར་ཤ་བསྐྱེད། །
དེ་ཡང་ལྐུགས་པའི་བློ་ཁོག་ཡིན། །
མ་གྲུབ་གོང་ལ་ཁ་ནས་ལུད། །
གྲུབ་པའི་འབྲས་བུ་ཤིན་ཏུ་རིང་། །
དེ་ཡང་ལྐུག་པའི་སྤྱང་རྟགས་ཡིན། །
སྐྱོན་ཆུང་མཐོང་ན་འུར་སྒྲོགས་བྱེད། །
ཡག་ཆུང་མཐོང་ན་ཆེན་པོར་བརྗོད། །
དེ་ཡང་ལྐུག་པའི་མཁས་རྟགས་ཡིན། །
དོན་ཆུང་བྱས་ན་བཟང་པོར་བརྩི། །
དོན་ཆེན་ཆེན་པོར་མི་ཤེས་པ། །
དེ་ཡང་ལྐུག་པའི་ཤེས་མདོག་ཡིན། །
ཆོས་མཐུན་ཆོས་སུ་མི་མཐོང་ཞིང་། །
མི་མཐུན་ཆོས་སུ་མཐོང་ཞིང་འབད། །
དེ་ཡང་ལྐུག་པའི་ཆོས་ལུགས་ཡིན། །
ཕྱོགས་ཡོངས་མཐོང་བ་ཤིན་ཏུ་དཀོན། །
ཕྱོགས་གཅིག་མཐོང་ན་ཀུན་གླེང་བྱེད། །
དེ་ཡང་ལྐུག་པའི་བྱ་སྤྱོད་ཡིན། །
མངོན་པའི་སྐྱོན་ཡོན་ཤེས་ན་ཡང་། །
ནམ་མཇུག་སྐྱོན་ཡོན་བཙལ་མི་ཤེས།།
དེ་ཡང་ལྐུག་པའི་ཤེས་ཚད་ཡིན། །
མངོན་པའི་སྐྱོན་ཡོན་ཤེས་མ་ཐག །
དེ་ཉིད་ཁོ་ནར་བླང་དོར་བྱེད། །
དེ་ཡང་ལྐུག་པའི་འཇོན་ཐང་ཡིན། །
དུས་དང་དུས་མིན་མི་དབྱེ་ཞིང་། །
དེ་མ་ཉིད་དུ་དགོས་ཞེས་སྨྲ། །
དེ་ཡང་ལྐུག་པའི་དམ་འཛིན་ཉིད། །
སེམས་ཀྱིས་མཐའ་ལ་སྐོར་མི་ཤེས།།
ས་ཡི་མཐའ་མ་སྐོར་ལ་བྲེལ། །
དེ་ཡང་ལྐུག་པའི་ཤེས་རྒྱ་ཡིན། །
མ་རབས་ལས་ལ་ཤིན་ཏུ་གྲུང་། །
ཡ་རབས་བསླབ་ཀྱང་ཤེས་པ་དཀའ། །
དེ་ཡང་ལྐུག་པའི་ཆེ་རྟགས་ཡིན། །
ལྐུག་པའི་རྟགས་མཚན་འདི་དག་ཀྱང་། །
རང་ལ་ཡོད་མེད་མི་སེམས་པ། །
དེ་ཡང་ལྐུག་པའི་གཏམ་བརྗོད་ཡིན། །
མངོན་གྱུར་ཤེས་ལ་ལྐོག་མི་ཤེས། །
ད་ལྟ་མཐོང་ལ་རྗེས་མི་ཤེས། །
ལྐུག་པའི་མདོ་དོན་ཕྱོགས་བསྡོམས་ཡིན། །
རང་གིས་རང་ལ་བརྟག་པའི་ཕྱིར། །
ལྐུག་པའི་ཚོམ་ཡིག་ཅུང་ཙམ་སྤེལ། །
ཚེ་རབས་ལྐུག་གྲལ་མ་སླེབ་ཤོག །
ལྐུག་པའི་རྣམ་བཞག་མང་ན་ཡང་། །
དེ་ཙམ་ཞིག་གིས་འཐུས་པར་བྱས། །
དེ་རིང་དྲྭ་ཐོག་དེ་ཙམ་ཡིན། །
རྨོངས་བུ་ཧ་ལོས། ༢༠༡༨-༥- ༡༣ ལའོ།།